རིག་འབྱུང་རྒྱ་མཚོ།
བསྟན་འཛིན་ཤེས་རབ་ཀྱིས་ཆོས་ཤེས་བ་ལས་ཆབ་སྲིད་ཤེས་ཀྱི་མི་འདུག བོད་མིས་ཡོད་ཚད་རྒྱ་ནག་ལ་སྤྲད་ན་རྒྱ་མི་དགའ་བ་ཆོས་ཉིད་ཡིན་ལ། རྒྱ་དགའ་ཆེད་བོད་ཀྱིས་ཡོད་ཚད་བློས་བཏང་བྱེད་ག་ལ་ཐུབ་སྟེ། མི་ཐུབ་སྟེ། རྒྱ་དང་མི་སེར་སྤེལ་བའི་འདོད་རྔམ་ལ་ཚད་གཞི་མེད་པས་ཡིན། ཁོང་དེ་སྔོན་གྲྭ་བ་ཡིན་ཞིང་སྦྱིན་བདག་ལ་བརྟེན་པའི་བསམ་བློའི་འདུ་ཤེས་དང་་དྲི་མ་ད་དུང་ཡང་ཡལ་མེད་པས་བསམ་བློ་དེ་་ལྟར་འཁོར་བ་ཡིན་ཤས་ཆེ། རྒྱུ་མཚན་ནི་ཁོང་གིས་གསུངས་བ་བཞིན་གཉིས་སྟོང ༢༠༠༨ ལོར་གསར་བརྗེའི་ལས་འགུལ་གྱིས་ཁོང་དང་རྒྱ་ནག་གི་གྲོགས་པའི་འབྲེལ་བར་དོ་ཕོག་སོང་བའི་སྙིང་ནད་གསལ་སྟོན་མཛད་པས་ཡིན། ང་ཚོས་ཤེས་གསལ་ལྟར། དགེ་འདུན་པ་དང་བོད་ཀྱི་ཆོས་པ་ཚོ་རྒྱ་ནག་གི་གྲོགས་པོ་ཟེར་བ་ནི་དོན་གྱིས་སྦྱིན་བདག་གམ་སློབ་མ་ཟེར་བའི་དོན་ཡིན་ཞིང་། དེ་ལས་ཁ་གསལ་བཏང་ན་སྒོར་མོ་རེད། སྦྱིན་བདག་དང་འབྲེལ་བ་ཆད་ན་དངུལ་གྱི་གྱོང་གུད་ཐེབས་པ་ཀུན་གྱིས་ཤེས་སླ་ལ། ཚོང་པ་ཞིག་ལ་མཚོན་ན་ཚོང་ལམ་གཅིག་འགགས་པ་དང་གཅིག་མཚུངས་རེད། ཚོང་ལམ་འགག་པའི་ཉེར་ལེན་གྱིས་ཚེ་སྲོག་བཏང་མཁན་དང་། བཏང་མཁན་དང་འདོད་འདུན་མཐུན་མཁན་གྱི་མི་མང་ཀུན་ལ་འཁང་སེམས་བཟུང་ན་དེ་ནི་ཕྱོགས་གཅིག་གི་ལྟ་སྟངས་ལས་ཡོང་ཁྱབ་ཅིག་མིན། རྒྱུ་མཚན་ནི་ཚེ་སྲོག་བཏང་མཁན་ཀུན་བསམ་མེད་ཀྱི་སྐྱ་སྟོང་བ་མིན་ལ། དེ་དང་འདོད་འདུན་མཐུན་མཁན་ཀུན་དབྱེན་དཀྲུགས་པ་མིན་པས་ཡིན།
རྒྱ་ནག་གིས་ཅི་ལྟར་རྡུལ་ཕྲན་མཚོན་ཆ་འཕང་ནས་བོད་ས་ཡོད་ཚད་གཏོར་ཐུབ་བམ། བོད་ལ་ཚད་ལྡན་གྱི་གྲོང་ཁྱེར་ཞིག་མེད་པས་རྡུལ་ཕྲན་གྱིས་བོད་ལ་དེ་ཙམ་གནོད་སྐྱོན་བཏང་མི་ཐུབ། རྒྱ་མཚན་ནི་བོད་མི་རྣམས་ཁ་ཐོར་དུ་གནས་ཤིང་གྲོང་སྡེ་རེ་ལ་རྡུལ་ཕྲན་རེ་འཕང་ན་རྒྱ་ནག་གི་འགྲོ་སོང་གིས་ཀྱང་མི་འདང་ལ། རྒྱ་སྤྱིའི་ཁྲིམས་ལུགས་ཀྱིས་དེ་ལྟར་ཡོང་དུ་བཅུག་ཐབས་མེད་དེ། བོད་ཀྱི་ཆུ་པོ་རྣམས་ནི་རྒྱ་ནག་ཐེ་བའི་ཉེ་འདབས་ཀྱི་རྒྱལ་ཁབ་ཀུན་ལ་འབྲེལ་ཞིང་དེ་དག་ལ་རང་བཞིན་གྱིས་གནོད་པས། དེ་ལྟར་བཤད་མཁན་གྱི་རྒྱ་མི་རྣམས་ནི་རྒྱ་སྤྱིའི་ཤེས་ཡོན་མེད་མཁན་ནམ་གནས་སྐབས་ཀྱི་ཁོང་ཁྲོའི་སེམས་འཚོར་ཙམ་རེད། འོན་ཀྱང་། བོད་མི་རྣམས་ཀྱིས་རང་ལུས་མཆོད་མེད་འཕོས་བའི་ལོ་རྒྱུས་འདིས་རྒྱ་ནག་གཞུང་མང་གཉིས་ལ་ཁ་འདོག་བྱེད་ས་མེད་པའི་ངང་ལྷག་ཅིང་ད་དུང་ཡང་ལྐུག་པར་ལུས་ནས་ཡོད། རྒྱ་མཚན་ནི་གནས་ཚུལ་སུ་འགྲེལ་བཤད་གནང་ཡང་དབང་སྒྱུར་བའི་སྐྱོན་ལས་གཉའ་གནོན་མྱོང་མཁན་གྱི་ཞེན་ཆ་མིན་པ་ཀུན་གྱིས་ཤེས་བས་རེད། དེ་ནི་མི་རིགས་ཀྱི་རྣམ་དཔྱོད་བེད་སྤྱོད་བཏང་ཏེ་བཙན་རྒྱལ་རིང་ལུགས་ལ་འགོག་རྒོལ་བཏང་བའི་བླ་མེད་ཀྱི་བགྲོད་རེད་ལ། རྒྱ་ནག་གི་མཚན་སྙན་གཏོར་སྐྱོན་བཏང་བ་མེ་རྒྱོགས་ལས་ཀྱང་སྡུག་པས་བཙན་གནོད་མྱོང་མཁན་གྱི་མི་སུ་ཞིག་ཡིན་ཡང་དགའ་མི་སྒོམས་མཁན་གྱི་ཤེས་ལྡན་སུ་ཞིག་ཡོད། དེ་ནི་རྣམ་དཔྱོད་དང་བདེན་པའི་ངང་སྟོང་ལོ་བརྒྱད་ཀྱི་ལས་འགུལ་ཁྲོད་གནར་གཅོད་ཕོགས་པའི་དཔའ་བོ་ཚོའི་སྙིང་ནད་གསོད་ཐབས་རེད་ལ། གཉིས་སྟོང་བརྒྱད་ཀྱི་གསར་རྗེས་ཀྱི་ལས་འགུལ་གྱིས་སྤྲད་པའི་བསླབ་བྱ་རེད། གཏམ་དཔེ་ལ། དཔགས་བསམ་ཤིང་ལ་འཛེགས་རྒྱུ་བྱུང་ན།། གྱོས་ཆེན་གྱོན་པ་རལ་ཡང་རལ།། ཞེས་བའི་དོན་ལས་མ་འདས།
གལ་སྲིད་བོད་མིས་རྨ་ཆའི་ཆུ་མཛོད་གཏོར་བ་ཡིན་ན་དེ་ལས་ལྟོག་སྟེ་རྒྱ་ནག་པ་ས་ཡ་མང་བོའི་ཚེ་སྲོག་ལ་དཀའ་ངལ་འཕྲད་ངེས་ཡིན། ནེ་གྲོ་མཐུན་ཚོགས་ཀྱི་དྲ་ལིའི་བྷན་རྩ་མེད་རྒྱུའི་འདོད་སེམས་བཅང་ཡང་བཟོ་མ་ཐུབ་པ་ད་ལྟ་ཐ་ཆད་འུ་ཐུག་ཏུ་གྱུར་དང་གྱུར་བཞིན་ངང་ཞི་མོལ་གྱི་རེ་བ་བཅང་བ་ལྟར་བོད་མི་རྣམས་ཁ་མཐུན་ན་དེ་ལྟར་འགྲུབ་རྒྱུ་ལས་སླ་བོ་རེད། འོན་ཀྱང་། དཔའ་རྒོད་རྣམས་ཀྱིས་ཚེ་སྲོག་མ་བཏང་ན་བོད་མི་རྣམས་ཅི་ལྟར་ཁ་མཐུན། སྙིང་ནད་ཅི་ལྟར་སྐྱེས། སྡུག་བསྔལ་སུ་ཡིས་རྟོགས། དཀའ་ངལ་སུ་ཡིས་འཚོར། མི་འཚོར་ཏེ། ཁ་ནས་བཤད་པ་ཙམ་གྱིས་འཚོར་མི་ཐུབ་ལ། གཞན་གྱིས་མྱོང་མི་ཐུབ་པས་ཚེ་སྲོག་བཏང་པའི་དཔའ་རྒོད་རྣམས་ཀྱི་སྐུ་སྲོག་ཡལ་བ་ནི་གཟི་བརྗིད་ལས་འཕངས་སེམས་ཤིག་སྐྱེས་མི་དགོས་ཏེ། དེ་ནི་ཁོང་ཚོའི་ཕུགས་འདུན་ཡིན་པས་ཡིན། ཁ་ཤས་ཀྱིས་རང་ཅག་གི་ཚེ་སྲོག་གཅིག་ཡིན་རུང་བོད་ཀྱི་གནད་དོན་ལ་མཚོན་ན་ཧ་ཅང་རྩ་ཆེན་ཡིན་བཤད་ཀྱང་། མི་ནི་དུད་འགྲོ་ལྟར་རིགས་རྒྱུུད་སྤེལ་ན་འཕེལ་བས་གྲངས་འབོར་སེམས་ན་རིགས་རྒྱུད་སྤེལ། གྲྭ་གཙུན་ཉུང་དུ་རེམ། ཁོང་ཚོས་དེ་ལྟར་བློས་བཏང་གནང་བ་ནི་བོད་མི་རྣམས་སྔར་ལས་གཅིག་སྒྲིལ་ཡོང་ཐབས་དང་རྒྱ་ནག་གི་བསླུ་བྲིད་འོག་ལས་རྨོངས་གཉིད་སེལ་ཐབས། འཛམ་གླིང་གིས་བོད་ཀྱི་སྡུག་བསྔལ་འཚོར་ཆེད་རེད། དེ་ལྟར་འཚོར་བ་ཡིན་ན། ཁོང་ཚོ་ལྟ་བུ་བོད་མི་བརྒྱ་ཕྲག་ལས་བརྒལ་ནས་ཁྲི་སྟོང་མང་པོ་ཡོང་བ་མ་ཟད། དེའི་བོད་མི་རིགས་འདི་སུས་ཀྱང་གཞོམ་མི་ནུས་པའི་རླབས་ཆེན་གྱི་སྐྲུན་ངེས་རེད་ལ། རྒྱའི་སྦྱིན་བདག་སོགས་ལ་བརྟེན་མི་དགོས་བ་བོད་རྣམས་ཀྱིས་འཇིག་རྟེན་གྱི་མི་སྤྱི་མཚུངས་ལྟར་རང་ཁ་རང་གསོ་བྱེད་ངེས་རེད། དེ་ལྟར་མིན་པར་འཆི་རྒྱུར་ཞེ་ན། བོད་མིས་རྒྱ་ཡི་བཀའ་གསུངས་ལྟར་སྒྲུབ་ནས་བྲན་འོག་ཏུ་རིག་གཞུང་དང་སྐད་ཡིག་ཀུན་འཇའ་མཚོན་བཞིན་ཡལ་ཏེ། ཁོང་ཚོ་ལྟ་བུ་དཔའ་རྒོད་ཁྲི་སྟོང་ཡོང་བ་ལྟ་ཅི་གཅིག་ཀྱང་ཡོང་ཐབས་མེད་ལ། བོད་མི་བཅུ་གཉིས་ལྟ་ཅི། བོད་མི་ཁྲི་ཕྲག་མང་པོ་རིགས་མིང་བརྗེ་ནས་གཞན་རིགས་སུ་འགྱུར་བ་ཐག་རིང་སར་ལྟ་མི་དགོས་བ། མན་ཇི་དང་སོག་པོའི་ལོ་རྒྱུས་ལས་རྟོགས་ཐུབ་པ་མ་ཟད་བོད་ཀྱི་མཐའ་མཚམས་ལོ་རྒྱུས་ཁག་ལས་དེ་བས་གསལ། སྐབས་དེར་རྒྱའི་སྦྱིན་བདག་རེག་རྒྱུུའང་རིམ་བཞིན་དཀའ་ངལ་འཕྲད་ཅིང་མཐར་བོད་ཀྱི་དགོན་སྡེ་སྦྱིན་བདག་ལ་བརྟེན་པའི་ལམ་སྲོལ་འཇུག་སྒྲིལ་ངེས་རེད། རྒྱུ་མཚན་ནི་བོད་མི་རྣམས་སྟོང་ན་བོད་ཀྱི་དགོན་སྡེ་ཡོང་ཐབས་མེད་ལ། བོད་མི་རྣམས་རྒྱ་རུ་གྱུར་ན་རྒྱ་ནག་པར་བོད་ནི་དམིགས་བསལ་བ་གང་ཡང་མིན་པས་སྦྱིན་བདག་བྱེད་མཁན་ཡང་དཀོན་དུ་འགྲོ་ངེས་རེད། འོན་ཀྱང་སྐབས་དེར་རྒྱ་རུ་གྱུར་བའི་བོད་མི་རྣམས་ལ་སྦྱིན་བདག་དགོས་དོན་ཡང་མེད་དེ། རྒྱ་ལྟར་གྲྭ་གཙུན་དེ་ཙམ་མི་བཟོ་བས་ཡིན།
མི་ཚེ་ནི་མི་རྟག་པ་ཡིན་ཞིང་ནད་མང་ལ་འཆི་སླ་བ་མ་ཟད། རླངས་འཁོར་རྡབ་སྐྱོན་དང་རི་ཉིལ་བར་ཆད་སོགས་གསོན་པའི་གོ་སྐབས་ཉུང་བས། གཤེགས་པ་རླབས་ཆེན་དུ་གཤེགས་ན་བོད་དང་འཛམ་གླིང་མི་མང་ལ་ཕན་པ་ལས་གནོད་པ་མེད། རྒྱུ་མཚན་ནི་ཁོང་ཚོས་དེ་ལྟར་བཏང་བ་ནི་བདེན་དོན་དུ་དང་འཇིག་རྟེན་གྱི་བདེན་པའི་འཐབ་རྩོད་དུ་བཏང་པས་ཡིན། དཔའ་རྒོད་རྣམས། བློ་མ་ཕམ། ཁྱེད་ཚོས་སྒྲུབ་པ་ནི་གནས་ལུགས་དང་མཐུན་ལ་བདེན་དང་མཐུན། གནས་ལུགས་དང་བདེན་པའི་སླད་དུ་ཡོང་ཚད་བཏང་བས་འཛམ་གླིང་མི་མང་གིས་དུས་ཀུན་ཁྱེད་ཚོར་དྲན་ངེས་རེད། བཙན་རྒྱལ་རིང་ལུགས་ཀྱི་མནར་གཅོད་མྱོང་མཁན་དང་ཕམ་ཁ་མྱོང་མཁན་གྱི་བདེན་ཞེན་པ་ཚོས་ལྷག་ཏུ་དྲན་ངེས་རེད། ཁྱེད་ཚོས་བཏང་བ་ནི་དོན་མེད་མིན། སྡུག་སྔལ་ཁོ་ན་མིན། ད་ལྟའི་སྡུག་བསྔལ་དང་བློས་བཏང་ནི་མ་འོངས་བའི་ཚེ་སྲོག་ཁྲི་སྟོང་མང་པོ་གཡང་ལས་སྐྱོབ་ཆེད་དང་རྫོགས་མཐའ་མེད་པའི་བདེ་སྐྱིད་ཅིག་འཇིག་རྟེནའདིར་སྐྲུན་ཆེད་ཡིན་པས་མི་ཚོས་དུས་ཀུན་མཆོད་པ་ཕུལ་ངེས་ཡིན། ཉིན་ཞིག་རྒྱ་ནག་པ་ཁྲི་སྟོང་མང་པོས་ཀྱང་དེ་ལྟར་ཁྱེད་ཚོར་མཆོད་པ་ཕུལ་ངེས་ཡིན།།
༼སྐྱེས་པ་རླབས་ཆེ་ཞིང་ཤི་བ་གཟི་བརྗིད་ཆེ་༽ཞེས་པའི་ཟེར་སྒྲོས་འདི་ནིའང་རྒྱ་དམར་གུང་ཁྲན་གྱི་གཙོ་འཛིན་མའོ་ཙེ་དུང་གིས་༡༩༤༧ལོ་ཡས་མས་སུ་བཤད་པ་ཞིག་ཡིན། ཁོང་གི་གཏམ་བཤད་དེ་ད་ལྟ་ང་ཚོའི་བདེན་དོན་གྱི་ཆེད་དུ་ལུས་སྲོག་འབུལ་བཞིན་པའི་དཔའ་བོ་དཔའ་མོའི་སྟེང་དུ་སྦྱར་ན་ཅུང་ཐལ་དྲག་པ་དང་རྟེན་འབྲེལ་འགོ་ནས་འཆུགས་པའི་ཉེན་ཁ་ལྡན་པས་གཟབ་དགོས།
ཚིག་འདི་ནི་རྒྱ་ནག་གི་གཙོ་འཛིན་གྱི་སྐད་ཆ་མིན་ཞིང་གནས་ལུགས་ཀྱི་སྐད་ཆ་ཡིན། གནས་ལུགས་ཀྱི་སྐད་ཆ་མོའོ་ཡི་སྐད་ཆ་རེད་ཟེར་ན་ཅུང་མཐའ་དྲགས་པའི་སྐྱོན་དུ་སེམས། དྲང་མོ་བཤད་ན་མོའོ་ཡི་དེ་ལྟར་བཤད་པ་ཞིག་ཕྲན་ལྟ་རྒྱ་ཆུང་མེད་ན་གོ་མྱོང་མེད། ཤོག་གྲངས་གང་ན་འདུག གསུངས་དང་ཀྱེ། སྐུ་ཞབས་ལགས།
གལ་སྲིད་ལྟས་དབང་གིས་དེ་ལྟར་མཐུན་པའི་དབང་དུ་བཏང་ཡང་མོའོ་ལ་རྒྱ་ནག་གསར་རྗེས་ཀྱི་རྒྱལ་ཁ་ཐོབ་པ་བཞིན་བོད་ལའང་ཉིན་ཞིག་རྒྱལ་ཁ་ཐོབ་པས་བཀྲ་ཤིས་ཀྱི་མཚན་མ་ཉིད་དུ་འདོད་དོ།
རིག་འབྱུང་གི་དགོང་བཞི་དང་རེད་སྐུལ་འཐབ་ཕྱོག་དེ་ནི་དངོས་སུ་བོད་པ་ཉམ་ཆུང་དང་ལྷག་པར་དུ་༧རྒྱལ་བ་རིན་པོ་ཆེ་ལ་དད་འདུན་ཡོད་མཁན་བོད་ནང་གི་བོད་མི་དེ་ཚོའི་ཤན་གྲི་ཡིན།
ཁྱོད་རང་འདྲ་བའི་མི་ངན་ཁ་ཤས་དང་རྒྱ་མི་གུང་ཕྲན་གི་ཤན་པ་དེ་ཚོས་ངོ་ཚོ་བོད་མི་རྩ་བརླགས་འགྲོ་བའི་ཉན་ཁ་ཤིན་ཏུ་ཆེ།
བསྟན་འཛིན་ཤེས་རབ་ཨམ་དེས་༢༠༠༨ལོའི་བོད་ནང་གི་ཞི་རྒོལ་གྱི་འབྱུང་རྐྱེན་ཚང་མ་བཙན་བྱོལ་ཁྲོད་ཀྱི་ཚོགས་སྡེ་འགའ་རེའི་མགོ་ལ་དབྱུག་འདུག་པ་མ་ཟད། ད་དུང་ཁོང་ཁྲོ་ཆེན་པོ་ལང་རབས་བཤད་འདུག་པ་ནི་མདོར་བསྡུས་ན་སྦྱིན་བདག་རྒྱ་མོ་ཁ་ཤས་ལ་ཕོག་ཐུག་སོང་བའི་དབང་གིས་ཡིན་པ་གསལ་པོ་བསྟན་འདུག། དེས་ན་རྒྱལ་ཁབ་དང་སྒོར་མོ་བརྗེ་མཁན་གྱི་མི་འདི་རིགས་ལ་ཚང་མས་གཟབ་དགོས་རྒྱུ་གལ་ཆེ།
འཐབ་རྩོད་མ་བྱས་ན་རྩ་བརླགས་སུ་འགྲོ་རྒྱུ་ལས་འཐབ་རྩོད་བྱས་ན་རྩ་བརླགས་འགྲོ་ཚུལ་གླེང་བ་ནི་གནས་ལུགས་གོ་ལྡོག་གི་སྐད་ཆ་རེད། འཐབ་རྩོད་བྱེད་མི་དགོས་ན་བཙན་བྱོལ་དུ་སྡོད་པ་ལྟོ་གོས་ལས་གཞན་ཅི་ཡང་ཡིན་རྒྱུ་མ་རེད་ལ། བཙན་བྱོལ་སྒྲིག་འཛུགས་འཛུགས་དགོས་ཡོན་ཡང་ཡོད་རྒྱུ་མ་རེད།
བོད་དང་ཧི་མ་རིགས་རྒྱུད་ཀྱི་བོད་དང་རིག་གཞུང་གཅིག་པ་ཀུན་རྩ་བརླགས་འགྲོ་རྒྱུ་རྒྱ་ནག་གཅིག་པུ་མ་ཡིན་པ་རྒྱ་བལ་གཉིས་ཀྱི་སྲིད་དོན་མི་ཉུང་བ་ཞིག་གི་དགོས་འདུན་ཡིན། འཐབ་རྩོད་མེད་ན་བོད་འདི་བརླགས་རྒྱུ་ལས་མེད།
བོད་མིས་ཆད་དུ་ང་ཚོས་འཐབ་རྩོད་བྱེད་གི་ཡོད་དུས་བོད་མིས་ཚེ་སྲོག་དེ་ཤིན་ཏུ་གཅེས་པ་འཛིན་དགོས། ང་ཚོའི་འཐབ་རྩོད་དེ་བོད་མིས་བདེ་སྐྱིད་དང་བོད་མིས་རིགས་གཞུངས་གི་ཆད་དུ་ཡིན། ང་ཚོའི་མི་ཅིག་གི་ཚེ་སྲོག་ཤིན་ཏུ་རྩ་་ཆེན་ཡིན་གལ་སྲིག་བོད་མིས་ཚེ་སྲོག་མེད་ན་འཐབ་རྩོད་མེད། ང་ཚོ་འདི་ནས་བོད་དོན་ཡིན་འདོག་གིས་སྐད་ཆ་གང་འབྱུང་བཤད་ནས་བོད་ནང་གི་བོད་མི་དེ་ཚོའི་ཚེ་སྲོག་དང་བདེ་སྡུག་ལ་བསམ་ཞིབ་མི་བྱེད་པ་ཕྱི་ལ་ཚོ་ཚོ་ཟེར་བ་ནང་བཞིན་བློ་ངན་བཅང་བ་དེ་ཚོ་ལ་ངོ་རྒོལ་ཡོད།
རླབས་རྒྱུན་འདི་དག་གུང་དམག་ཚང་གིས་བསླབས།།
བློས་གཏོང་འདི་དག་གུང་དམག་བཙན་པོས་བཟོས།།
མཚན་སྙན་འདི་དག་གུང་དམག་འཁྲུག་སྐབས་དར།།
སྐྱེས་འཆི་འདི་དག་གུང་དམག་ཞི་བའི་སླད།།
རང་ཉིད་ཀྱིས་ལུས་སྲོག་བློས་བཏང་མ་ཐུབ་ཀྱང་ཐུབ་མཁན་གྱི་དཔའ་རྒོད་རྣམས་ལ་དད་གུས་དང་མངགས་བརྗོད་ཡོད། དཔའ་རྒོད་རྣམས་ནི་ཁྱེད་ཚོས་བཤད་པ་ལྟར་མི་ཁ་ཉན་མཁན་གྱི་གཅམ་བུ་ཤ་སྟག་རེད་དམ་སྙམ་རྒྱུ་ཡོད་དམ། དེ་ནི་ཁོང་ཚོས་ཆོེད་སེམས་ལས་གཞན་གྱི་རྒྱུད་སྐུལ་མ་རེད་ལ། གཞན་གྱི་རྒྱུད་སྐུལ་གྱི་རང་སྲོག་འདོར་ག་ལ་ཐུབ། དེ་ནི་རྒྱ་ནག་སྲིད་ཀྱིས་མི་རྣམས་ཐབས་ཟད་འུ་ཐུགས་སུ་གྱུར་ནས་བྱུང་བ་རེད། དེ་ནི་འཛམ་གླིང་གི་རང་ལུས་མཆོད་མཁན་གྱི་དཔའ་རྒོད་འདི་དག་གི་རྒྱུད་སྐུལ་ཉན་མཁན་གྱི་བྱིས་བ་ཤ་སྟག་རེད་དམ།
ངན་པ་འདི་ཚོ་ནང་ལ་སྡང་།། ཕམ་ཁ་མྱོང་ན་ནང་ལ་སྨོད།། སྡུག་བསྔལ་མྱོང་ཚེ་གྲོགས་ལ་བཀྱོན།། དཀའ་ངལ་རིག་ཚེ་ཆུང་མ་གཅར།། དེ་ན་མི་རུ་སྐྱེས་བ་ཡང་།། ཨ་མ་ལེན་པས་ཡོང་བ་འདྲ།། ཨ་མ་མེད་ན་སྐྱེས་བ་མེད།། སྐྱེས་བ་མེད་ན་འཆི་བ་མེད།། འཆི་བ་མེད་ན་བདེ་སྡུག་་མེད།། བདེ་སྡུག་མེད་ན་མྱོང་བ་མེད།། མྱོང་བ་མེད་ན་རྩོད་པ་མེད།། རྩོད་པ་མེད་ན་བཙན་འཛུལ་མེད།། བཙན་འཛུམ་མེད་ན་འཐབ་འཁྲུག་མེད།། འཐབ་འཁྲུག་མེད་ན་འཆི་སྐྱོན་མེད།། འཆི་སྐྱོན་མེད་ན་བཀྲ་ཤིས་རེད།། སྐུ་མདུན་བཙན་བྱོལ་ཕེབས་པ་ཡང་།། ནོར་འཁྲུལ་རྣམས་ཀྱི་ཁུང་རེད་པས།། སྐུ་མདུན་རྒྱ་གར་བྲོས་མེད་ན།། བཙན་བྱོལ་བོད་གཞུང་འཛུགས་དོན་མེད།། བཙན་བྱོད་བོད་གཞུང་བཙུགས་མེད་ན།། བོད་ཀྱི་རྩ་དོན་གསོན་ཤུགས་མེད།། གསོན་ཤུགས་མེད་པའི་འཐབ་རྩོད་ལ།། རྒྱབ་སྐྱོར་བྱེད་མཁན་སུ་ཞིག་མཆིས།།
དེ་ཙམ་བྱོས།
ང་ཚོ་བོད་མི་ཞིག་ཡིན་ཚུན་ཚེ་སྲོག་བློས་འཏང་ཉན་དེ་ཚོ་ལ་ཤ་ཚ་དང་སྙིང་རྗེ་མེད་མཁན་ཞིག་ཡོད་མི་སྲིད། དེ་ཚོའི་ཆད་དུ་ཤ་ཚ་དང་སྙིང་རྗེའི་མཆོད་འབུལ་བྱས་འོས་པ་རེད། ཡིན་ན་ཡང་དེ་ཚོ་ལ་སྙིང་སྟིང་ནས་ཤ་ཚ་དང་འཕང་སེམ་ཡོད་ན། དཔའ་རྒོད་དང་དཔའ་ཐུལ་ཟེར་ཞིང་རྒྱུད་སྐུལ་བྱད་མི་འོས། ཁོ་ཚོས་རང་སྲོག་བློས་བཏང་བའི་སྐྱེན་ནི། ཅིག་ནས་རྒྱ་ནག་ལས་བྱད་མི་སྣས་༧གོང་ས་མཆོག་ལ་མཚན་སྨས་དང་མ་དྲང་བའི་སྲིད་གི་སུན་རྩི་གཟོ་ཆེ་དྲག་པས་ཡིན། གཉིས་ནི་༧གོང་ས་མཆོག་ལ་དད་འདུན་དང་ཡིག་ཆེས་བོད་གི་ཆོས་སྲིད་ལ་དགའ་ཞེན་ཆེ་དྲག་པས་ཡིན། གསུམ་ནི་མི་ངན་ཁྱོད་ཚོ་འདྲ་པོ་མང་པའི་རྒྱུད་སྐུལ་གི་རྐྱེན་པས་ཡིན། རང་ངོས་ནི་རྒྱ་ནག་གི་སུན་རྩི་ལ་བཟོད་རྒོམ་གྱིས་ཟེས་མི་ཤེས། གོང་ས་མཆོག་ལ་མ་དད་ཟེར་མི་འོས། ཡིན་ན་ཡང་ངན་སྐུལ་བྱས་ཉན་དེ་ཚེའི་སེམས་ལ་བོད་མིས་ཆད་དུ་སྙིང་རྗེ་དང་འཕང་སེམས་ཏོག་ཙམ་སྐྱེས་རོག་ཞུ་གི་ཡོད།
སྙིང་ནད་ཡོད་ན་རྒྱ་ལ་སྡུག་དགོས་བ་ལས་ནང་ཁུལ་དུ་སྐད་སྟོང་བཤད་མི་ཉན། ཁོང་ཚོ་དཔའ་རྒོད་མིན་ན་ཅི་ཞིག་རེད། གླན་པ་རེད་པས མི་ངན་གྱི་ཁ་ལ་ཉན་མཁན་གྱི་གླན་པ་རེད་པས། རྒྱུད་སྐུལ་གྱི་འདོད་འདུན་ཅི་ཡང་མིན་ཡང་ཁོང་རྣམས་དཔའ་རྒོད་ཡིན་པ་དོན་དངོས་ཡིན་པས་དེ་ལྟར་སྨྲས་ཤིང་རྒྱབ་སྐྱོར་བྱེད་པ་ཡིན། རྒྱབ་སྐྱོར་བྱེད་རྒྱུ་ནི་ལུགས་མཐུན་ཡིན། ཁྱེད་ཚོས་རྒྱབ་སྐྱོར་ཞུ་མ་ཐུབ་ན་ཞུ་མཁན་ཚོ་ངོ་རྒོལ་མ་བྱེད། དེ་ནི་ཁོང་ཚོའི་ཐོབ་ཐང་རེད།
ཁོང་ཚོའི་རིན་ཐང་གི་ཚེ་སྲོག་བཏང་བ་རྒྱབ་སྐྱོར་ཙམ་ཞིག་བྱེད་མ་ཐུབ་ན། ཁོང་རྣམས་སྙིང་རྗེ། ནང་མི་སྤྲུན་མཆེད་ཚོ་སྙིང་རྗེ། ཁོང་ཚོའི་ཕམ་ཁ་མྱོང་བའི་སྒང་རོགས་སྐྱོར་མེད་ན་སྡུག་གི་སྒང་དུ་འཁུར་བོ་ལས་ཅི་ཡང་མིན་པས་བསམ་བློ་ཞིབ་ཏུ་བཏང་ནས་སྐད་ཆ་བཤད། ཁྱེད་ཚོས་སྐད་ཆས་རྒྱ་ནག་གིས་བོད་ལ་ད་ལྟ་སྲིད་བྱིས་འཛིན་པ་གྲུབ་འབྲས་ཐོན་པའི་དཔང་བོའི་གྱུར་ཞིང་། རྒྱ་ནག་མུ་མཐུད་དུ་དྲག་པོའི་སྲིད་ཇིས་བཟུང་ནས་བོད་མི་ཁྲི་ཕྲག་མང་པོས་ཚེ་སྲོག་འཕྲོག་ངེས་རེད། རང་གིས་ཚེ་སྲོག་བཏང་མི་ཐུབ་ཀྱང་བཏང་མཁན་དང་བཏང་ཚོ་རྒྱབ་སྐྱོར་བྱེད་མཁན་ཚོ་མི་དམོད་པ་ཞུ། དེ་ལྟར་དམོད་ན་བཏང་མཁན་ཚོ་ལུས་སྲོག་དོར་སྟོང་ཟད་དུ་འགྱུར་སྲིད་པས་བསམ་བློ་ལྐུག་པ་བ་བཏང་། རྒྱ་ནག་གི་ལག་གཡོག་མིན་ན་དེ་ལྟར་མ་བྱེད།
གོང་དུ་ཅོག་རོང་གི་མྱིས་བརྗོད་པ་བཞིན། “སྐྱེས་པ་རླབས་ཆེ་ཞིང་ཤི་བ་གཟི་བརྗིད་ཆེ་” ཟེར་བའི་སྐད་ཆ་ཞིག་རྒྱ་དམར་གྱི་སྲིད་འཛིན་མའོ་ཙེ་ཏུང་གིས་བཤད་ཡོད་དྲན། བཤད་ས་དེ་ཡང་གྲོང་གསེབ་བུ་མོ་ཆུང་ཆུང་”ལེས་ཧུའུ་ལེན་”ཟེར་བ་དེ་རེད་། རྒྱ་ཡིག་དང་བོད་ཡིག་གི་ཀློག་དེབ་དེ་ཚོའི་ནང་དུ་”དཔའ་མོ་ལེས་ཧུའུ་ལེན་”ཞེས་བྲིས་ཡོད་དྲན། རྒྱུ་མཚན། ངས་ཀྱང་སློབ་ཆུང་གི་སྐབས་སུ་སློབ་ཚན་དེ་བཀླགས་མྱོང་། གཞན་། ཁྱེད་ཀྱི་རྩོམ་འདི་ལ་བསམ་ཚུལ་མེད་།
དངོས་གནས་མོའོ་ཡི་སྐད་ཡིན་མིན་ཤེས་ལ་དེ་སྔོན་ཡིན་པའི་དོགས་པའང་མེད། འོན་ཀྱང་། རིག་འབྱུང་གི་དེ་ལྟར་གསུངས་བས་ཕྲན་གྱིས་མོའོ་ཡང་སྐད་ཆ་དེ་ལྟར་གསུངས་ཡོད་པའི་ཐེ་ཚོམ་སྐྱེས། ངེས་ཤེས་རྙེད་རྒྱུའི་སླད་དུ་སྒྲུང་ཆ་ཚང་དྲ་ཐོག་ཏུ་བཀོད་ཐུབ་ན་ཕན་ཐོགས་ཡོད་ངེས་རེད།
ངས་བསྟན་འཛིན་ཤེས་རབ་ཀྱིས་”སྐྱེས་པ་རླབས་ཆེ་ཡིན། གཅེས་སྤྲས་གནང་རོགས”གསུངས་བ་ནི་བདེན་པ་ཡིནའང་། ཤི་བ་ཐམས་ཅད་གད་སྙིགས་དང་རིན་མེད་མིན་ཞིང་དཔའ་རྒོད་རྣམས་ཀྱི་བཞུར་ཤུལ་དུ་གཟི་འོད་རབ་ཏུ་འབར་ཞིང་བརྗིད་ཉམས་འཛམ་གླིང་གི་གསར་ལམ་གྲགས་ཅན་BBC, CCNསོགས་རྒྱུད་ནས་འཇིག་རྟེན་གྱི་མི་ཚང་མས་གོ་ཞིང་གླེང་བས་གཟི་བརྗིད་རེད་བརྗོད་པ་ཡིན། དེ་ནི་ངའི་བསམ་བློ་ལ་མོའོ་ཡི་ཤུགས་རྐྱེན་ཐེབས་ཅི་ཡང་མིན་ཡང་གནས་ལུགས་དང་མི་མང་གིས་ཚིག་འདི་ངའི་བསམ་བློ་བསྐྲུན་པས་འགོ་བརྗོད་དུ་བཀོད་པ་ཡིན།
གལ་སྲིད་མོའོ་ཡིས་དེ་ལྟར་གསུངས་ཀྱང་གནས་ལུགས་དང་རྒྱུན་རིམ་གྱིས་མཐུན་ཕྱོགས་གཅིག་ཏུ་བསྒྲིགས་པ་ལས་ཕྲན་ནི་མོའོ་ཡི་གསུངས་རྩོམ་ཀློག་མཁན་ཞིག་ཀྱང་མིན། འོན་ཀྱང་རྣམ་པ་གཉིས་ཀྱིས་དེ་ལྟར་གསལ་བཤད་གནང་བ་ཐུགས་རྗེ་ཆེ། དྲན་པ་ཙམ་མིན་པ་མོའོ་ཡི་སྐད་ཆ་རྣལ་མ་ཕབས་གལ་ཡོང་བ་ཞུ།
མོའོ་ཡིས་བཤད་པ་ལྟར་ང་ཚོ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ་ངོ་མ་གསོན་པ་ནི་རླབས་ཆེ་བ་དང་འཆི་བ་ནི་གཟི་བརྗིད་རེད། འོན་ཀྱང་མི་ཀླད་མེད་ཁ་ཅིག་གིས་ཁོང་རྣམས་པའི་བློས་བཏང་ལ་ནོར་ཚུལ་བརྗོད་པ་ནི་ངོ་ཚ་དགོས་པ་རེད། ང་ཚོ་ལྟ་བུ་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རྒྱུ་ཤུགས་སྒོར་བརྒྱ་ཙམ་དང་མི་ཤུགས་མར་མེའི་ཁྲོམ་སྐོར་ཙམ་འགྲོ་བ་ཡང་མི་ནུས་པ་རྣམས་ཀྱིས་རིན་ཆེའི་སྐུ་གཟུགས་ཡན་ཆད་བློས་བཏང་བའི་དཔའ་བོ་རྣམས་ལ་ནོར་མི་ནོར་བཤད་ཆོག་པའི་ཐོབ་ཐང་ག་ལ་ཡོད།
གསོན་པ་རླབས་ཆེ་ནི་མོའོ་སྐད་ཆ་མ་རེད། ཁུངས་ལུང་མི་འདུག སྐད་རྫིག་པོ་ཡོད་ན་མོའོ་དང་དང་གཞན་ཞིག་གི་ཡིནཚུལ། ཐེབས་ཞིག་ཡོད་ན་མོའོ་ཡིན་ཡང་མིན་ཚུལ་ལབ་པ་ནི་ཀླད་མེད་ཀྱི་རྟགས་རེད།