རྡོ་རྗེ་དབང་ཕྱུག་ལགས་ཀྱི་ཟིན་བྲིས་ནས་བླངས།
ཅི་ཡང་དྲན་ཆོག་པ་ནས་གང་ཡང་སྒྲུབ་ཆོག་པ་ནི་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་ཐོབ་ཐང་ཁོངས་ཡིན་ཀྱང་སྒྲུབ་ཆོག་མིན་གྱི་དབང་དུ་བྱས་པའི་ས་མཚམས་ཤིག་ནི་ངེས་པར་ཡོད་པ་ཡིན། རྒྱུ་མཚན་དེ་འདྲའི་རྐྱེན་པས་ཡིན་མིན་གང་ལྟར། དྲན་ཚད་ཤོད་ཐུབ་མཁན་གྱི་རིགས་དང༌། ཤོད་ཚད་སྒྲུབ་ཐུབ་མཁན་གྱི་རིགས་གཉིས་ཡོད་པའི་ཕྱི་མ་ནི། ང་ཚོར་ཆེས་དགོས་མཀོའི་རང་བཞིན་དང༌། ང་ཚོར་ཆེས་ཉུང་སྐྱོན་རང་བཞིན་གྱི་དགོས་མཁོ་ཆགས་ཡོད། ལ་ལས་བཤད་ནས་མི་ཚེ་བསྐྱལ་བ་དང༌། ལ་ལས་ཉན་ནས་མི་ཚེ་བསྐྱལ་བ། ཡང་ལ་ལས་སྒྲུབ་ནས་མི་ཚེ་བསྐྱལ་བ་སོགས་ནི་སྤྱི་ཚོགས་རང་བཞིན་གྱི་འགྱུར་ཁྱད་ཡིན་པ་ཙམ་མ་ཟད། ཕྱོགས་དེ་གསུམ་གྱིས་སྤྱི་ཚོགས་ཀྱི་དགོས་མཁོ་ཆེ་ཕྲ་མང་པོ་བསྐོང་བའི་འགན་ལེན་བྱེད་བཞིན་ཡོད། འོན་ཀྱང་འགན་ལེན་བྱེད་རིམ་དེའི་ནང་འགན་བབ་མ་འཁྱེར་བར་གོ་སྐབས་ཁོ་ན་བརྩོན་ལེན་བྱེད་རིགས་ཀྱང་མང་དུ་འགྲོ་བཞིན་པ་ནི་ང་ཚོའི་དགོས་འབྲེལ་སྒྲུབ་པའི་གོམ་རིམ་གྱི་ད་ལྟའི་གནས་སྐབས་སུ་ཕན་དགེར་གནོད་གཞིའི་ལས་རིམ་དུ་ངོས་བཟུང་དགོས། སྐྱོན་གནད་འདི་བཞིན་རང་རེའི་སྤྱི་ཚོགས་ཆུང་ངུ་འདིའི་ཕྱོགས་ངོས་མང་པོ་ནས་མཐོང་ཐུབ་པའི་རྒྱུན་འབྱམས་ནད་གཞི་ཞིག་ཡིན་ལ། དེས་ན། ང་ཚོས་རྒྱུན་འབྱམས་ནད་གཞི་འདི་བཞིན་༧གོང་ས་མཆོག་གིས་ཡང་ནས་བསྐྱར་དུ་བསྩལ་བའི་བཀའ་སློབ་འཆི་སོས་ཀྱི་རིལ་བུས་ཀྱང་མ་དྲག་པར་ངོས་བཟུང་དགོས་སམ། འཆི་སོས་ཀྱི་རིལ་བུ་དེ་དག་བསམ་བཞིན་མ་བསྟེན་པར་ངོས་བཟུང་དགོས་པ་ཡིན་ནམ། ཡང་ན། འཆི་སོས་ཀྱི་རིལ་བུ་མ་ཐོབ་པར་ངོས་བཟུང་དགོས་སམ། དྲི་བ་འདི་དག་ནི་ང་ཚོའི་བཟང་སྤྱོད་དང་ཐད་ཀར་འབྲེལ་བ་ཡོད་པ་ཡིན། ང་ཚོའི་སྤྱི་ཚོགས་ནང་༧གོང་ས་མཆོག་གི་བཀའ་དགོངས་ཁ་ལ་འཁྱེར་ནས་རང་མཐོང་གི་དར་ཆ་བསྒྲེངས་མཁན་དང༌། ྋགོང་ས་ཆེན་པོའི་བཞེད་དགོངས་ཁ་ལ་འཁྱེར་ཏེ་དམངས་མགོ་སྐོར་མཁན་ནམ། གཏམ་སྙན་ཁ་འཁྱེར་གྱིས་སྤྱི་ཚོགས་བསླུ་ཐབས་བརྩོན་མཁན་ཡོད་པ་ཚང་མ་དྲི་བ་འདིའི་གཞི་རྒྱ་ལས་མ་བརྒལ་བའི་གནད་དོན་རྐྱང་ཡིན། དེ་ལྟར་ནའང་ བློ་ཕམ་སྐྱེ་དགོས་པ་ཞིག་ནི། རང་གི་ཁ་སྟབས་དང་བཅས་པ་ྋགོང་ས་མཆོག་གི་ཐུགས་རྗེའི་གཟི་བྱིན་ལ་བརྟེན་བཞིན་དུའང༌། ཁོང་གི་བཀའ་དགོངས་མི་བརྩི་བ་ཙམ་མ་ཡིན་པར། ངོ་རྒོལ་གྱི་རྣམ་པ་སྟོན་མཁན་མེད་པ་ནས་ཡོད་པར་གྱུར་པ་དང༌། ཡོད་པ་ནས་མེད་པར་གྱུར་པ་གང་ཡང་ཆོས་ཉིད་རང་བཞིན་དུ་བསམ་ཚེ་ཆེར་མི་སྐྱོན་མོད། རང་གི་གཟི་བརྗིད་རང་གིས་ཉམས་དམས་གཏོང་བ་དཔའ་མཛངས་ཀྱི་ལས་སུ་མཐོང་བཞིན་པའི་བླུན་པོ་ཇེ་མང་ཇེ་འཕེལ་དུ་སོང་ན། བརྒྱ་ལ་མ་སྐྱོན་ཡང་ནམ་ཞིག་སྤྱི་ཚོགས་ཀྱི་བརྟན་གནས་ལའང་གནོད་འགྱུར་ཐེབས་མི་སྲིད་པ་ག་ལ་ཡིན། དེ་བས་ན། རང་ཉིད་རང་གིས་ངོ་ཐག་ཆོད་པའི་ཁུར་བརྩོན་དང་འབྲེལ། ལམ་ནོར་ལྡོག་ཤེས་ཞུ་རྒྱུ་ནི་སྐབས་འབྲེལ་གྱི་བླང་བྱ་དང་པོར་བཞག་སྟེ། དོན་འབྲེལ་གྱི་ལམ་བུ་ཞིག་སྙེགས་ཐབས་ལ་བརྩོན་པ་ནི་ད་ལྟའི་ང་ཚོའི་དགོས་མཁོ་ཨང་དང་པོར་འཇོག་ཐུབ་དགོས་པ་ལས། དམིགས་ཡུལ་མེད་པའི་གོམ་སྟབས་དེ་རིགས་མཚམས་འཇོག་བྱེད་རིགས་པ་ཡིན། དེ་ལྟར་མ་ཡིན་པར། ཕྱི་ཚུལ་གྱི་རྣམ་འགྱུར་བཅོས་རྫུན་དང་ཡ་མཚན་པས་བཏུམས་ཏེ། མདོ་དོན་ཡང་སྙིང༌། རང་གི་ནུས་པ་རང་གིས་ཉམས་དམས་སུ་གཏོང་པའི་གོམས་རྒྱུན་གཤིས་སུ་འཇགས་ཚེ། ང་ཚོའི་རིག་གཞུང་ཉམས་འགོ་ཚུགས་པ་ཡིན་ལ། ང་ཚོའི་གོང་བུའི་ནུས་པ་བྲི་འགོ་ཡང་བརྩམས་ནས། ང་ཚོའི་ཚེ་སྲོག་དོན་གྱིས་ཤི་བ་ཡིན། དེ་དུས། མི་རབས་སྔ་མ་དག་གི་ཁ་ཆེམས་གོ་བའི་རྣ་དབང་ཉམས་ཆག་ཏུ་སོང་ནས། དེ་དུས། ང་ཚོས་རང་གི་མདུན་ལམ་དང་བཅས་པ་མུན་པར་བསྲེས་པ་ཡིན། དེ་དུས་ང་ཚོར་ཐོབ་ཤོར་རྩོད་པའི་དྲན་རིག་དང༌། རྒྱལ་ཕམ་རྩོད་པའི་བློ་སྟོབས་དང༌། མཉམ་འབྲེལ་ལག་གདང་གི་རེ་བས་ཡོངས་སུ་ཕོངས་པའང་ཡིན། དེས་ན་ང་ཚོ་ནི་འཆི་གསོན་གྱི་འགན་བབ་ཐེག་པའི་ད་ལྟའི་མི་རབས་ཡིན་པ་ཨེ་ཤེས། ཐུགས་བསམ་བཞེས་རན་འདུག གསོན་ན་གསོན་སྟངས་དང་འཆི་ན་འཆི་སྟངས་མ་ནོར་བ་གནང་རོགས། གཞན་མགོ་གཡོག་མི་རུང་ལ། རང་མགོ་དེ་བས་ཀྱང་མུན་པས་བཏུམས་མི་རུང༌། མི་རིགས་ཀྱྀ་ཆེད་དང༌། རྒྱལ་ཁབ་ཀྱི་ཆེད་དུ། སྤྱི་དོན་གྱི་ཆེད་དུ་འཆི་མི་ཐུབ་པའི་སེམས་ཤུགས་མེ་བཞིན་སྦར་རོགས། གཉན་འཕྲང་གི་དུས་འདིར་ང་ཚོ་མེ་བཞིན་འབར་དགོས། མདོར་ན་སྔ་རབས་དག་གིས་རང་ཉིད་འཆི་ཁའི་ཞལ་ཆེམས་སུའང་མི་རིགས་རིག་གཞུང་གསོན་གནས་ཀྱི་ཆེད་དུ་འཆི་དགོས་པའི་ལམ་སྟོན་གནང་བ་དེ་ཚོར་དྲན་གསོ་ཞུ་འོས་པ་ཡིན། རང་སྐེ་རང་གིས་གཅོད་ག་ལ་རུང༌། རང་བླ་རང་གིས་བཙོང་ག་ལ་རུང༌། འདི་ཚང་མ་དུས་རབས་ཀྱི་འབོད་སྒྲ་ཡིན། འདི་ཚང་མ་མི་རབས་འདིའི་འོས་འགན་ཡིན། འདི་ཚང་མ་རང་ཉིད་ཁོ་ནའི་བདེ་སྡུག་དང་འབྲེལ་བའི་ལས་དོན་རྐྱང་ཡིན། འདས་པའི་ལོ་ཟླ་ནི་ཁ་བཤད་ཁོ་ནས་བསྐྱལ་ཟིན་སྟབས། ད་ནི་བརྩོན་སྒྲུབ་ཀྱིས་བསྐྱལ་དགོས་ངེས་ཀྱི་ལོ་ཟླ་དེ་ཚོར་རྩིས་ཤིག་བསྐྱོན་རོགས། དོར་ཟིན་པའི་ཁྲེལ་གཞུང་དེ་གད་སྙིགས་ཁྲོད་ནས་ཡར་སྒྲུག་རོགས། ང་དང་ཁྱེད། ཁོ་པ་བཅས་ཡོད་ཚད་ཀྱི་ཆེད་དུ།
མི་རིགས་ཤིག་གི་ཆེད་དང་རྒྱལ་ཁབ་ཅིག་གི་ཆེད་དུ་དམར་པོ་མེ་ནང་ལ་ལྕེབས་དགོས་ནའང༌། དཀན་གཟར་བྲག་རོང་ལ་མཆོང་དགོས་ནའང༌། དམྱལ་བ་མནར་མེད་ལ་འགྲོ་དགོས་ནའང༌། ཀློང་ཆེན་ཆུའི་འཁོར་ལ་ལྡིང་དགོས་ནའང༌། མགོ་བོ་སྒྱོགས་ཁ་ལ་གཏད་དགོས་ནའང༌། སྤུ་གྲི་སྙིང་ཁ་ལ་བཙུགས་སོང་ནའང༌། བུ་རྒོད་པོ་ཚོ། མ་སྟག་མོ་ཚོ། ནམ་ཡང༌། ཤེད་ཤུགས་ཀྱི་རྐང་པ་སའི་གོའི་སྒལ་སྟེང་ལ་བརྟན་ཚུགས་ཀྱིས་བཙུགས་ནས་འགྱེལ་མི་ཉན་པའི་ང་ཚོ་འཛམ་གླིང་མི་དམངས་ཀྱི་མིག་དབང་ལ་ཤར་མ་མྱོང་བའི་རྟུལ་ཕོད་ཀྱི་དཔའ་བོ་ཞེ་གཅིག་ཏུ་སྤྲུལ་དགོས་པའི་དུས་ལ་སླེབས་ཡོད། ད་འགྲོ་ཡ། ད་ཤོག་ཡ། སྙིང་དམར་པོ་འདི་བྲང་ནས་མ་ལྷུང་ན། དབུགས་གཉོམ་པོ་འདི་སྐེད་ནས་མ་ཆད་ན། མགོ་མཐོན་པོ་འདི་ས་ལ་མ་ཟགས་ན། ང་ཚོ་ད་རུང་གསོན་ཆོག་ནི་རེད། གསོན་བཞིན་པ་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཡིན་ཟེར་མཁན་ཚང་མ། བོད་པ་ཡིན། བོད་མི་ཡིན།