ཆབ་མདོ་ངག་ཕུན།
རྒྱ་གར་བསམ་ནས་མ་ཡོང་།། ཡིད་བཞིན་ནོར་བུ་བསམ་ནས།།
ལ་ལུང་མང་པོ་བརྒྱབ་ནས།། འཕགས་ཡུལ་ལུང་པར་ཡོང་ཡིན།།
རི་བོ་མཐོན་པོའི་རྩེ་ནས།། དྲོད་སྐྱིད་ཉི་མ་ཤར་ལྟར།།
རྒྱལ་བའི་ཞལ་རས་མཇལ་དུས།། དགའ་སྣང་དཔག་མེད་སྟེར་བྱུང་།།
འགྱུར་མེད་སེམས་ཀྱི་རི་མོ།། ཕར་རི་བྲག་ལ་བརྐོས་ཡོད།།
དྲག་ཆར་བསྟུན་མ་འབབ་རུང་།། རི་མོ་ནུབ་ས་མ་རེད།།
གསེར་ཁྲི་པད་མའི་སྟེང་ལ།། ཡིད་བཞིན་ནོར་བུ་བཞུགས་ཡོད།།
ཞལ་རས་པད་མའི་འཛུམ་མདངས།། འགྲོ་རྣམས་བདེ་བར་སྦྱིན་སོང་།།
ངལ་བ་ལྷོད་མེད་མཛད་ནས།། ཟབ་རྒྱས་བཀའ་སློབ་གནང་བས།།
འཛམ་གླིང་མི་དམངས་ཡོངས་ལ།། ཞི་བདེའི་འོད་སྣང་སྦྱིན་སོང་།།
ས་ག་ཟླ་བ་ཚེས་བྱུང་།། ཇོ་བོ་ཝ་ཏི་བཟང་པོ།།
དྷ་སའི་གཙུག་ལག་ཁང་དུ།། མཇལ་རྒྱུ་སྐལ་བ་བཟང་སོང་།།
བྱིན་ཅན་ཇོ་བོའི་མདུན་དུ།། ལག་གཉིས་ཐལ་མོ་སྦྱར་ནས།།
གཞིས་བྱེས་ལྷན་འཛོམས་ཡོང་བའི།། གསོལ་བ་སྨོན་ལམ་བཏབ་ཡིན།།
གངས་ཅན་བོད་འབངས་ཡོངས་ལ།། བཀའ་དྲིན་བླ་མེད་ཆེ་བའི།།
རྒྱལ་བ་བསྟན་འཛིན་རྒྱ་མཚོ།། སྐུ་ཚེ་ཡུན་རིང་བརྟན་སྨོན།།
གངས་ཅན་ཆོས་ཀྱི་ཞིང་ཁམས།། སྲིད་པ་ཆགས་པའི་ལྷ་དགུ།།
གྲོགས་དང་འཕྲིན་ལས་མཛད་ནས།། བོད་ཁམས་མྱུར་དུ་སྐྱོབས་མཛོད།།
རྒྱལ་བ་བསྟན་འཛིན་རྒྱ་མཚོ། །མགྱོགས་མྱུར་ཆོས་ལྡན་ཞིང་དུ།།
ཞབས་སོར་བདེ་བར་འཁོད་པའི།། སྨོན་ལམ་སྙིང་ནས་འདེབས་སོ།།
དགུང་ལོ་དེ་ཙམ་ཕེབས་རུང་།། ངལ་བ་ལྷོད་མེད་མཛད་ནས།།
དད་ལྡན་སེར་སྐྱ་མང་ཚོགས།། རེ་འདོད་ཡོངས་སུ་སྐོང་མཛད།།
བྱམས་བརྩེ་སྙིང་ནས་བཅངས་ཏེ།། གཞན་དོན་མཛད་པ་སྐྱོང་བར།།
ལོག་འགྲེལ་སྣ་ཚོགས་བརྒྱབ་སྟེ།། འུར་སྒྲོག་བྱེད་པ་སྐྱོ་བྱུང་།།
རི་བོ་ཧི་མ་ལ་ཡི།། དད་ལྡན་སེར་སྐྱ་མང་ཚོགས།།
བློ་རྩེ་འགྱུར་བ་མེད་པ།། བདེན་པའི་རྒྱབ་ལངས་གནང་བྱུང་།།
བདག་སེམས་པད་མའི་ངོས་ལ།། དགའ་བ་ཚད་མེད་སྐྱེས་བྱུང་།།
དད་ལྡན་ཧི་མ་ལ་ཡི།། བཀའ་དྲིན་སྙིང་ནས་ཞུ་འོ།།
ཞེས་པ་འདི་ནི་ཆབ་མདོ་ངག་ཕུན་ཞེས་འབོད་པའི་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༣༠ ས་ག་ཟླ་བ་ཉིན་མོར་བྲིས་སོ།
གངས་སེང་དཀར་པོ་གཡུ་རལ་རྒྱས་བྱུང།
གཡུ་འབྲུག་སྔོན་མོའི་ངར་སྐད་གྲགས་བྱུང།
གངས་ཅན་མགོན་པོའི་མཛད་འཕྲིན་རྒྱས་བྱུང།
གཞིས་བྱེས་མཉམ་འཛོམས་རྟེན་འབྲེལ་བཟང་བྱུང།
ང་ཡི་བླ་མ་བསྟན་འཛིན་རྒྱ་མཚོ་མཆོག།
སྐུ་ཚེ་བརྟན་ཅིང་མཛད་འཕྲིན་ཟླ་ལྟར་རྒྱས།།
འགྲོ་བ་ཡོངས་ལ་བྱམས་བརྩེའི་དྲོད་ཀྱིས་སྐྱོང་།།
ས་གསུམ་བླ་མ་བཀའ་དྲིན་བླ་མེད་ཆེ།།