རས་པ།
སེམས་ཀྱི་རི་བོར་སྐྱོ་སྣང་སྨུག་པ་མཚམས་རེར་འཐིབས་ཤིང་ལན་རེར་ཡལ།།
ཚེ་ཡི་ངོས་འཛིན་སྤང་ཁའི་མེ་ཏོག་ལན་རེར་བཞད་ཅིང་མཚམས་རེར་སྐམ།།
དུས་དེར་སྐྱོ་བ་སྐྱོབ་པའི་སྨན་ཞིག་མ་བཙལ་རྣ་ལ་ཐོས་པ་ནི།།
མགོན་ཁྱེད་ལེགས་གསུང་བདེན་པ་བཞི་ཡིས་དཔུང་དང་བཅས་ཏེ་འོངས་པ་འདི།།
མཚམས་རེར་ཆོས་ཀྱི་བྱིན་རླབས་དྲོད་མོ་ཤར་ཤར་རྒྱུད་དུ་འབབ་པ་འདྲ།།
ལན་རེར་ཆོས་ལ་ཡིད་ཆད་སྣང་བས་ཤཀྱཱའི་རྒྱལ་པོར་གུས་མེད་བྱེད།།
འོན་ཏེ་བརྗེད་མེད་སེམས་ཀྱིས་སྲུང་བ་ཆོས་དང་རིགས་ཀྱི་ཞེན་པ་ཡིས།།
འགྱུར་མེད་དད་སེམས་ཁྱོད་ལ་ལྷོད་མེད་རྗེས་འཛིན་ལྕགས་ཀྱུས་བདག་ལ་སྲུངས།།
གངས་དཀར་རི་བོའི་ཐོར་ཅོག་ཅན་གྱི་ཁ་བ་ཅན་ནས་སྤོ་ལགས་བཞག།།
རྒྱ་གྲོང་ཁང་བརྩེགས་གནམ་ལ་སྙེག་པའི་དེང་རབས་གྲོང་ནས་ན་ཟླ་བཞག།།
བར་གྱི་བརྩེ་ཞེན་ཟུངས་ཁྲག་དྲོན་མོས་བདག་ལ་འཁྱུད་པའི་འདང་བརྩེ་བཞག།།
གང་གི་མཚན་ཙམ་ཐོས་ཀྱང་ཞེན་པས་རི་ཆུ་བརྒལ་ཏེ་འདི་རུ་སླེབས།།
སྤོ་ལགས་བཞུད་པའི་ལྔ་བའི་སྤྱན་མཐའ་བདག་གིས་མ་མཐོང་༸རྒྱལ་བའི་མགོན།།
བརྩེ་ཆེན་ཕ་མའི་དྲན་པའི་གདུང་བ་བསྐངས་པར་མ་ནུས་༸རྒྱལ་བའི་མགོན།།
འོན་ཏེ་རྒྱལ་བའི་བྱིན་རླབས་འཁྱིལ་བའི་གནས་ཀྱི་དགའ་བ་འཕེལ་བའི་གཏམ།།
ཟུར་ཙམ་ཞུས་ཀྱང་སྤྲོ་དགས་བཟི་བ་བདག་དང་ཉེ་འབྲེལ་ཀུན་པོ་སྐྱོབས།།
མི་རྟག་ཚེ་ལ་མཐའ་མའི་དུས་ཤིག་ཕལ་བའི་མི་ལ་བསྟན་དགོས་ཀྱང་།།
ཞལ་བཞེས་གསུང་གིས་དབུགས་དབྱུང་གནང་བ་མགོ་ནག་བོད་མིས་སེམས་ན་ཡོད།།
ནམ་མཁའ་རལ་ཏེ་རི་བོ་ཞིག་ཀྱང་བོད་ཡུལ་སྐྱོབ་ལ་མ་གཡེལ་ཅིག །
བརྩེ་ཆེན་ནམ་མཁའི་མཐའ་ལ་གཏུགས་པའི་འགྲོ་བའི་མགོན་པོ་ཁྲི་ལོར་ཤོག །
ཞེས་ཚིགས་སུ་བསྡེབས་པའི་དོན་འདི་ཙམ་པོ་དེ་རིང་གློ་བུར་དུ་སེམས་ལ་ཤར་སོང་བས་ཚིག་ཉམས་ཅི་ཡང་མེད་ཀྱང་ཡི་གེར་བྲིས་ཤིང་། དྲ་བར་བསྐུར་བའོ། ༢༠༡༣།༧།༥ཕྱི་དྲོ།
ཚིག་ཉམས་འདུག སངས་བརྩི་སྟངས་ཀྱི་ཚིག་ཉམས་འདུག གསོལ་འདེབས་ཟེར་ན་དད་པས་གསོལ་བ་འདེབས་དགོས་ཀྱི་རེད།
མྱོང་ཚོར་འབྲི་ན་འདི་ལྟར་ཐད་ཀར་ཕྲིས་ཨ།