རྟ་ནག་སྐལ་བཟང་ལུང་རིགས།
སྐྱེ་བོ་སྒེར་བ་ཞིག་གི་སྨྲ་ལྕེ་ལེབ་མོ་ཁྲོ་ཆུ་ཁོལ་མའི་ཞུན་གྱིས་བཙོ་བའི་ཚོགས་དབང་སྒེར་གཅོད་པ་མདོ་སྨད་ས་རྒྱུན་ཚང་ལ། བཞུད་ཟིན་གྱི་ཟླ་ངོ་གཉིས་ཀྱི་སྔོན་དུ་བདག་གིས“མདོ་སྨད་ས་རྒྱུན་ཚང་ལ་ཆེད་དུ་བསྟབས་པ”ཞེས་པའི་བྲིས་རྩོམ་ཞིག་སྤེལ་བ་དེ་ག་རང་ཁྱེད་ཅག་གིས་ཀོ་ལོང་དང་མ་རངས་པའི་ཉམས་ཀྱིས་སྐད་ཅིག་མའི་མིག་གཤེར་ཞིག་གིས་འཐུས་པར་བགྱིས་ཡོད་དམ་ཅི་ལྟ་ནའང་། དེ་རིང་ཡང་བསྐྱར་གསོག་པོ་དང་ཟོལ་མས་མ་བསླད་པའི་གཏམ་རེ་འགའ་ཞིག་ཁྱེད་ཚང་གི་སྙན་དུ་བསྟབ་པར་བྱ་སྟེ།
(དྲ་དེབ)དྲ་ཚིགས་གང་རུང་ཏུ་སྤེལ་ཚར་རྗེས་བདེན་རྒྱབ་བདེན་པས་གནོན་པོ་ཅུང་མང་བས། སྒེར་གཅོད་པའི་དཔའ་ཉམས་དང་། ཁེངས་སེམས་ཅུང་ཟད་དམའ་རུ་ཕྱིན་པའི་སྣང་བ་སྐྱེས་ཏེ་འོང་ནའང་། སྒེར་གཅོད་པའི་བསམ་ངན་སྦྱོར་རྩུབ་ནི་ཚད་དུ་གཟུང་བ་མ་ཡིན་པས་ཕྱིར། འདིར་ཡངགི་རྒྱབ་དཔུང་དུ་བདེན་ལུགས་ཁ་ཤས་ཤིག་སྤྲོ་བར་བསམས་སོ།།
བདག་གིས་ཁྱེད་ཅག་ནི་སྒེར་གཅོད་པའོ་ཞེས་བརྙས་པའི་ཚིག་གིས་བསྟིངས་པ་ལ་གཏན་ཚིགས་འདི་ལྟར་ཡོད་དེ། ཕོ་ལ་ཐུ་ཡིས། “ཚོགས་སྡེ་གང་རུང་གི་ཤེད་ཤུགས་སྤྱད་དེ་སྐྱེ་བོ་བྱེ་བྲག་པ་ལུགས་མེད་ཀྱིས་གནོན་པ་ནི་སྒེར་གཅོད་པའོ།།”ཞེས་བཤད་པ་དང་ཁྱེད་ཅག་གི་བཅའ་སྲོལ་དང་ལས་སྲོལ་དག་སྒོ་ཀུན་ནས་མཚུངས་ཕྱིར་བདག་གིས་ཀྱང་ཐ་སྙད་བབ་བསྟུན་གྱིས་སྒེར་གཅོད་པ་ཞེས་མིང་གིས་བཏགས་སོ།།
ཉེ་བའི་ཆར་ཀླུ་མཁར་བྱམས་དང་དངོས་སུ་ཁ་གཡར་འཕྲད་རྒྱུ་བྱུང་བ་དེ་དང་། དེའི་ཁྲོད་དུ་ཁོང་གི་སྨྲ་བྱེད་ཆམ་གྱིས་འབྲེག་པོ་དག་གི་དེ་སྔ་བྱས་ཉེས་ཅི་བསགས་ཀྱི་ཁུངས་བཙན་ཡིག་ཆ་རེ་འགའ་འང་མཐོང་ཟིན་པ་དེ་དང་། དགུ་བཅུ་གསུམ་གྱི་ཚོགས་གཞོན་ལས་ཕྱུངས་ཤིག་ཅེས་པའི་ཞུ་ཡིག་དགུན་གྱི་ཁངས་སྐྱའི་ཟོལ་གྱི་བབ་དང་འབབ་པ་དེ་དང་། (དགུ་བཅུ་གསུམ་གྱི་རྒྱུན་ལས་སུའང་ཀླུ་མཁར་བྱམས་ཚོགས་གཞོན་ལས་དབྱུང་དགོས་པའི་ཞུ་ཡིག་བྲིས་འདུག་པ་དངོས་སུ་མཐོང་།) ལྷོ་ཕྱོགས་དགའ་འབྲས་ཁང་ཚན་བཅོ་བརྒྱད་ཀྱིས་ལས་ཐམ་དང་མིང་ཡིག་གི་གཡུལ་ཆེན་མོ་བཤམས་ནས་ངར་དང་ཧར་གྱིས་བརྒོལ་བ་དེ་དག་གིས་གསོས་བཏབ་པའི་རྐྱེན་ལས། སྒེར་གཅོད་པ་དག་གི་རལ་གྲིའི་རྣོ་ལ་བདར་བཞིན་པའི་ཀླུ་མཁར་བྱམས་ཀྱི་མགྲིན་ཐག་ཕྲ་མོ་དེའི་སླད་དུ་དང་ཕྱིར་དུ་བདག་གི་སྨྲ་ལྕེ་འདི་མི་འགུལ་རང་དབང་ན་མ་ཡོད་པས། དེ་རིང་ནས་བཟུང་ས་རྒྱུན་ཞེས་པའི་སྒེར་གཅོད་པ་དེ་བ་ཚང་གི་སྒྲིག་གཞི་ལས་ཕྱིར་བུད་པའི་བསྒྲགས་གཏམ་ཡང་ལྷན་ཅིག་ཏུ་སྒྲོབ་ཉམས་ཀྱིས་བསྒྲགས་པ་ཡིན་ནོ།།
ཉེ་བའི་ཆར་དུ་ལྷོ་ཕྱོགས་འབྲས་སྤུངས་ཀྱི་གྲོགས་པོ་ངུར་སྨྲིག་པ་རེ་འགར་ཆ་འཕྲིན་དང་ཁ་པར་གྱི་ལམ་དུ་བདེ་འཚམས་རེ་ལྡོན་པའི་དུས་བྱུང་ལ། ཞོར་དུ་དེ་གའི་མདོ་སྨད་ཀྱི་ཆོས་བྱེད་པ་དག་གིས་ཀླུ་བྱམས་ཀྱི་སྟེང་དུ་སེར་དམག་དབབ་རྩིས་རེད་དམ་ཞེས་ཀུ་རེ་དང་བདེན་པ་བསྲེས་ནས་དྲིས་པས། མང་བོ་མང་བོ་ཞིག་གིས་དགའ་འབྲས་གཉིས་ཀྱི་ཞུ་ཡིག་ཅེས་པ་ཞིག་རྣ་བ་ལའང་མ་བདོག་གོ་སྐད། རེ་འགས་ཀླུ་བྱམས་ཞུ་གཏུགས་ཀྱི་ཡིག་ཆར་མིང་ཡིག་དགོད་དགོས་ཚུལ་འུར་འདེད་བྱེད་མཁན་བྱུང་ཡང་བགྱི་བ་དང་དུ་མ་བླངས་སྐད་དོ།།
འདི་ལྟར་གཞིགས་ཚེ“དགའ་འབྲས་གཉིས་ཀྱི་ཁང་ཚན་བཅོ་བརྒྱད་ཀྱི་ཞུ་ཡིག”ཅེས་པའི་སྐྱེ་བོའི་སྨྲ་ལྕེ་རྨེག་ནས་གཅད་པར་སྐུལ་བའི“འཚེ་མེད་ཞི་བའི་མཚོན་ཆ”དེའི་བཟོ་བོ་ལྷོ་ཕྱོགས་ཀྱི་མདོ་སྨད་ཆོས་བྱེད་པ་གང་ག་མ་ཡིན་པའི་ངེས་ཤེས་ཟབ་ཏུ་སོང་ལ། མགོ་བོ་ཆོས་ལ་བསྙེས། རྐང་ལག་སྲིད་ལ་བརྐྱངས། རང་དོན་ཡིད་བྱེད་ཀྱི་སྡེར་མོ་སྤུ་གསེང་ན་བགྲད་ནས་ཡོད་པའི་རྡ་སའི་མདོ་སྨད་ཀྱི་ཨ་ཁུ་རྒན་གཞོན་རེ་འགས་ནག་ཁུང་གི་ལྐོག་ལས་ཡིན་པ་གཤིན་རྗེ་ཁྲིམས་ཁར་བསྐྱལ་ཆོག་པའི་དཔང་བོ་བཙན་ཐག་ཆོད་ཡོད་དོ།། དེ་བས་དགའ་འབྲས་གཉིས་སུ་ཆོས་ཀྱི་བགྱི་བ་འབའ་ཞིག་ལ་བརྟུན་པ་སྐྱེད་བཞིན་པ་དག་ལ་ཅི་ཡང་བསྙད་རྒྱུ་མི་གདའ་བས། ཚིག་ནུས་ཀྱིས་ཕོག་སོང་ས་ཡོད་ན་མཐོལ་ཞིང་བཤགས།
སེམས་ཀྱིས་དཔག་ཏུ་མ་ཡོད་པ་ཞིག་ལ“དགའ་འབྲས་གཉིས་ཀྱི་ཁང་ཚན་བཅོ་བརྒྱད་ཀྱི་ཞུ་ཡིག”ཅེས་པ་དེ དྲ་ཚིགས་སུ་བཀོད་ནས་ཅི་ཡང་མ་འགོར་བར་ཕྱིར་འཐེན་བགྱིས་སོང་ལ། ཕྱིར་འཐེན་བྱ་དགོས་ཚུལ་ལ་དེ་གའི་དྲ་རྒྱ་དོ་དམ་པས་ཀྱང་ཅི་ཡང་བསྙད་དུ་མ་ཡོད་པ་ཅི་ཡིན་ནམ། ཚང་གི་དོ་དམ་པ་རེ་ཟུང་དང་ས་རྒྱུན་ཚང་གི་བར་ནའང་ནམ་ཞར་གཅད་དུ་མེད་པའི་འབྲེལ་ཐག་ཅིག་གི་སྣེ་མོ་བསྣར་ཡོད་སྐད་ཀྱི་འཁྱར་གཏམ་རེ་ཡོད་པའང་བདེན་པའི་ཕྱོགས་སུ་གཞོལ་བ་ཤུགས་ཆེའོ་སྙམ་པ་ཞིག་བྱུང་སོང་ངོ་།།
མདོ་སྨད་ས་རྒྱུན་ཚང་གིས་དོ་བསྡོ་བ་དང་ཐོ་བཙམས་པ། དཔུང་བཤམས་པ་ལ་སོགས་པའི་སྦྱོར་ངན་ཕྲེང་དུ་བསྟར་ནའང་། ཀླུ་མཁར་བྱམས་ནག་ཅན་དུ་བྱེད་པར་ཅི་ནས་ཀྱང་ཡིད་མགུ་བ་ཞིག་དང་འཚེངས་པ་ཞིག་མ་བྱུང་བས། གཞི་ནས་གདན་ས་ཁག་གི་མདོ་སྨད་ཆོས་བྱེད་པ་དག་དཔུང་རོགས་སུ་སྦྲན་ནས་ཀླུ་མཁར་བྱམས་རྨེག་ནས་རྒུད་པར་བགྱི་བའི་གྲབས་གཤོམ་དང་ཉེར་བསྡོགས་བརྩམས་དང་རྩོམ་བཞིན་པ་ཡིན་ན། བདེན་པ་དང་དྲང་བོ་ལ་བྲོད་ཅིང་མགུ་བ་དག་ནམ་ཞར་ཀླུ་མཁར་བྱམས་ཀྱི་རྒྱབ་དཔུང་དུ་མི་ཤིག་བྲག་རིའི་ཚུལ་གྱིས་འགྱིང་ངེས་ལ། འཛད་མེད་རྒྱ་མཚོའི་ཟོལ་གྱིས་འཁྱིལ་ངེས་པའོ།། མདོེར་དེད་ན། མདོ་སྨད་རི་སྒར་གཉིས“ཞོ་བཞིན་ཆགས་པ། ཁྲག་ལྟར་དཀྲུགས”པོ་ནི་མདོ་སྨད་ས་རྒྱུན་ཚང་ཡིན་ཞེས་སྔར་བཞིན་གསལ་ཞིག་བཏབ་པ་ཡིན་ནོ།། མདོ་སྨད་ས་རྒྱུན་ཚང་གི་ད་ར་ཁ་ཆེ་བ་དག་གིས༸གོང་ས་རྒྱལ་བའི་དབང་བོའི་སྐུ་བདག་ཡིན་ཞེས་གཏམ་ཆེན་པོ་ཐ་ཚིག་གིས་བསྒྲགས་ཏེ་སྐྱེ་བོ་སྒེར་བའི་སྨྲ་ལྕེ་ཧྲིལ་གྱིས་བསྡོམས་ན་སུ་དང་གང་ལའང་མཇུག་འབྲས་སྙིང་དུ་སྡུག་པ་མེད་པའི་རྒྱུ་མཚན་སྔོན་མར་ཡང་དེའུ་རེ་བསྙད་དུ་ཟིན་ལ། འདིར་ཡང་དྲན་གསོ་ཙམ་བཏང་བ་ཡིན་ནོ།།
བདག་གིས་ཀླུ་བྱམས་ཀྱི་རྒྱབ་དཔུང་དུ་རྩོམ་ཡིག་སྔ་ཕྱི་གཉིས་བྲིས་ཏེ། སྨྲ་ལྕེ་འདི་ལྟར་འགུལ་དོན་ཡང་ཀླུ་མཁར་བྱམས་ཀྱིས་བཤད་པ་ཇི་སྙེད་པ་དག་བདེན་པར་བསྒྲུབ་པའི་ནུས་ཕྱོད་བདོག་པར་བསམས་ཏེ། བློ་གཏད་ལིངས་ཀྱིས་བཅོལ་བ་དང་། ཀླུ་མཁར་བྱམས་ཚད་མའི་སྐྱེས་བུར་སྒྲུབ་འདོད་ཀྱི་ཁོག་རྩིས་དེད་པ་སོགས་ཀྱང་གཞར་གྱིས་མིན་ནའང་། ཀླུ་མཁར་བྱམས་ལའང་རང་ཉིད་ཀྱི་སྨྲ་ལྕེ་ལེབ་མོ་རྐྱོང་སའི་ཐོག་བྲལ་གྱི་ནམ་མཁའ་ཞིག་དང་། རང་ཉིད་ཀྱི་སེམས་འདུན་གླུ་རུ་གྱེར་སའི་སྟེགས་བུ་བདེ་མོ་ཞིག་ཅིས་ཀྱང་མཁོ་བ་རེད་པས། སྐྱེ་བོའི་སྨྲ་ལྕེ་ལེབ་ཀྱིས་གཅོད་པའི་སྒེར་གཅོད་པ་དག་གི་སྙིང་རྩ་དྲུང་ནས་དབྱུང་རྒྱུ་ནི་ང་དང་ཀླུ་མཁར་བྱམས་ཀྱི་དམིགས་ཡུལ་གཅིག་ཏུ་འབབ་པས་སོ་ཞེ་ན་ཡང་འཐད་དོ་ཞེས་བརྡ་ཙམ་བརྒྱབས་པ་དེའོ།།
མཇུག་ཏུ་བྱ་གཏང་དུ་རུང་བ་ཞིག་ལ། བདག་རང་ཉིད་ནི་གསང་མིང་མི་འདྲ་བ་དག་ཏུ་ཡིབ་ནས་འགན་འཁྲི་ཐེད་ལ་བོར་བའི་སྐད་ཆ་ལུགས་མེད་དུ་བསྙད་པ་དག་དང་གཞར་གྱིས་མི་མཚུངས་ཕྱིར། སྣ་གང་དུ་གཏུགས་ཀྱང་རང་ཉིད་ཀྱིས་བཟློ་བ་དག་རང་འགན་ཏུ་འཁྱེར་བའི་སྤོབས་པ་དང་ང་རྒྱལ་ཅིག་ཆར་ཏུ་ཡོད་ཅེས་བཤད་ན་བསམས་སོ།། བདག་རང་ཉིད་ལ་ཆེན་པོ་ཆེན་པོ་དག་གི་ཁ་འཛིན་དང་རྒྱབ་བརྟེན་ཡེ་ནས་མེད་ལ། ཆུང་བ་ཆུང་བ་དག་གི་སྐུལ་མ་དང་དཔུང་གྲོགས་ཀྱང་ལར་ནས་ཐོབ་མེད་གཤིས་བློས་འཆུན་ཏུ་མ་ཡོད་པའི་ཉེ་ཞོ་ལུ་གུ་རྒྱུད་དུ་བྱུང་ནའང་། བདག་འབའ་ཞིག་གི་ཁུར་དུ་ལེན་རྩིས་ཀྱི་ཁོག་རྩིས་སྔར་ནས་དེད་ཟིན་པས་ཁྱེད་ཅག་གིས་ཀྱང་དེ་དེ་བཞིན་དུ་དགོངས་པར་འཚལ་ལོ།།
ཨ་རོགས་པ། རྟག་ནག་པ། ཀླུ་མཁར་བྱམས་ཟེར་བའི་མི་དེ་ག་གེ་མོ་ཞིག་གིས་ཁྲིམས་ལ་གཏུགས་འདུག་ཟེར་འདུག ད་ཁྱོད་རང་ཁོའི་ཚབ་ཏུ་བཙོན་ཁང་དུ་འགྲོ་དགོས་པ་ཐུགས་ས་རེད་ཡ།
སྐབས་འཚོལ་རིང་ལུགས་ཚོས་ནམ་ནམ་ཞར་ཞར་ལ་རང་དོན་ཅུང་ཙམ་མ་འགྲུབ་ཚེ། ཚོགས་སྤྱི་གཞན་ལ་དྲང་ཚིག་གི་ཟོལ་གྱིས་རང་ཉིད་དཀར་འདོན་བྱེད་པ་ནི་གཡོ་ཅན་ཝ་མོ་འགས་འཇབ་སྟངས་རེད། ས་པཎ་གྱིས། ཁྭ་ཏས་མི་གཙང་ཟོས་པའི་མཆུ།། ས་གཙང་དག་ལ་འབད་ནས་འཕྱི།། ཅེས་མི་བདེན།
ཡ་རྟ་ནག་པ། ཁྱོས་ཁ་ཕོ་ཅི་ཙམ་བཤད་ཀྱང་སོལ་བ་དུང་དུ་བསྒྱུར་གྱི་ནི་འདི་ནས་བསྐལ་བའི་བར་དུ་མི་སྲིད་དོ། གོ་བ་གྱིས་ཤིག་རིགས་ཀྱི་བུ།
xxxxxxxxxxxxxxxx
རྟ་ནག་པ་མཆོག་གིས་སྔ་རྗེས་སུ་དྲང་ཚུགས་བཟུང་ནས་ཤེས་ཡོན་པ་ཞིག་གི་འགན་ལྷུར་དུ་བླངས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། སླད་མར་ཀླུ་མཁར་བྱམས་ལས་འཕྲོས་པའི་དགག་སྒྲུབ་ཀྱི་ཤུགས་རྐྱེན་ཁག་ཅིག་ལ་བགྲོ་གླེང་བྱེད་འོས་པར་སྣང་།
༡ མ་གཞི་ཀླུ་མཁར་བྱམས་དགག་སྒྲུབ་འོས་བསྡུ་ནས་འགོ་ཚུགས་ཤིང་། སླར་ཡང་འོས་བསྡུས་མཇུག་བསྡུ་དགོས་པ་ཞིག་ཏུ་སྣང་མོད། དེ་ལས་ལྡོག་ནས་མུ་མཐུད་དུ་དྲང་ཚུགས་པ་དང་སྐབས་འཚོལ་བ་ཤན་འབྱེད་པའི་དགག་སྒྲུབ་ཀྱི་ངོ་བོར་འཕོས་ནས་དེང་ཕྱིན་གྱི་འོས་འདེམས་གང་རུང་ལ་ཤུགས་རྐྱེན་སྔ་ན་མེད་པ་ཞིག་ཏུ་གྱུར་དང་འགྱུར་བཞིན་པས། བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་གཞུང་འབྲེལ་དམངས་གཙོ་ལས་སྐྱིད་སྡུག་ཁག་དམངས་གཙོ་ཡང་དག་པར་འགྱུར་མེད་པའི་གནས་སྟངས་འདིར་འགྱུར་བ་གཏོང་བར་བསྐུལ་འདེད་དུ་འགྱུར་མི་སྲིད་པའང་མ་རེད།
༢ ཀླུ་མཁར་བྱམས་དགག་སྒྲུབ་ནས་འགོ་ཚུགས་ཏེ་ཤེས་ཡོན་པས་སྤྱི་ཚོགས་ལ་ཁྱོན་ཡོངས་ནས་འགན་འཁུར་བའི་རྣམ་པ་ཞིག་ཕྱོགས་ཀུན་ཏུ་མཐོང་དུ་ཡོད་པས། འདི་ནི་དགག་སྒྲུབ་ལས་འགུལ་འདིའི་ཤུགས་རྐྱེན་གཞན་ཞིག་དང་། སྤྱི་ཚོགས་དྲང་ཕྱོགས་སུ་འཁྲིད་པར་ནུས་པ་བླ་ན་མེད་པ་ཐེབས་སྲིད་པའི་ཁོང་གཏོགས་སུ་བཤད་ཆོག
༣ ཀླུ་མཁར་བྱམས་དགག་སྒྲུབ་བརྒྱུད་ནས་མི་ཁག་གསུམ་ཐོན་ཡོད་ཅིང་། རྒྱབ་བསྐྱོར་བྱེད་མཁན་དང་དགག་པ་རྒྱག་མཁན། ངོ་གཉིས་མ་འཁྲབ་མཁན་བཅས་རེད། སྔ་མ་རྩ་འཛུགས་མེད་པའི་དམངས་ཁྲོད་ཀྱི་རིམ་པ་དང་། ཕྱི་མ་མི་རེ་ཟུང་གིས་ཚོགས་འདུ་རབ་དང་རིམ་པ་བསྐང་ནས་བརྒྱུད་བསྐུལ་བྱས་པའི་མི་སྒེར་གྱི་རིམ་པ་སྟེ། དེང་གི་བར་མི་རེ་གཉིས་ལས་གདོང་པ་སྟོན་ཐུབ་མཁན་གཅིག་ཀྱང་བྱུང་མེད། གསུམ་པ་ངོ་གཉིས་མའི་རིགས་ནི་དགག་སྒྲུབ་འདི་ཇུས་འགོད་དང་བརྒྱུད་བསྐུལ་བྱེད་མཁན་དག་རེད། དོན་ལ་དགག་སྒྲུབ་འདི་ཀླུ་མཁར་བྱམས་ཀྱི་སྨྲ་བརྗོད་རང་དབང་གི་སྒང་ནས་ཡོང་ཡོད་སྟབས། ཆུང་ས་ནས་སྒེར་དང་ཆེ་ས་ནས་སྤྱི་ཚོགས་ཧྲིལ་བོར་ཐད་ཀར་འབྲེལ་ནས་ཡོད་པ་ཞིག་ཡིན་པར་མ་ཟད། དེང་ཕྱིན་ཅི་ཞིག་ལ་གཟབ་གཟབ་བྱེད་དགོས་པའང་ཞོར་ནས་ངོ་འཕྲོད་ཡོད་ལ། འདིའང་དགག་སྒྲུབ་འདིའི་ཤུགས་རྐྱེན་གཞན་ཞིག་ཡིན།
༤ དགག་སྒྲུབ་འདིས་དགག་སྒྲུབ་འདི་སློང་མཁན་འུ་ཐུག་ནས་སྔར་གྱི་སྲིད་དོན་འགྲན་རྩོད་པ་ཁག་ཅིག་ལ་དོན་རྐྱེན་ག་གེ་མོའི་ཐད་ཞུ་བ་བྱེད་དགོས་ཐུག་ཡོད་པས། དགྲ་གྲོགས་མཉམ་བརྗེ་ཡི་ནུས་པ་ཐོན་ཡོད་པར་མ་ཟད། ཁ་འདོན་དགེ་སྦྱོར་ལག་ཆར་བཀོལ་བ་ལས་ནང་བའི་སྤྱོད་པར་མི་འཇུག་མཁན་ཁག་ལ་བསླབ་བྱ་གཞན་ཞིག་ཐེབས་ཡོད།
མཐའ་མ་དེར་སྒྲུང་ཞིག་ཡོད། ལྷན་རྒྱས་ནས་ལན་འདེབས་གནང་རོགས། རྒྱ་གར་སྤྱི་ཚོགས་ནག་པོར་འབྲེལ་བ་ངེས་ཅན་ཡོད་པའི་བོད་ཀྱི་མི་དྲག་ཅིག་གིས་ལྡི་ལི་ནས་གསུངས་དོན། ༼ཀླུ་མཁར་བྱམས་དགག་སྒྲུབ་ལས་འཕྲོས་པའི་དོན་རྐྱེན་འདི་ཁྲིམས་གཏུགས་སམ། ཡང་ན། ཐབས་ཤེས་འཐེན་ནས་འཛིན་བཟུང་ཡིག་ཆ་རྒྱ་གར་མཐོ་རིམ་དཔོན་རིགས་ཀྱི་ལག་པ་ནས་ལེན་དགོས་ཐུག་ན། ཧིན་སྒོར་འབུམ་ཕྲག་དུ་མའི་སྐད་ཆ་རེད་ལ། དེ་ལུགས་གནང་ཡ་ཡོད་པ་མ་རེད་ཅེས་ང་རང་ལ་མངགས་བཅོལ་བྱེད་མཁན་གྱི་བཀའ་ཟུར་མཆོག་ལ་ཞུས་ཡོད། མ་གཞི་ང་རང་གི་ངོས་ནས་ཀླུ་མཁར་བྱམས་ལ་བརྩད་ཞིབ་བྱས་འབྲས་ཀྱང་མངགས་བཅོལ་བྱེད་མཁན་གྱི་བཤད་སྟངས་དང་མི་མཚུངས་པས། ལས་ཀ་དེར་ལག་པ་འཆིང་གི་མིན།༽
དོན་དག་འདིས་ག་རེ་སྟོན་གྱི་ཡོད་དམ། ཤུགས་རྐྱེན་ག་རེ་བསྐྲུན་རྒྱུ་ཡིན་མིན་ཐད་ལྷན་རྒྱས་ནས་བགྲོ་གླེང་གནང་རོགས།
རྟ་ནག་ལགས། ངས་ཁྱེད་རང
རྟ་ནག་ལགས། ངས་ཁྱེད་རང་གིས་བྲིས་པའི་རྩོམ་ཡིག་མང་པོ་བཀླགས་པ་ཡིན། ངའི་ངོས་ནས་བཤད་ན་དེང་སང་བཙན་བྱོལ་ནང་གི་རྩོམ་པ་པོ་རྩེ་ཕུད་གཅིག་ཁྱེད་རང་ཡིན། ངའི་རེ་བ་ལ། རྟ་ནག་ཁྱེད་ཀྱིས་རང་རིགས་བཙན་བྱོལ་ནང་ཁུལ་གྱི་མགོ་རྙོག་པའི་སྲིད་དོན་དེར་མི་འཁོར་བར་མུ་འཐུད་རྩོམ་རིག་གི་ལམ་ཐོག་ཏུ་འཕེབས་པའི་རེ་བ་ཡོད།
ཀླུ་བྱམས་ཚད་མའི་སྐྱེས་བུར་སྒྲུབ་འདོད་མིན་ལ་ཁོང་གིས་གང་བཤད་པ་དག་བདེན་ནོ་ཞེས་ཨུ་ཚུགས་རྒྱག་གི་མེད་པ་འདི། རྟ་ནག་པའི་འགྱུར་རིམ་རེད་ལ། བསམ་ཤེས་རིམ་རེད། དེས་ན་ཀླུ་བྱམས་ཀྱིས་གང་བཤད་པ་ཁྱེད་ལྟར་ཀླུ་བྱམས་རང་གིས་ཀྱང་འགན་འཁྲི་ཐེད་ལ་བོར་མེད་ན། དོན་དག་འདི་གནས་རིམ་འདིར་ལྷུངས་ཀི་མ་རེད། གཉིས་ནས་ཀླུ་བྱམས་ཀྱི་ཇུས་ཁྱེད་ནས་མཐོང་གི་མ་རེད། ལྟོས་ཚོད་ཀྱིས་གཏམ་གྲགས་དགོས་འདུན་ཞིག་གསུང་གི་མ་རེད་དེ། དོན་དངོས་པོར་ཧ་ལས་པའི་ཇུས་དང་གཡམ་སྒྲོགས་བྱེད་ཤེས་མཁན ཞིག་རེད་འདུག་པས། ཁྱེད་འདྲ་བ་རྟ་ནག་སྟོང་གིས་ཀླུ་བྱམས་ངོ་མ་དེ་གཞར་ཡང་མཐོང་དུ་མ་རེ་ཞིག་བཅས་སྐུལ་མ་དང་ཞོར་དུ། ཁོང་གི་བཀའ་མོལ་ཐལ་ཆ་ཆེ་རིགས་ལ་ཁོ་རང་སྒེར་གྱིས་རྒྱབ་དཔུང་ཅི་ཞིག་ཡོད་པ་མ་སྤྲོས་ཚེ། ཁྱེད་ཀྱི་འདི་ནི་གཞར་ཡང་ཚོར་བ་ཐད་བརྡོལ་མའི་གྲས་སུ་མི་འདོག་རང་འདོག་རེད།
མདོ་རྩ། ཁྱེད་ཀྱིས་ག་དུས་ཡིན་རུང་དཀྲུག་མི་ཉན་པ་ཞིག་ནི། ཀླུ་བྱམས་ཀྱི་ནོར་འཛོལ་དང་དེར་ས་རྒྱུན་གྱིས་ཐག་གཅོད་བྱེད་པའི་ལས་རིམ་གཉིས་ཀ་རེད། ས་རྒྱུན་གྱི་ལས་རིམ་དམྱལ་བ་རྡོར་གདན་དུ་ཟགས་ཀྱང་། ཀླུ་བྱམས་ཀྱི་ནོར་འཛོལ་གཏན་དུ་གནས་ངེས་རེད། དེ་གཉིས་མ་བསྲེས་རོགས། གལ་སྲིད་ཕྱིས་ཀྱང་དེ་གཉིས་བསྲེས་པ་ཡིན་ན། གནམ་ལོ་ཡག་སོགས་དགའ་ནས་སྐད་ཆ་མང་པོ་བཟོ་ཚོད་འདུག་ལ།
ཀླུ་བྱམས་ལ་སྨྲ་ལྕེ་འཁྱུག་སའི་ས་ཁོད་ཡངས་པོ་ཡོད་མེད་ནི། ཀླུ་བྱམས་ཀྱི་སྐད་ཆའི་བབ་བརླིང་དང་བདེན་དོན་རག་ལས་པས། ཁོང་ཨ་མའི་བུ་ཡིན་ན། ༧གོང་ས་མཆོག་ལས་ལྷག་གི་སྐད་ཆ་བཤད་སའི་ས་ཁོད་ཡངས་མོ་ཞིག་གཞར་ཡང་བསྐྲུན་ཆོག་ལ། འཛམ་གླིང་གི་ཀླུ་མཁར་བྱམས་དུ་བཞེངས་མི་ཆོག་པ་གང་ཡང་མེད། དེ་ནི་མདོར་འདེད་ན་རང་ལ་རག་ལས་པས། གཅོད་མཁན་རང་ཉིད་ཡིན་ལ་རྐྱོང་མཁན་ཀྱང་རང་ཉིད་ཡིན།
དམིགས་སུ་བཀར་ནས་བཤད་འདོད་པ་ཞིག་ནི། ཀླུ་བྱམས་ཀྱིས་རིག་གནས་ཤིག་སྨྲས་པ་དང་། རིག་གནས་ཤིག་སྨྲ་པའི་ལྕེ་ལུ་ག་དུས་ནས་ཡོད་མེད་ཁོ་བོ་དག་གིས་མ་མཐོང་ལ། རྟ་ནག་པ་སོགས་ཀྱིས་ཀྱང་དོན་དག་དེ་དྲངས་ནས་སྨྲས་པ་ཡིན་ན། འུ་ཚོའི་བགྲོ་གླེང་གི་སྐྱེས་ཆེན་༧ གོང་ས་མཆོག་ལྟ་བུའི་གཟིགས་ཟས་སུ་འགྱུར་བར་རེ་ལ། དེ་ལྟར་བྱུང་ན་ཀླུ་བྱམས་ལ་དོན་ཡོད་པ་དང་བཤད་མཁན་རྣམས་ཀྱང་དོན་ཡོད་དུ་འགྱུར་རེ་མི་ཆེ་ཞེས་སུས་ཀྱང་སྨྲ་མི་ཐུབ། ཀླུ་བྱམས་ཀྱིས་བོད་ཀྱི་འཕྲལ་ཕུགས་སུ་ཕན་པའི་རླབས་ཆེན་བཀའ་མོལ་གང་གནང་བ་དང་། དེར་སུས་ཕྲག་པ་དོག་དང་། ཡང་ན་དུམ་བུར་གཏུབ་པ་སོགས་ཁ་ལ་བླངས་ནས་ཁྱེད་ཚོར་ཤོད་རྒྱུ་འདྲ་ཡོད་ན། དེ་ནི་དོན་ལྡན་ནོ་ཞེས་ཀུན་པོས་སྨྲ་ངེས་ལ། དེ་དུས་སྒེར་གཅོད་དང་རང་དབང་སོགས་རང་བཞིན་གྱིས་སོ་སོར་ཁ་གྱེས་ནས་བུད་འགྲོ་བ་རེད་ལགས། དེ་མ་གཏོགས་རྟ་ནག་སྟོང་དང་གནམ་ལོ་ཁྲི་ཡིས་ཅི་ལྟར་ཡར་ཁྲིད་མར་ལ་དེད་ཀྱང་རུང་། བདེན་པ་ནི་བདེན་པར་གཞར་ཡང་གནས་སོ་ལོ་ཞེས་ཞུ་འདོད་བྱུང་།
འུ་ཚོའི་བགྲོ་གླེང་འདི་ཞེས་ཀློག་རོགས།
དངོས་གནས་ཉེ་སྔོན་ས་རྒྱུན་ཚང་གི་བྱེད་ལས་ཁག་ཅིག་ལ་ཡིད་ནག་གཏིང་ནས་ཆད་སོང་། ལྷག་པར་དུ་མི་སྒེར་གྱི་ཐོག་ལ་རང་གི་བླ་མ་དང་མི་མང་དཔུང་ལ་ཁྲིད་ནས་བླ་མ་དང་མི་མང་བཙོང་བ་དེས་ས་རྒྱུན་ཚང་གི་ལས་རྒྱུན་རེ་འགའི་བསམ་བློ་ནི་བྱིས་བློ་ཁོ་ན་ལས་མ་འདས་པ་དེ་གསལ་བཤད་བྱས་སོང་།
ད་དུང་མུ་མཐུད་དུ་སྐྱུག་བྲོ་བའི་བྱ་ལས་དེ་དག་ལས་པ་ཡིན་ན་ས་རྒྱུན་འདི་ལྟ་བུ་ཡོད་པ་ལས་མེད་པར་དགའ་བའི་དེ་དོན་དགོངས་འཇགས་ཡོང་བར་ཞུ་ཞུ།