– གྲོལ་ཧེ་རུ་ཀཿ
1.གུ་རུའི་སྐྱེ་ཁུངས་ལ་ངེས་གཏད་མེད། ཕ་མ་སུ་ཡིན་ལ་གསལ་ཁ་མེད། བསྟེན་པའི་གསང་ཡུམ་མང་ཡང་བསྐྱེད་པའི་གདུང་སྲས་མེད། གྲུབ་པའི་རྟགས་མཚན་མང་ཡང་བྲིས་པའི་གསུང་རྩོམ་མེད། གུ་རུའི་ཆོས་ལ་རང་བཟོ་མང་ཞིང་མགོ་ཁུངས་མེད། ལྟ་བར་རང་ལུགས་མེད་ལ་སྤྱོད་པ་འཆལ། གུ་རུས་རྫས་འཁྲུལ་གྱིས་མི་རྣམས་ཧང་སངས་ནས་བརྒྱལ་དུ་འཇུག་ཐུབ་ཀྱང་། རྫུ་འཕྲུལ་གྱིས་དད་འབངས་ནམ་ཡང་བསྐྱབ་མ་ཐུབ།
2.བསམ་བློ་རྣལ་དུ་ཕབས་ཏེ་སྐད་ཆ་དྲང་མོ་བཤད་ན། རྒྱ་གར་ཨ་ཙ་ར་གུ་རུ་པདྨ་མ་འབྱུང་གནས་ནི། ནམ་རྒྱུན་ང་ཚོས་བསམ་པ་ལྟར་དམིགས་བསལ་ཆེན་པོ་དེ་འདྲ་གང་ཡང་མ་རེད། མྱི་འཁྱམ་བྱ་བྲལ་བ་བྱ་མང་སྣ་ཚོགས་གཉེར་མཁན་ཞིག་རེད། སུ་ཞིག་རྒྱ་གར་དང་བལ་བོར་ཡོང་ན། གུ་རུའི་དཔེ་མཚོན་ལ་དེང་སང་ཡང་སྣང་བརྙན་གསོན་པོར་མཇལ་ཐུབ། སྣང་བརྙན་དེ་དག་མཐོང་ན་འགྲེལ་བཤད་མི་དགོས་པར་གུ་རུའི་བྱ་བྱེད་ལས་གསུམ་ངང་གིས་རྟོག་ཡོང་ངོ་།།
3.གཙོ་བོ་འདི་འདྲ་ཞིག་རེད། ཨོ་རྒྱན་ཡུལ་གྱི་དྭ་ཕྲུག་ཅིག་རླུང་རྟ་རྒྱུགས་ཏེ་རྒྱལ་བོའི་བུ་སྐལ་གྱུར། ཡང་རླུང་རྟ་མ་རྒྱུགས་པར་རྒྱལ་ཁབ་གཞན་གྱིས་བཅོམ་སྟེ་རང་ཉིད་ས་མཐར་འཁྱམ། ངེས་འབྱུང་རྫུན་མ་སྐྱེས་ཏེ་རབ་ཏུ་བྱུང་། ན་ལེནྡྲར་དགོན་པར་ནང་བསྟན་རག་ཙམ་སྦྱངས། དགོན་པར་ཁུངས་མ་ཆོད་པར་སྒོར་ཐོན། རྒྱ་གར་ཤར་ལྷོར་ཉུལ་ནས་སཱ་ཏྭི་བྷ་བྷ་འཁྲབ། མཐར་ཆགས་མགོ་མ་ཐོན་པར་སྡོམ་པ་ཤོར། ཧུན་དྷུ་ཆོས་ལས་མཐུ་དང་རྫུ་འཕྲུལ་བསླབས་ཏེ་སྔགས་ཆོས་རྫུན་མ་སྤེལ། སྔགས་ཆོས་ལག་མགོར་ཕྱར་ཏེ་རང་འདོད་མཇེ་ཡིས་དམུར།
4.ཟ་ཧོར་དཔོན་མོ་མནྡ་ར་བར་ལྐོག་འབྲེལ་བྱས། རྒྱལ་བོས་ཆད་པ་བོར་ཏེ་བལ་བོར་བྱོལ། ཡང་ལེ་ཤོད་དུ་བལ་བོའི་བདག་མོར་ཆགས་པས་བསྐུལ་ཏེ་བདག་མོ་བཀུམ། བལ་བོའི་ཁྲིམས་དང་འགལ་བས་སྡོད་པར་བག་མ་དྲོ། རྒྱ་གར་པཎ་གྲུབ་འཚོལ་མཁན་བོད་མི་སྦ་གསལ་སྣང་དང་འཕྲད། གུ་རུས་རང་ཉིད་རྒྱ་གར་གྲུབ་ཆེན་ཡིན་རབས་སྦ་གསལ་ལ་བཤད། སྦ་གསལ་ཡིད་ཆེས། སྦ་གསལ་གྱིས་གུ་རུ་བོད་དུ་བྱོན་པར་སྐྱབས་འཇུག་ཞུས། གུ་རུས་བརྩེ་བས་གཟིགས། བོད་དུ་ཕེབས་པར་ལོ་པཎ་གྲོས་འཆམས། སྦ་གསལ་བླུ་ཡོན་གསེར་དངུལ་ལེན་པར་བོད་དུ་ཕྱིར་ལོག ཞོར་དུ་བོད་རྒྱལ་ཁྲི་སྲོང་ལ་སྔོན་བརྡ་བརྒྱབས།
5.ཨོ་རྒྱན། རྒྱ་གར། ཟ་ཧོར། བལ་བོ་སོགས་ཀྱི་ཉེས་ཅན་ཁོང་། དེ་མུར་བོད་དང་འདབས་འབྲེལ་མ་ར་ཏུ་ཀར་གསང་བྲོས་ཀྱིས་ཕེབས། སྦ་གསལ་བསུ་མར་ཡོང་བ་དང་འཕྲད། བོད་འབངས་རྣམས་ཀྱིས་གུ་རུ་རྫུ་འཕྲུལ་གྱིས་ཕེབས་པར་བློས་བསླངས། ཡིད་ཆེས། དད་པ་བྱས། རྒྱུ་དེས་གུ་རུས་བོད་མི་རྣམས་ཀྱི་རྒྱུས་ལོན། མཐུལ་རྟོག གཏིང་དཔོགས་ནས་གང་དྲན་དྲན་བྱེད་པར་ལམ་ཁ་རྙེད།
6.བསམ་ཡས་སུ་ཕེབས་པའི་ལམ་ཁར། བསམ་བསམ་ནས། བོད་འབངས་བཅོམ་པར། དང་པོ་བོད་མིས་དད་གུས་བྱེད་སའི་གཙུག་གི་ལྷ་བཅོམ་དགོས་པའི་ངན་ཇུས་དྲན། བསམ་ཡས་ཧེ་པོར་འབྱོར་འཕྲལ། ཡར་ལྷ་ཤན་པོ་གཙོར་བྱས་ངན་ཇུས་ལག་བསྟར་བཏིང་། རྣམ་རྟོག་ཆེ་བའི་བོད་མི་རྣམས་གུ་རུའི་གདུལ་བྱ་གཤའ་མར་གྱུར། ཐབས་ལ་མཁས་པའི་གུ་རུས་བོད་ཀྱི་རྒྱལ་འབངས་ཡོངས་ལ་ཟངས་མདོག་དཔལ་རིར་བགྲོད་པའི་ལམ་ཡིག་བསྩལ། བོད་མི་རྣམས་ཟངས་མདོག་དཔལ་རིར་ཕེབས་འདོད་ལ་དབྱིངས་ཞུགས།
7.ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བཙུན་མོ་ཡེ་ཤེས་མཚོ་རྒྱལ་ལྐོག་མར་བརྫངས། གུ་རུ་ཐུགས་མཉེས་པས་བཞེས། མཚོ་རྒྱལ་རང་ལོ་སོ་དྲུག་སླེབས་ནས་གཞོན་ཤ་ཡལ། གུ་རུའི་ཨ་གསར་ཡལ་ཏེ་མཚོ་རྒྱལ་གསང་སྔགས་འཚོལ་བར་བལ་བོར་བཏང་། ལམ་བར་མཚོ་རྒྱལ་ལ་བཙན་གཡེམ་མང་དུ་ཐེབས། བལ་བོར་ལོ་ཤས་བསྡད་རིང་གུ་རུའི་ཆོས་གྲོགས་མཉམ་དུ་བདེ་སྟོང་ཟུང་འཇུག་བྱས། ཁ་སྦྱོར་ཡན་ལག་བདུན་ལྡན་མང་ཙམ་བརྒྱབས། མཐར་གསང་སྔགས་ཀྱི་དབང་ལུང་མན་ངག་ཁུར་ནས་བོད་དུ་ཕྱིར་ལོག ལམ་བར་ནས་ཡེ་ཤེས་ཚེ་སྒྲོན་ཞབས་ཞུར་ཁྲིད། ཚེ་སྒྲོན་གུ་རུས་བཀུག གུ་རུ་མཚོ་རྒྱལ་དང་རིང་དུ་བཀྱེད། མཚོ་རྒྱལ་ཁེར་རྐྱང་གི་གདུང་བས་མནར་ཏེ་སྐྱོ་གླུ་མང་དུ་ཤོར།
8.གུ་རུ་བོད་ལ་རྒྱལ་ཐོག་གསུམ་རིང་བསྡད། མཐར་གུ་རུ་བགྲེས་ནས་རང་ལོ་གྱང་གྲངས་ལ་སླེབས། དབང་ཤུགས་དང་རྫུ་འཕྲུལ་མཉམ་དུ་ཉམས། བོད་བཙན་པོའི་རྒྱལ་རབས་ཉམས་པའི་ས་བོན་བསམ་ཡས་སུ་བཏབ། གུ་རུས་རང་གི་མི་ཚེ་མཉམ་དུ་བཏབ། མཐར་གུ་རུ་རྒས་ཀྱང་བོད་ཉམས་པའི་སྨྱུ་གུའི་ལང་ཚོ་དར་ལ་བབས་ཏེ་འབྲས་བུ་སྨིན།
9.གུ་རུ་ཕྱིར་རང་གི་ཕ་ཡུལ་དུ་ལོག་པའི་སྟ་གོན་བོན་བློན་རྣམས་ཀྱིས་ཁུར། ཐེངས་འདིའི་ཕ་ཡུལ་ནི་ཨོ་རྒྱན་མཁའ་འགྲོའི་གླིང་མ་ཡིན་པར་རྔ་ཡབ་སྲིན་པོའི་གླིང་དུ་གཏན་ཁེལ། དེ་ནི་གུ་རུའི་ཆེས་མཐའ་མའི་མི་ཚེའི་ཕམ་ཁའི་གནས་མལ་དུ་གྱུར། དེ་ནས་བཟུང་བོད་འབངས་རྣམས་ཀྱིས་གུ་རུ་གཏན་ནས་མཐོང་མ་མྱོང་། གུ་རུ་སོང་རྗེས་བོད་འབངས་རྨིང་ནས་ཞིག་སྟེ་སིལ་བུར་འཐོར།གུ་རུའི་བྱིན་རླབས་ཀྱིས་བོད་བཙན་པོའི་རྒྱལ་མཇུག་བསྡུས།
10.དུམ་ཚན་བཅུ་བ་འདི་བྲིས་ནས་གུ་རུའི་ལོ་རྒྱུས་ལ་རྩོད་པ་སྤང་རྒྱུ་ཡིན། མདོར་ན་གུ་རུའི་དམིགས་ཡུལ་འགྲུབ་ཀྱང་བསམ་དོན་མ་འགྲུབ། བོད་མིའི་བསམ་དོན་འགྲུབ་ཀྱང་དམིགས་ཡུལ་མ་འགྲུབ། བོད་འབངས་རྣམས་མཐར་ད་རུང་གུ་རུའི་ཁ་ཆེམས་དང་ལུང་བསྟན་ལ་དད་ཅིང་གུས། གུ་རུ་དང་བོད་མིའི་ལས་འབྲེལ་ནི་ལྟས་དབང་ཞིག་ཡིན། ལྟས་དབང་གི་ལས་འབྲས་དེ། དེང་འདིར་བོད་ལ་སྨིན་ནས་ཡོད་དོ།།
2022.8.21
སངས་རྒྱས་གཉིས་པ་ཨོ་རྒྱན་རིན་པོ་ཆེ་།
གུ་རུ་པདྨའི་ཞབས་ལ་གསོལ་བ་འདེབས་།
བོད་ཡུལ་མུན་པའི་གླིང་དུ་ཞབས་ཀྱི་བཅག་།
མ་མོ་དམ་སྲི་འདྲེ་བཙན་དམ་ལ་བརྟགས་།
སངས་རྒྱས་བསྟན་པ་ཉི་འོད་བཞིན་དུ་སྤར་།
གུ་རུའི་བཀའ་དྲིན་བོད་མིའི་སེམས་ནང་ལྷག་།
ཨོ་རྒྱན་པདྨའི་ཞབས་ལ་གསོལ་བ་འདེབས་།
ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་།
བསམ་པ་ལྷུན་གྱི་འགྲུབ་པ་སྦྱིན་གྱི་རློབས་།
༼མིག་རྒྱང་སྲིངས་ན་དགའ༽
ཁ་བའི་རྣམ་ཤེས།
འགྲོ་བ་མི་ལོ་རྒྱུས་རིང་མོའི་ནང་།།
ཆོས་ལུགས་ཁྱབ་དར་ཆེ་ཤོས་ཡེ་ཤུ་སྟེ།།
དེ་ཡི་སྟོན་པས་རྫུ་འཕྲུལ་བསྟན་པ་མང་།།
ཁུངས་སྐྱེལ་དགོས་ཞེས་སྨྲ་ན་སྨྱོན་པ་དངོས།།