ཀླུ་སྨྱོན།
མི་ལ་རས་པའི་རྣམ་ཐར་ནང་དུ། ལ་སྟོད་ན་གུ་རུ་ཚེམས་ཆེན། དིང་རི་ན་དམ་པ་སངས་རྒྱས། བལ་བོ་ན་ཤི་ལ་བྷ་རོ། རྒྱ་གར་ན་དྷརྨ་བོ་དྷི། གཉའ་ནང་ན་མི་ལ་རས་པ། ཞེས་པ་སྐབས་དེ་དུས་ཕ་དམ་པ་དང་མི་ལ་རས་པ་ལྟ་བུའི་སྐད་གྲགས་ཅན་གྱི་གྲུབ་ཐོབ་ཅིག་གི་མིང་འདུག་མོད། ལོ་རྒྱུས་དེབ་ཐེར་ནང་གུ་རུ་ཚེམས་ཆེན་དེ་ཆོས་བརྒྱུད་གྲུབ་མཐའ་གང་གི་ཁོངས་སུ་གཏོགས་པ་དང་། བླ་མ་སུ་ཡིན་སོགས་ཁོང་གི་སྐུ་ཚེའི་རྣམ་ཐར་སྐོར་རྩད་གཅོད་བྱས་ཀྱང་ད་ཕན་ཅང་མ་རྙེད། ཁྱེད་ཅག་གིས་དེའི་སྐོར་ཞིབ་འཇུག་རེ་གནང་རོགས།
གོང་གི་དྲི་བ་དང་མ་འབྲེལ་བའི་མཆན་ཚང་མ་བསུབས་ཟིན། དགོངས་པ་ཁྱོན་ནས་མ་ཚོམས།
ཀླུ་སྨྱོན་ལགས་ཁྱེད་ཀྱིས་ཁ་བརྡ་དྲ་བ་འདི་སྒེར་སྤྱོད་མི་གནང་བའི་རེ་བ་ཡོད། དེ་རིང་གཞི་ནས་ཤེས་སོང། ང་ལ་དྲི་བ་ཞིག་ཡོད། གཉའ་ནང་དེ་ལ་སྟོད་པ་རེད་དམ་མ་རེད། ལ་སྟོད་ཅེས་པའི་ས་ཁོངས་གང་འདྲ་ཞིག་ལ་འཇོག་གམ། ལ་སྟོད་ཟེར་བའི་མིང་དེ་ག་དུས་ནས་བྱུང་ངམ། དེ་བོད་ཆོལ་ཁ་གསུམ་ལས་མདོ་ཁམས་མིན་པ་གཞིར་བཅས། དབུས་གཙང་གཉིས་ཀྱི་མངའ་རིས་གང་དུ་གཏོགས་སམ། དེ་འབྲེལ་བ་ཡོད་པའི་མཆན་ཡིན་པས་མ་བསུབ་རོགས་གནང་ཞུ་གི་ཡོད། ཁ་བརྡ་དྲ་བ་འདི་མི་རེ་བཟུང་གིས་གང་བྱས་མི་འབྱུང་བའི་རེ་བ་ཡོད།
མཁས་དབང་ཀླུ་སྨྱོན་ལགས།
༼ཆོ་ག་དེའི་ནང་བེད་སྤྱོད་པའི་དཔེ་ཆ་ནི་མ་རྒྱུད་རྒྱུད་གསུམ་ཞེས་པའི་དཔེ་ཆའི་ནང་ནས་དྲངས་པར་གྲགས། དེ་ཡང་བོན་གྱི་ལོ་རྒྱུས་ལྟར་ན། བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་(༧༤༢—༧༩༧)གྱིས་དུས་རབས་བརྒྱད་པའི་སྐབས་བོན་སྣུབ་སྐབས། བོན་གྱི་གལ་ཆེའི་དཔེ་ཆ་གསུམ་པོ་དེ་དག་་་གཙང་གི་རྟ་ནག་དུང་ཕོར་་་གྱི་བྲག་ཕུག་ནང་སྦས་པ་དང༌།
དུས་རབས་བཅུ་གཉིས་པའི་ནང་དུ་གུ་རུ་རྣོན་རྩེ་(༡༡༣༦ལོར་འཁྲུངས་)ཡིས་དཔེ་ཆ་དེ་དག་གཏེར་ནས་བཏོན་ཏེ་དེའི་ནང་དོན་ཁྱབ་གདལ་གཏོང་འགོ་ཚུགས།
མཐའ་མ་དཔེ་ཆ་དེ་དག་གཙང་དར་སྡིང་ཁུལ་དུ་གནས་བཅའ་བའི་གཤེན་ཚང་གི་ལག་ཏུ་སོན། ཤོད་སྲོལ་ལྟར་ན། གཤེན་ཉི་མ་རྒྱལ་མཚན་(༡༣༦༠ལོར་འཁྲུངས་)གྱིས་འཆམ་དེ་ཐོག་མར་སྲོལ་བཏོད་ཅིང་ཁྱབ་གདལ་དུ་བཏང་བར་གྲགས། མ་རྒྱུད་ཚོགས་འཆམ་གྱི་འདོན་པ་དང༌། དབྱངས་རྟ། འཁྲབ་ཚུལ་བཅས་ནི་བོན་ཀྱི་གྲུབ་མཐའ་འཛིན་པ་རྣམས་ཀྱི་ཁྲོད་དུ་དམིགས་བསལ་རང་བཞིན་གྱི་ཁྱད་ཆོས་ལྡན་པ་ཞིག་ཡིན་ལ། དེ་ནི་གཤེན་ཚང་གིས་འཕེལ་རྒྱས་བཏང་བའི་འཆམ་ཞིག་ཡིན་པས་ན་གཤེན་ལུགས་ཞེས་གྲགས།༽
གོང་གི་རྩོམ་ཡིག་དེ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ཀྱིས་ཕྱོགས་བསྒྲིགས་གནང་བ་ཞིག་རེད་འདུག །
རྗེ་བཙུན་མི་ལ་རས་པ་མཆོག༼1052-1135༽
གཏེར་བཏོན་གུ་རུ་རྣོན་རྩེ་མཆོག༼༡༡༣༦ལོར་འཁྲུངས་༽ འདས་ལོ་མ་གསལ། བོན་ལུགས་སུ་བླ་མ་འདི་གྲུབ་ཐོབ་སྐད་གྲགས་ཅན་ཞིག་ཡིན་པར་ཤོད་སྲོལ་འདུག དེ་བྱས་ནས་ངས་ཁྱེད་ལ་ངོ་སྤྲོད་ཞུས་པ་ཡིན། གཅིག་བྱས་ན་བླ་མ་འདི་ཡིན་སྲིད། ཡང་ན་ཁོང་གི་གོང་མ་འདྲ་ཡང་ཡིན་སྲིད་པ་རེད། །
རྗེ་བཙུན་མི་ལ་རས་པ་མཆོག༼1052-1135༽
གཏེར་བཏོན་གུ་རུ་རྣོན་རྩེ་མཆོག༼༡༡༣༦ལོར་འཁྲུངས་༽ འདས་ལོ་མ་གསལ།
ཡག་པོ་གཟིགས
གཏེར་སྟོན་ཆེན་པོ་གུ་རུ་རྣོན་རྩེ་མཆོག་ནི། ཀུན་མཁྱེན་ཉི་མའི་བསྟན་རྩིས་ལྟར་ན་རབ་བྱུང་གཉིས་པའི་ནང་མེ་འབྲུག་སྟེ་ཕྱི་ལོ་༡༡༣༦ལོར་སྐུ་འཁྲུངས་པར་མ་ཟད། རིག་འཛིན་གོང་མ་རྣམས་ཀྱིས་ལུང་དུ་བསྟན་པའི་སྐྱེས་བུ་དམ་པ་ཡིན་པ་ནི། དེ་ཡང་དབྱིལ་གྱི་ལྡེ་མིག་འབྲིང་པོ་ལས། གུ་རུ་རྩེ་མོ་བྱ་བ་ཡིས། རྟ་ནག་དུང་ཕོར་དངོས་གྲུབ་ལེན། ཞང་ཞུང་ཐ་མི་དད་ཀེའི་སྤྲུལ་པ་ནི། གཏེར་སྟོན་གུ་རུ་རྣོན་རྩེ་ཞེས་བྱ་བ། ཞེས་ཞང་ཞུང་གི་མཁས་པ་ཐ་མི་དད་ཀེའི་སྤྲུལ་པར་ལུང་དུ་བསྟན་ཅིང་། ཁོང་གིས་གཡས་རུ་གཙང་སྟོད་རྟ་ནག་དུང་ཕོར་ནས། འདུལ་བ་རྒྱུད་དྲུག་ཞི་ཁྲོ་རྩ་འགྲེལ་དང། མཐོ་ཐོག་མཛོད་དང་། ཁྲོ་བོ་གསང་སྔགས་སྐོར་དང་། གེ་ཁོད་མེ་རིའི་སྐོར་གྱི་རྒྱུད་དང་ཁྲིད་རིམ། མ་རྒྱུད་ཐུགས་རྗེ་ཉི་མའི་བོན་སྐོར་རྒྱུད་གཞུང་འགྲེལ་ལས་སོགས་གཏེར་ལས་དྲངས། གཞན་ཡང་གཏེར་རྫས་སུ་རྔ་སྟོང་རི་ཆེམ་པ་ལས་སོགས་ཀྱང་དྲངས། གུ་རུ་རྣོན་རྩེའི་རྣམ་ཐར་རིན་ཆེན་འཕྲེང་བ་ཆེ་ཆུང་གཉིས་སུ་ཡོད་པར་རིག་འཛིན་ཀུན་གྲོལ་གྱིས་གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག་ལས་གསུངས་མོད་ད་ལྟ་མཇལ་ཡུལ་དུ་མ་གྱུར་བས་ཞུ་ཚོད་དཀའ། གཞན་སྡེ་རྙིང་མས་ཀྱང་གཏེར་སྟོན་གྱི་གྲལ་དུ་བརྩིས་ཏེ། མཚན་དུ་བོན་པོ་ལྷ་འབུམ་ཞེས་ཀྱང་གསོལ་བར་མ་ཟད། ཀོང་སྤྲུལ་གྱིས། ཁོང་གིས་གཙང་རྟ་ནག་ནས། ཆོས་བོན་སྨན་རྩིས་སོགས་བྱུང་ཀྱང༌། རང་ལུགས་ལ་མདོས་ཕྲན་ཙམ་ལས་གཞན་མ་བཞུགས། བོན་པོའི་མ་རྒྱུད་བྱུང༌། ཁོང་ནི་འབྲོམ་སྟོན་དང་དུས་མཉམ། ཞེས་གསུངས་པ་ལྟར་རོ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ནི་བདུད་འཇོམ་གྱི་ཆོས་འབྱུང་ལྟར་ན་ཕྱི་ལོ་༡༠༠༤་ལོར་འཁྲུངས་པ་དང། དེབ་སྔོན་ལྟར་ན་ཕྱི་ལོ་༡༠༠༥ལོར་འཁྲུངས་ཤིང་ཕྱི་ལོ་༡༠༦༤ལོར་གཤེགས་པ་དང། དགའ་ལྡན་ཆོས་འབྱུང་ལས་ཕྱི་ལོ་༡༠༦༣ལོར་གཤེགས་པ་དང་།
ཀུན་མཁྱེན་ཉི་མས་ཕྱི་ལོ་༡༠༣༤ལོར་འཁྲུངས་པར་བཤད་པ་སོགས་འཁྲུངས་འདས་ཀྱི་སྐོར་ལ་ཤོད་ཚུལ་མི་འདྲ་བ་དུ་མར་སྣང་བས་དུས་མཉམ་དུ་བྱུང་མིན་ཀྱང་ཐག་ཆོད་དཀའོ།
༼དྲྭ་རྒྱ་གཞན་ཞིག་ནས་བཤུས་པ་ཡིན་རྒྱས་པར་གཟིགས་འདོད་ན་བརྒྱུད་འགོད་བྱ་ཆོག །༽ དཔྱད་གཞིར་ཕུལ། །
་་་་་་་་་་་་་ དེ་ཡང་དབྱིལ་གྱི་ལྡེ་མིག་འབྲིང་པོ་ལས། གུ་རུ་རྩེ་མོ་བྱ་བ་ཡིས། རྟ་ནག་དུང་ཕོར་དངོས་གྲུབ་ལེན། ཞང་ཞུང་ཐ་མི་དད་ཀེའི་སྤྲུལ་པ་ནི། གཏེར་སྟོན་གུ་རུ་རྣོན་རྩེ་ཞེས་བྱ་བ། ཞེས་ཞང་ཞུང་གི་མཁས་པ་ཐ་མི་དད་ཀེའི་སྤྲུལ་པར་ལུང་དུ་བསྟན་ཅིང་།
ཁོང་གིས་གཡས་རུ་གཙང་སྟོད་རྟ་ནག་དུང་ཕོར་ནས། འདུལ་བ་རྒྱུད་དྲུག་ཞི་ཁྲོ་རྩ་འགྲེལ་དང། མཐོ་ཐོག་མཛོད་དང་། ཁྲོ་བོ་གསང་སྔགས་སྐོར་དང་། གེ་ཁོད་མེ་རིའི་སྐོར་གྱི་རྒྱུད་དང་ཁྲིད་རིམ། མ་རྒྱུད་ཐུགས་རྗེ་ཉི་མའི་བོན་སྐོར་རྒྱུད་གཞུང་འགྲེལ་ལས་སོགས་གཏེར་ལས་དྲངས། ་་་་་་་་་་་་་་