གཅེར་བུ་པ།
ཐག་ཐག་འཕག་པའི་ཆུ་ཚོད་མདའ་རྩེ་ལས།།
ཚེ་ཡི་ཟིལ་བ་ལྷེམ་ལྷེམ་གཡོ་བཞིན་རྒྱུ།།
རེ་དང་འདུན་པ་མང་པོའི་བང་རིམ་ལས།།
སང་ཉིན་ཡང་ཡང་འཁྲུང་བའི་སྟ་གོན་བྱས།།
གྱང་ངོར་ལྷན་པའི་ལྷ་རིས་སྣ་ཚོགས་ཀྱིས།།
དད་སེམས་ཁོ་ནར་བྱིན་རླབས་ཐེ་བ་སྟེར།།
དར་རྒུད་སྲིད་པའི་གཡོ་འཕྲུལ་རིང་མོ་ལས།།
རང་ཚུགས་གྱང་ཁའི་རྩ་བཞིན་གང་སར་འཁྱོགས།།
རྨི་ལམ་ནང་དུ་ཡང་ཡང་འཁོར་བ་གང་།།
དེ་རིང་སེམས་ཀྱི་གམ་དུ་ལྷགས་བྱས་ནས།།
སྙིང་གི་ཐིག་ལེ་འཛིན་པའི་སྒུལ་ཤུགས་ཀྱིས།།
རང་ཉིད་རྨང་ནས་བཏུལ་ཞིང་བཤིག་པར་བྱས།།
དཔེ་དེབ་ཤོག་ལྷེ་ཕར་འཛིང་ཚུར་འཛིང་ཅན།།
སེམས་ཀྱིས་སྔས་མགོ་ཉིད་དུ་བཟུང་བའི་གཤིས།།
བབས་སའི་མགོ་ཁུངས་མེད་པའི་ཐལ་རྡུལ་འགའ།།
སླར་ཡང་སྟོང་པའི་དབྱིངས་སུ་ག་ལེར་སྤུར།།
རྡོག་སྒྲ་ཆིག་རྐྱང་མང་པོ་བཞུད་ཤུལ་དུ།།
རང་གི་གོམ་སྒྲ་དེ་ཡང་མག་མུག་གྱུར།།
ཅི་ཡང་མེད་པའི་ཡུལ་དུ་གྱར་ཉེན་གྱི།།
སེམས་ཀྱི་གསོས་སུ་སྟོང་བསམ་ཐོལ་བ་བཅངས།།
བརྩེ་བའི་བདག་ཉིད་གང་ལ་ཡོད་གྱུར་པ།།
ཉེ་རིང་མེད་པའི་ཕྱག་ཟུང་འཇམ་ཞིང་མཉེན།།
ཁ་བའི་མདངས་ལ་འཁྲི་བའི་ལྷག་བསམ་གང་།།
ངན་དགུ་འདྲེས་པའི་ཀློང་ནས་ལྷག་ཏུ་འབར།།
ཚོར་བའི་རླབས་ཀྱིས་བླ་འོག་བསྒྱུར་བ་ཡིས།།
སེམས་ཀྱིས་སེམས་ལ་འཇལ་བའི་ལྕི་ཁྲལ་འགའ།།
རྡོ་ཚན་ངོས་སུ་ལྷུང་བའི་ཆུ་ཐིགས་བཞིན།།
དེ་མ་ཉིད་དུ་གང་ལ་འཐིམ་ཞིང་ཡར།།
2013. 6. 13.