མེ་སྟག (Spark)
དེ་རིང་བོད་རིག་པའི་ཞིབ་འཇུག་པ་ཞིག་གི་འཆད་ཁྲིད་ལ་ཉན་དུ་སོང་བ་ཡིན། མོས་བོད་ཀྱི་དགོན་པའི་ནང་དུ་བུད་མེད་ཚོ་ཞག་སྡོད་བྱེད་མི་ཆོག་པར་བཤད་ཅིང་། འདི་ཡང་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་བུད་མེད་ཀྱི་གོ་ས་དམན་པའི་རྟགས་ཤིག་ཏུ་བརྗོད། གང་ལྟར་ང་ཚོའི་ཕ་ཡུལ་དུ་འདི་འདྲ་མིན། སྤུན་ཟླ་ཚོའི་ལྟ་བ་དང་མྱོང་བ་གསུང་རོགས།
གྲྭ་བའི་དགོན་པར་བུད་མེད་ཞག་སྡོད་བྱེད་མི་ཆོག་དང་པ་དང་། བཙུན་མའི་དགོན་པར་སྐྱེས་པ་ཞག་སྡོག་བྱེད་མི་ཆོག་པ་དགོན་པའི་ཁྲིམས་རེད། གཏམ་བཤད་དེ་བོད་ཀྱི་སྤྱི་ཚོགས་ཁྲོད་ཕོ་མོར་འདྲ་མཉམ་མེད་པ་དང་བུད་མེད་ལ་གོ་ས་དམན་པའི་སྒྲུབ་བྱེད་དུ་འགྲོ་གི་མ་རེད། སྤྱིར་བོད་པའི་པའི་སྤྱི་ཚོགས་ཁྲོད་བུད་མེད་དང་སྐྱེས་པར་མཐོང་ཆེ་ཆུང་ངམ་དབྱེ་འབྱེད་ཅི་འདྲ་ཞིག་ཡོད་པ་ང་ཚོས་ཤེས་ཤེས་པ་རེད། དེ་ཙམ་ཡིན།
དགོན་པ་རུ་བུད་མེད་ཞག་སྡོད་བྱེད་མི་ཆོག་པ་དེ་ཆོས་བརྒྱུད་དང་ཡང་ན་ས་ཕྱོགས་གང་ཡིན་ལ་ཁྱད་པར་མེད་པར། བོད་ཕྱི་ནང་གཉིས་ཀར་གཅིག་གྱུར་གྱི་འགྲོ་ལུགས་ཤིག་ཡིན་ནམ།
འདུལ་འཛིན་གྲྭ་བའི་དགོན་སྡེར་བུད་མེད་ཞག་སྡོད་མི་ཆོག་པ་དང་། བཙུན་མའི་དགོན་སྡེར་སྐྱེས་པ་ཞག་སྡོད་བྱེད་བྱ་མི་ཆོག་པ་བོད་ཕྱི་ནང་གང་དུའང་ཁྱད་པར་ཡོད་རྒྱུ་མ་རེད། སངས་རྒྱས་ཀྱིས་བོད་ཕྱི་ལ་འདུལ་བ་ཞིག་དང་ནང་དུ་འདུལ་བ་ཞིག་སོ་སོར་གསུངས་ཡོད་པ་མ་རེད།
“ཁྱིམ་པས་འདུལ་བ་ཤེས་ན་སུ་ལ་གནོད” ཅེས་འདུལ་བ་དང་འབྲེལ་བའི་བགྲོ་གླེང་འབྲེལ་ཐག་ཅིག
http://www.khabdha.org/?p=4148
སངས་རྒྱས་ཀྱིས་འདུལ་བ་ཞིག་སོ་སོར་གསུངས་མེད་ན། བུད་མེད་ཞག་སྡོད་བྱེད་ཆོག་མི་ཆོག་ཟེར་བ་དེ་ནང་པའི་དགོན་པ་ཚང་མར་ཁྱབ་པ་ཞིག་མ་རེད་དམ། བོད་ཀྱི་བོན་དགོན་ཁག་ལའང་དེ་ལྟར་རེད་དམ།
རྡ་རམ་ས་ལའི་ཚེ་མཆོག་གླིང་དགོན་པར་བུད་མེད་ཞག་སྡོད་སྐོར་གྱི་གནས་ཚུལ་ཞིག་དང་འབྲེལ་ནས་དགོན་བདག་བླ་མ་བསྟན་འཛིན་དགེ་ལེགས་ཀྱིས་བོད་ཀྱི་དུས་བབ་གསར་འགོད་པའི་དྲི་བར་ལན་བཏབས་པ།
གསར་འགོད་པའི་དྲི་བ། [2011ལོ་] ཉེ་སྔོན་ཕྱི་ཟླ་ ༧ ཚེས་ ༢༥ ཉིན་[ཚེ་མཆོག་གླིང་]དགོན་པའི་མཁན་པོ་དང་ཕྱག་མཛོད། ངྷ་ས་ས་གནས་མགོ་འཛིན་སོགས་ལྷན་བཞུགས་ཀྱི་ཐག་གཅོད་ཅིག་བྱུང་ཡོད་པའི་ནང་། ཚེ་མཆོག་གླིང་རིན་པོ་ཆེ་ཕེབས་མ་ཐག་དགོན་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ ༧ ཁ་སྐོང་འོས་འདེམས་བྱ་དགོས་སྐོར་དང་། ཐུབ་བསྟན་སྙན་གྲགས་ཀྱིས་མ་འོངས་པར་དགོན་པའི་ནང་ཆང་འཐུང་བ་དང་བུད་མེད་ཞག་སྡོད་བྱེད་བཅུག་མི་ཆོག་པའི་སྐོར་སོགས་བཀོད་འདུག དེ་ད་ཆར་ལག་བསྟར་གནང་འཆར་ཡོད་དམ།
དགོན་བདག་བླ་མའི་ལན། “ཕྱག་མཛོད་ལགས་ཀྱིས་དགོན་པའི་ནང་ཆང་བཏུང་ཡོད་མེད་དེ་ང་རང་[འབྲས་ལྗོངས་]སྒང་ཐོག་ཏུ་བསྡད་ཡོད་པས་ངས་ཤེས་ཀྱི་མེད། སྐྱེས་དམན་ཉར་མིན་དེ་སོ་སོ་རང་གི་འདོད་པ་རེད། ངས་ཁོང་ལ་ཆང་ས་རྒྱག་ཆོག་གི་མ་རེད། སྐྱེས་དམན་ཉར་ཆོག་གི་མ་རེད། ཅེས་བཤད་རྒྱུའི་དབང་ཆ་ཡོད་པ་མ་རེད། སྐྱེས་དམན་འཁྲིད་མིན་དེ་ཁོང་སྒེར་གྱི་གནད་དོན་རེད་མ་གཏོགས་དགོན་པ་དང་འབྲེལ་བ་ཡོད་པ་མ་རེད། དགོན་པ་གཞན་པར་མཚོན་ནའང་། ཕྱག་མཛོད་སྐྱེས་དམན་ཉར་མཁན་དེ་འདྲ་ཡོད་པ་རེད། ང་རང་ལ་མཚོན་ནའང་། ང་བླ་མ་རེད་ལ་སྐྱེས་དམན་ཡང་ཡོད། དེ་ང་རང་སྒེར་གྱི་གནད་དོན་རེད། མི་སྒེར་གྱི་གནད་དོན་ལ་སུ་གང་གིས་ཐེ་གཏོགས་བྱ་རྒྱུའི་དབང་ཆ་ཡོད་པ་མ་རེད། དགོན་པའི་འགན་འཛིན་ལྷན་ཚོགས་བསྐོ་བཞག་སོགས་ལས་དོན་གཞན་དག་རིམ་པས་ཡར་རྒྱས་གཏོང་འཆར་ཡོད། ”
གནས་ཚུལ་ཡོང་ཁུངས། http://www.tibettimes.net/news.php?id=4829&&cp=4
བོན་ལུགས་ལའང་འདུལ་བའི་དགོན་སྡེ་རྣམས་སུ་བུད་མེད་དང་ཡང་ན་སྐྱ་མི་ཞག་མི་ཆོག་པ་མ་ཟད། གྲྭ་བར་རབ་ཏུ་བྱུང་རྗེས་མ་དང་སྲིང་མོ་ཚུན་ཆད་ཁང་བ་གཅིག་གི་ནང་ལྷན་དུ་ཉལ་མི་ཆོག་པའི་ཁྲིམས་ཡོད་པ་རེད། དེ་ཙམ་ཞུ་ཡ་ཡིན། དེ་མིན་ཆོས་ལུགས་གཞན་ལ་ཟུར་ཟའི་རིགས་ཀྱི་གཏམ་སྨྲ་བར་མི་འདོད་དོ། །
བུད་མེད་དགོན་པའི་ནང་ཞག་སྡོད་མི་ཆོག་པ་གྲྭ་པས་བུད་མེད་ཀྱི་ཐོབ་ཐང་འཕྲོག་པའི་མཚོན་དོན་དུ་བཤད་ན་འགྲིག་གི་མེད། གྲྭ་པར་རང་ཁྲིམས་སྲུང་རྒྱུ་དང་སྟོན་པའི་བཀའ་ཁྲིམས་བརྩི་རྒྱུའི་འགྲོ་བ་མིའི་ཐོབ་ཐང་ཞིག་ཡོད་པ་རེད། དེར་དེང་སང་དེང་རབས་ཀྱི་ཡར་ཐོན་བསམ་བློ་ཡོད་མདོག་སྟོན་མཁན་གྱི་བུད་མེད་དང་དེ་འབྲེལ་གྱི་བསམ་སྤྱོད་འཛིན་མཁན་ཚོས་རྡོག་རོལ་མ་བཏང་ན་ཡག་པོ་རེད་སྙམ།
ངའི་ཁང་པའི་ནང་ཁྱིམ་མཚེས་ཀྱིས་ཞག་སྡོད་མི་ཆོག་པ་ངས་ཁྱིམ་མཚེས་ཀྱི་རང་དབང་འཕྲོག་པར་འགྲེལ་བཤད་བརྒྱབ་ན་དངོས་ནས་བསམ་ཤེས་མེད་པ་རང་མ་རེད་པས།
སྐྱེས་པ་ཕོ་གཅིག་པུ་སྡོད་སའི་སློབ་གྲྭའི་ཉལ་ཁང་ནང་བུད་མེད་ཞག་སྡོད་མི་ཆོག་པ་ཡང་སྐྱེས་པས་བུད་མེད་ཀྱི་ཐོབ་ཐང་འཕྲོག་པར་འགྲེལ་བཤད་བྱེད་དགོས་པ་དང་། བུད་མེད་གཅིག་པུ་འགྲིམ་སའི་སློབ་གྲྭའི་ཉལ་ཁང་ནང་སྐྱེས་པ་ཞག་སྡོད་མི་ཆོག་པ་ཡང་དེང་རབས་ཀྱི་སློབ་གྲྭ་ཆེན་མོ་དེ་ཚོར་འདུག་པས། དེ་དག་ཀྱང་བུད་མེད་ཀྱིས་སྐྱེས་པའི་ཐོབ་ཐང་འཕྲོག་པར་འགྲེལ་བཤད་བྱེད་རྒྱུ་ཡིན་ནམ།
དངོས་གནས་དེང་སང་བསམ་བློ་མ་བཏང་བར་དྲན་ཚད་ཁ་ནས་བཤད་དེ་ཞིབ་འཇུག་ཡིན་པའི་རྣམ་འགྱུར་སྔོན་པ་འདི་ལྟ་འགྲིག་གི་མི་འདུག
བུད་མེད་དགོན་པའི་ནང་དུ་ཞག་སྡོད་བྱེད་མི་ཆོག་ཟེར་བའི་སྒྲིག་གཞི་འདི་ནི་དགོན་པ་གང་དག་ཏུ་ཇི་ལྟར་ལག་ལེན་བྱེད་ཕྱོགས་གསལ་པོ་ཞིག་བྱུང་མ་སོང་། ཁ་ཤས་ཀྱིས་སྒྲིག་གཞི་འདི་ནི་ཆོས་བརྒྱུད་ཚང་མར་ལག་བསྟར་བྱེད་པ་མ་ཟད། ཐ་ན་བོན་དགོན་ཁག་ཏུའང་དེ་ལྟར་རེད་ཟེར། ཡིན་ནའང་དགོན་པ་ག་ཚད་ཅིག་ཏུ་འདི་ནི་དངོས་སུ་ཡིག་ཐོག་ཏུ་བྲིས་ཏེ་བཅའ་ཡིག་གི་ཁོངས་སུ་གཏན་འབེབས་བྱས་ཡོད་མེད་སོགས་ཞིབ་ཙམ་བཤད་ཐུབ་མཁན་ཡོད་དམ།
དོ་སྣང་ཡོད་མཁན་ཚོས་འབྲེལ་ཐག་འདིར་ཅིག་གཟིགས་དང་།
http://bo.jetsongkhapa.org/d/file/gsungrab/bjayig/2014-12-03/serphaystsogsgtam_b03908f967882ff0c35e3db8dcc1ecd9.pdf
འདི་ནི་སེར་བྱེས་མཁས་སྙན་གྲྭ་ཚང་གི་བཅའ་ཡིག་གི་འབྲེལ་ཐག་རེད།
གཡུང་དྲུང་བོན་གྱི་གདན་ས་གཙོ་བོ་གཙང་བཀྲ་ཤིས་སྨན་རིའི་དགོན་དུ་འདུལ་ཁང་དང་གྲྭ་ཤག་ལ་བཟོ་བཅོས་སམ་ཞལ་འདམ་གཡོག་མཁན་གྱི་ལས་མི་བུད་མེད་རྣམས་ས་ཐག་རིང་པོ་ཅི་ཙམ་ནས་ཡོང་ཡང་མཚན་མོར་ཞག་སྡོད་མི་ཆོག་པར་ཕྱིར་རང་ཡུལ་དུ་ལོག་དགོས་སྐད། དཔལ་ལྡན་སྨན་རི་བ་མཉམ་མེད་ཤེས་རབ་རྒྱལ་མཚན་མཚན་གྱིས་མཛད་པའི་འདུལ་གཞུང་དུ་མ་དང་སྲིང་མོ་ཚུད་ཆད་མཚན་མོར་དགོན་པར་སྡོད་མི་ཆོག་ཅེས་བཀའ་ཕབ་ཡོད། དེ་བཞིན་བོན་གྱི་བཙུན་དགོན་རྣམས་ལའང་མི་སྐྱ་ཕོའི་རིགས་ཞག་སྡོད་མི་ཆོག་པ་ཤུགས་ཀྱིས་གྲུབ། ད་ཆར་ཡང་བྱེས་ཀྱི་གདན་ས་སྨན་རིའི་གླིང་སོགས་བོན་གྱི་འདུལ་བའི་དགོན་སྡེ་རྣམས་སུ་དེ་དེ་བཞིན་ནོ། དེ་དག་ནི་རབ་བྱུང་འདུལ་བའི་སྡེར་བཞག་པའི་བཅས་ཁྲིམས་ཡིན་པ་ལས་ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་ལ་རྡོག་རོལ་བཏང་བ་ཞིག་གཏན་ནས་མ་རེད། །
ལྕགས་རྒྱ་འགྲམ་ནག་ཟེར་བའི་མི་འདིས་ཤོད་སྟངས་ལ་གཅིག་ལྟོས་དང་།༼ཐ་ན་བོན་དགོན་ཁག་ཏུའང་དེ་ལྟར་རེད་ཟེར༽ཁྱེད་ཚོ་དགེ་རྒན་དང་དགེ་ཕྲུག་ཚང་མས། བོན་དང་བོན་པོ། བོན་དགོན་བཅས་པ་ཡོངས་ལ་དངོས་ཤུགས་བརྒྱུད་གསུམ་ནས་མཐོང་ཆུང་དང་བརྙས་བཅོས་བྱེད་རྒྱུའི་ལུགས་ངན་འདི་མཚམས་འཇོག་མི་ཐུབ་བམ། ཐ་ན་བོན་དགོན། ཟེར་བའི་དོན་གང་ཡིན་ནམ། ཁྱོད་ཀྱི་ཨ་ཕས་དེ་ལྟར་བརྫོད་དགོས་ལུགས་ཁྱོད་ལ་བསླབ་བྱུང་ངམ། ཡང་མིན་ན་ཁྱེད་ཀྱི་དགེ་རྒན་བཀའ་དྲིན་ཅན་དེས་དེ་ལྟར་བསླབ་བྱུང་ངམ། ཐ་ན་ཟེར་བ་འདི་ཚིག་འདི་དེ་འདྲ་སྦྱར་འདོད་ན། ཁྱེད་རང་གི་སྣ་འགོ་དེ་ལ་སྦྱར་ནས་ཕེབས་རོགས་བྱོས། །
ཕོ་ཐོབ་མོ་ཐོབ་མི་ཐོབ་ཆོས་ཐོབ་ལ་སོགས་པའི་ཐོབ་ཐང་གང་ཞིག་རྩོད་རྒྱུ་ཡིན་ནའང་དེ་ནི་མི་སོ་སོའི་ཐོབ་ཐང་རེད། ཡིན་ནའང་བུད་མེད་ཚོ་དགོན་པའི་ནང་དུ་ཞག་སྡོད་བྱེད་ཆོག་མིན་འདི་ནི། བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་གི་རྩོད་གཞིའམ་དཔེ་མཚོན་དྲག་ཤོས་སུ་བརྩིས་ན་དེ་ལ་རིགས་པར་ཞིབ་ཆ་མ་ཐོན་པའི་རྟགས་ཤིག་འདུག་སྙམ།
“ཐ་ན” ཟེར་བའི་ཚིག་དེ་ངས་བཤད་ཉེས་ཤོར་ཏེ་ Bonpo ལ་ཕོགས་ཐུག་ཤོར་འདུག་པས་སྐུ་ཉིད་ལ་དགོངས་འགལ་མེད་པར་ཞུ། འདིར་སྐད་ཆ་ཚིག་འགའ་རེ་བཤད་པའི་ཀུན་སློང་ནི་རིགས་ལམ་ཞིག་དང་དྲང་བདེན་ཞིག འདྲ་མཉམ་ཞིག་འཚོལ་སྒྲུབ་བྱེད་པའི་ཆེད་དུ་ཡིན། གལ་སྲིད་ཁྱེད་ཉིད་ལ་བོན་དགོན་གང་རུང་གི་བཅའ་ཡིག་གམ་དེ་འབྲེལ་གྱི་གནས་ཚུལ་རེ་ཡོད་ཚེ་རྒྱུས་སྟོན་གནང་རྒྱུའི་རེ་སྐུལ་ཞུ།
ལྕགས་རྒྱ་འགྲམ་ནག་ལགས།
ངས་ཀྱང་སྐུ་ཉིད་ལ་ཚིག་ངན་ལབ་ཉེས་ཤོར་སོང་བས་དགོངས་འགལ་མེད་པ་ཞུ། མཐོལ་ལོ་བཤགས་སོ་སྡིག་གྲིབ་བྱང་བར་མཛད་དུ་གསོལ། །
ཡུལ་ཡར་འབྲོག་སྟག་ལུང་ར་བ་རུ། ཡབ་གཡུང་དྲུང་གཉན་དང་ཡུམ་གུར་ཟ་དར་རེས་གཉིས་ཀྱི་སྲས་སུ། སྤྱི་ལོ1058ལོར་འཁྲུངས་བའི་བོན་གྱི་བླ་མ་མེ་སྟོན་ཆེན་པོ་ཤེས་རབ་འོད་ཟེར་ཞུ་བ་དེས་མཛད་གནང་བའི། བོན་གྱི་འདུལ་བའི་རྩ་གཞུང་སྤུས་ལེགས་ཤིག་འདུག དེ་ལ་འགྲེལ་བ་དུས་རབས་བཅུ་བཞི་པའི་ནང་ཕེབས་པའི། གཙང་ཐོབ་རྒྱལ་བཀྲ་ཤིས་སྨན་རི་གླིང་གི་མཁན་རབས་དང་པོ་མཉམ་མེད་ཆེན་པོ་ཤེས་རབ་རྒྱལ་མཚན་ཞུ་བ་དེས་མཛད་པའི་འདུལ་འགྲེལ་བ་ཧ་ལས་པ་ཞིག་འདུག བོན་ལུགས་ཀྱི་འདུལ་བའི་རྩ་འགྲེལ་འདི་ཚོ་གཞི་ལ་བཞག་ནས་བྲིས་པའི་བཅའ་ཡིག་ཆེན་མོ་ཡོད་རེད། བཅའ་ཡིག་རྒྱས་པ་དེ་ཤོག་དྲིལ་རིང་པོ་གོས་ཆེན་གྱིས་བཏུམས་བཞག་པ་ཞིག་འདུག སྤྱི་གཉེར་ཆེན་མོས་གྲྭ་ཚང་འདུས་སྤྱིར་ལོ་རེར་ཐེངས་མ་རེར་བཀླགས་སྲོལ་ཡོད། མཚན་བྱང་དེ་དྲན་གྱི་མི་འདུག་དགོངས་དག། སློབ་གཉེར་བའི་དགོས་མཁོ་དང་བསྟུན་ནས་དཔལ་ལྡན་རྩ་བའི་བླ་མས་བཅའ་ཡིག་འདུས་པ་ཞིག་ཀྱང་མཛད་ཡོད་རེད། དེའི་མཚན་བྱང་ནི། རྣམ་དག་འདུལ་བ་དང་བསྟུན་པའི་བཅའ་ཡིག་གི་ཚོགས་གཏམ། ཅེས་པ་དེ་ཟླ་རེར་ཐེངས་རེེར་བཀླགས་སྲོལ་ཡོད། བཅའ་ཡིག་ཅེས་པ་འདི་འདུལ་བ་ལས་གུད་དུ་ཕྱུང་བའི་ཚོགས་གཏམ་འདྲ་པོ་ཞིག་ཡིན་ས་རེད། ཚོགས་གཏམ་འདུལ་བའི་གླེགས་བམ་ཁ་ཕྱེས་པ་ལྟ་བུ་ཞིག་དགོས་་་ཅེས་དུས་རྒྱུན་གསུངས་སྲོལ་ཡོད་རེད། དེང་སང་གི་བླ་མ་ཚོས་ནི་ཟས་བྲིན་འཐུང་བྲིན་རྐྱང་རྐྱང་གི་ཚོགས་གཏམ་བསྒྲགས་སྲོལ་འདུག ། ང་ནི་ཐང་ཆད་བསྡད་ཡོད། ཧཧཧ
འདིར་སྐད་ཆ་འགའ་བཤད་འདོད་བྱུང་།ཆོས་འདུལ་བའི་བཅོས་ཁྲིམས་ཟེར་བ་ཞིག་དང་།དགོན་པའི་བཅའ་ཁྲིམས་སམ་བཅའ་ཡིག་ཟེར་བ་གཉིས་ཡོད་པ་རེད།འདུལ་ཁྲིམས་དེ་སོ་ཐར་སྡོམ་པའི་ཁྲིམས་རེད།འདི་སྟོན་པ་ཞལ་བཞུགས་དུས་དགེ་འདུན་པ་བཞི་ཡན་འདུས་ནས་བཅོས་བའི་ཁྲིམས་རེད། དེ་ལ་ཡང་དགེ་བསྙེན་གྱི་སྡོམ་པ།རབ་བྱུང་གི་སྡོམ་པ།དགེ་ཚུལ་གྱི་སྡོམ་པ།དགེ་སློང་གི་སྡོམ་པ་སོགས་ཡོད། དགོན་པའི་བཅའ་ཁྲིམས་སམ་བཅའ་ཡིག་འདི་དགོན་པ་རང་གིས་བཟོས་བའི་དགོན་པའི་དགེ་འདུན་གྱི་ནང་ཁྲིམས་རེད། དེ་དགོན་པའི་ཁོར་ཡུག་ལ་བལྟས་ཏེ་བཟོས་པ་རེད། དགོན་པ་སོ་སོའི་བཅའ་ཡིག་གམ་བཅའ་ཁྲིམས་གཅིག་པ་མིན།ཆོས་འདུལ་བའི་ཁྲིམས་བོད་ཀྱི་གྲུབ་མཐའ་ས་དགེ་ཀར་རྙིང་ཆ་ཚང་གཅིག་པ་རེད། དེ་ལ་སོ་ཐར་གྱི་སྡོམ་པའམ་ཆོས་འདུལ་བའི་ཁྲིམས་ཟེར། དགོན་པའི་བཅའ་ཡིག་གམ་བཅའ་ཁྲིམས་ནི་འདུལ་ཁྲིམས་རྨང་གཞི་བྱས་ཏེ་ཁོར་ཡུག་ལ་བལྟས་ཏེ་བཟོས།
སྤྱིར་འདུལ་གཞུང་ན་ཚིག་ཅི་བཞིན་ཞིག་དྲན་གྱི་མི་འདུག་མོད།འོན་ཀྱང་།བུད་མེད་དང་འདོམས་ལྔ་བཅུའམ་བར་ཐག་ཡོད་པ་ནས་དགེ་སློང་ཉལ་དགོས་པ་ཞིག་གསུངས་བསམ་སོང་། གང་ལྟར་དབྱར་གནས་ལ་བཞུགས་པའི་སྐབས་བུད་མེད་དགོན་པའི་ནང་འགྲོ་མི་ཆོག དགེ་འདུན་པ་ཚོ་ཡང་དབྱར་གནས་ས་མཚམས་ལས་བརྒལ་ནས་འགྲོ་མི་ཆོག་པ་རེད། དེ་ནི་བུད་མེད་ལ་མཐོང་ཆུང་བྱས་ཏེ་མ་ཡིན་པར་དགོན་པའི་ཁྲིམས་རེད།སློབ་གྲྭ་དང་དམག་མི་ཚོ་ཡང་ཁྲིམས་ཡོད་པ་ལྟར་དགོན་པ་ལ་ཡང་ཁྲིམས་ཡོད། སློབ་གྲྭའི་ནང་བུད་མེད་ཀྱི་ཉལ་ཁང་ནང་མཚན་ལ་བུ་འགྲོ་མི་ཆོག་པ་སློབ་གྲྭའི་ཁྲིམས་རེད་མ་གཏོགས་བུ་དང་བུ་མོ་ལ་མཐོང་ཆུང་བྱས་པ་ཞིག་མ་རེད། མ་གཞི་ནས་བོད་རིག་པ་ཟེར་བའི་དེའི་བོད་ཀྱི་རིག་གཞུང་ལ་ཉམས་ཞིབ་བྱེད་མཁན་ཚོས་བོད་ཀྱི་རིག་གཞུང་ཤེས་མིན་གཉིས་ཀ་ལ་སྐད་ཆ་དྲིས་ཏེ་གཏམ་བཤད་ཚུར་ཡོང་ནས་བཤད་ཀི་ཡོད།གཞུང་ལུགས་ལ་མ་ལྟས་བར་གོ་ཚོད་ཆ་ཚང་བཤད་ཀྱི་འདུག
Bonpo ལགས་ཀྱིས་རྒྱུས་སྟོན་གནང་བར་བཀའ་དྲིན་ཆེ། བཅའ་ཡིག་ཅིག་བཀླགས་པ་ཡིན་ལ། དེར་ཚོགས་གཏམ་ཞེས་པའི་ཚིག་འདི་མང་དུ་མཐོང་རྒྱུ་འདུག “གཙང་ཐོབ་རྒྱལ་བཀྲ་ཤིས་སྨན་རི་གླིང་” ཞེས་པ་འདི་མཐོང་དུས། རྒྱ་གར་སིམ་ལའི་ཕྱོགས་ཀྱི་བོན་པོའི་གཞིས་ཆགས་དེའི་མིང་ནི་འདི་ལས་འཕྲོས་པ་མིན་ནམ་བསམ་བསམ་ཞིག་ཀྱང་སྐྱེས། ལོ་ཁ་ཤས་ཀྱི་གོང་ལ་སྨན་རི་གླིང་དགོན་པར་ཐེངས་གཅིག་འགྲོ་མྱོང་།
ནམ་མཁའ་ལགས་ཀྱི་གསལ་བཤད་རྣམས་ཕན་ཐོགས་ཆེ། བཀའ་དྲིན་ཆེ།
བོད་རིག་པ་བ་ཟེར་བ་དེ་ཚོ་ཙམ་མིན་པར། ཕོ་མོའི་ཐོབ་ཐང་བཤད་མཁན་གྱི་བོད་མི་ཚོའི་ཁྲོད་ནའང་། དགོན་པའི་སྒྲིག་ལམ་དེ་དག་ནི་བུད་མེད་ལ་ལྟ་སྟངས་དམའ་བའི་དཔེ་རུ་དྲངས་མཁན་ལ་ཐུག་མྱོང་། ཡིན་ནའང་ཁྱེད་ཀྱིས་བཤད་པ་ལྟར། དེ་ནི་དམག་སྒར་དང་སློབ་གྲྭ། སྨན་ཁང་སོགས་སྒྲིག་འཛུགས་གང་རུང་ལ་སྒྲིག་འཛུགས་དེའི་ངོ་བོ་ལ་བལྟོས་ཏེ་སྒྲིག་ཁྲིམས་བཟོས་ཡོད་པ་ལྟར། དགོན་པ་ལའང་དགོན་པའི་འགྲོ་ལུགས་འགྲོ་སྟངས་ཡོད་པ་ཞིག་རེད།
ཨ་མེ་རི་ཀར་ལྟ་སྐོར་ལ་འགྲོ་བར། འཇར་པན་དང་ལྷོ་ཀོ་རི་ཡའི་མི་སེར་ཚོས་ཐོངས་མཆན་ནམ་ Visa མ་ཞུས་ན་འགྲིག་ལ། རྒྱ་དཀར་དང་རྒྱ་ནག་གི་མི་སེར་ཚོར་དེ་ལྟར་མ་རེད། འདི་ནི་མཐོང་ཆུང་དང་དམའ་འབེབས་ཞིག་ཏུ་གོ་བ་ལེན་རྒྱུ་ཡིན་ནམ།
ཁ་ཤས་ཀྱིས་བོད་ཀྱི་སྤྱི་ཚོགས་ཁྲོད་ཀྱི་ཕོ་མོའི་ཐོབ་ཐང་བཤད་པ་དང་ལྷན་དུ་མཚན་མཐུན་ཆགས་སྤྱོད་པ་ཚོའི་ཐོབ་ཐང་ཡང་གླེང་བར་སྤྲོ་བ་བྱེད། བསམ་བློ་ཞིག་ཐོངས་དང་། དབྱིན་ཇི་རྒྱལ་ཁབ་ཏུ་ ༡༩༦༧ ལོ་བར་དུ་མཚན་མཐུགས་ཆགས་སྤྱོད་ནི་ཁྲིམས་འགལ་གྱི་ནག་ཉེས་ཞིག་རེད། དེའི་ཉེས་ཆད་ཀྱི་ཁོངས་སུ་བཙོན་འཇུག་ཡང་ཚུད་ཡོད། དཔེར་ན། བོད་ཀྱི་སྤྱི་ཚོགས་ཁྲོད་དུའང་དགའ་མོས་བྱེད་སའི་ ཨེར་ལན་ Ireland རྒྱལ་ཁབ་ཀྱི་རྩོམ་པ་པོ་ Oscar Wilde (1854 – 1900) ནི་མཚན་མཐུན་ཆགས་སྤྱོད་དང་འབྲེལ་ནས་ལོ་གཉིས་ཀྱི་རིང་ལ་བཙོན་འཇུག་བྱས་པ་ལྟ་བུ་རེད། འདི་ནི་ཁྲིམས་ཐོག་ནས་ཐོབ་ཐང་འདྲ་མཉམ་མིན་པའི་དཔང་རྟགས་རེད། འདི་ལྟ་བུའི་ཡིག་ཐོག་ཁྲིམས་ཐོག་ལ་གཏན་འབེབས་བྱས་ཤིང་། དེ་དང་འགལ་ན་བཙོན་འཇུག་ཉེས་ཁྲིམས་གཅོད་པའི་དཔེ་ནི་ང་ཚོའི་སྤྱི་ཚོགས་ཁྲོད་དུ་ཡོད་དམ། དེ་བས་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ཕོ་མོའི་ཐོབ་ཐང་རྩོད་མཁན་ཚོས་ཁྲིམས་དང་ལུགས་སྲོལ་གཉིས་ཀྱི་དབྱེ་མཚམས་གསལ་པོར་འབྱེད་ཐུབ་ན་བཟང་སྙམ།