ངག་དབང་ནོར་བུས།
དངུལ་ཁུག་དངུལ་གྱིས་གང་བའི་ཉིན་མོ་དེར། །
རྔན་འབབ་ཁ་སྒོར་སྤུངས་པའི་ཉིན་མོ་དེར། །
སྦྱིན་བདག་བཏང་ཕོད་ཆེ་བའི་ཉིན་མོ་དེར། །
ཁྱེད་རང་སྤྲོ་བས་གཟིར་བར་ཁག་ཅི་ཞིག །
གཡས་སྐྱོར་གཡན་སྐྱོར་བྱེད་པའི་ཉིན་མོ་དེར། །
མཆོད་གཤམ་ནང་དུ་བཤམས་པའི་ཉིན་མོ་དེར། །
སྲབ་འཇམ་ལྷ་རས་གཡོགས་པའི་ཉྀན་མོ་དེར། །
མངོན་པའི་ང་རྒྱལ་ལྷུན་པོའི་སྤོ་ལ་འགྲན། །
སྙིང་གཏམ་ལྷབ་ལྷུབ་བབ་པའི་ཉིན་མོ་དེར། །
ཁ་ཡག་ངོ་བསྟོད་མང་བའི་ཉིན་མོ་དེར། །
ཡོད་ཚད་སྤང་དུ་བཞག་པའི་ཉིན་མོ་དེར། །
ཁྱོད་ཀྱི་སྣང་བ་ཚངས་ཆེན་ལས་ཀྱང་མཐོ། །
འགྲན་སེམས་ཁོངས་སུ་སྦས་པའི་ཉིན་མོ་དེར། །
ཡིད་ཆེས་ལ་རྒྱ་བཤད་པའི་ཉིན་མོ་དེར། །
དུང་བའི་མཆི་ཞགས་འཐོར་བའི་ཉིན་མོ་དེར། །
ཌ་མ་རུ་ཡི་བྱེད་ལས་ཐམས་ཅད་ཚང་། །
རྫུན་མའི་འཇིག་རྟེན་བགྲོད་པའི་ཉིན་མོ་དེར། །
བདེན་པའི་གནས་ལུགས་སྟོར་བའི་ཉིན་མོ་དེར། །
ཨ་མ་རྒན་མོ་བརྗེད་པའི་ཉིན་མོ་དེར། །
ཁྱོད་ཀྱི་ཕུགས་བསམ་མངོན་སུམ་ཚད་མས་གྲུབ། །
བགྲང་བྱ་བཅུ་ཕྲག་སོང་བའི་ཉིན་མོ་དེར། །
རེ་བའི་སྨྱུ་གུ་འབུས་པའི་ཉིན་མོ་དེར། །
གློ་བུར་གོ་སྐབས་ཐོབ་པའི་ཉིན་མོ་དེར། །
ཁྱོད་ཀྱིས་ཡོད་ཚད་བཏང་བ་བདེན་པར་མཐོང་། །
་
ལྷ་ལ་གསོལ་མཆོད་མང་བའི་ཉིན་མོ་དེར། །
འདྲེ་ལ་གཏོར་རྫོངས་མང་བའི་ཉིན་མོ་དེར། །
ལྷ་འདྲེ་དབྱེ་མཚམས་ནོར་བའི་ཉིན་མོ་དེར། །
ཁྱོད་ལ་སེམས་ཚོར་མེད་པ་བདེན་པར་གྲུབ། །
མར་ཁུ་སེར་བོ་འཐུང་བའི་ཉིན་མོ་དེར། །
ཤ་དམར་ཟས་སྣ་འཛོམས་པའི་ཉིན་མོ་དེར། །
ཇ་མ་འཁོར་དུ་འདུར་བའི་ཉིན་མོ་དེར། །
དྲི་ཟ་ཞིག་གི་ལས་དབང་བརྗོད་པ་འདྲ། །
སྙིང་གི་ན་ཚ་ཞིག
སེམས་ཀྱི་ནད་ཅིག
ཁ་ནས་ལུད་པ་ཞིག
ཁོག་ནས་སྒོམ་པ་ཞིག
ཡང་ཡང་དྲན་པ་ཞིག
སྨྱོན་པའི་ན་ཚ་ཞིག