རྔ་བ་ཀུན་བཟང་།
དེ་རིང་ནས་བཟུང་ཡང་ཟླ་འགའ་རྡ་ས་དང་ཁ་བྲལ་དགོས་སོང་ནི་རེད། ཞོགས་པ་སྔ་ཙམ་ལངས་ནས་མཛེས་བཟོ་སྟབས་བདེ་ཞིག་བྱས་ནས་བོད་པའི་ཁྱད་ཆོས་ལྡན་པའི་འཚིག་ཇ་ཁང་ཞིག་ལ་ཕྱིན་པ་ཡིན། དུས་ཚོད་གཅིག་ཙམ་ལ་རྐང་ཐང་ལ་འགྲོ་དགོས། ལམ་ཞོར་ལ་ནགས་ཚལ་དང་བྱ་བྱིའུ་སྐད་སྒྲ་ལྷང་ལྷང་ལ་རོལ་བའི་དུས་བསྐལ་བཟང་པོ་ཞིག་བྱུང་།
ད་དུང་ཞོགས་པའི་ཁ་རླུང་དྭངས་ལ། ཡར་མར་འགྲོ་མཁན་ཡང་ལུས་སྦྱོང་མཁན་རེ་འགའ་ལས་གང་ཡང་མི་འདུག། “ལྷིང་འཇགས་ཀྱི་ཞོགས་པ་ཞིག་”ཟེར་ན་ཆོག་གི། ད་དུང་“ཕ་མའི་འགྲམ་དུ་སྡོད་དུས།། ཕ་མའི་བཀའ་དྲིན་མི་ཚོར།། ད་ཆར་མི་ཡུལ་འགྲིམས་དུས།། བྱམས་པའི་ཕ་མ་དྲན་བྱུང་” ཞེས་པའི་དམངས་གཞས་ཉན་ཞོར་ལ་ཕྱིན་པས་འཚིག་ཇ་ཁང་གི་སྒོ་ཁ་ནམ་ཐོན་པ་ཡང་མ་ཤེས།
དེ་ལྟར་ནང་ལ་འགྲོ་དུས་མི་གཅིག་ཀྱང་མི་འདུག། ཧ་ལམ་ཞོགས་པ་སྔ་དྲགས་ན་ཡང་ཐང་། ལམ་ཐག་རིང་བས་ལུས་པོ་བརླན་ཆག་ཆག་ཆགས་པའི་སྣང་བ་ཞིག་བྱུང་། གང་ལྟར་སྐར་མ་འགའ་འགོར་རྗེས་ཞབས་ཞུ་བ་ཞིག་ཡོང་ནས་ང་ལ་“Hello Konnichiwa ”ཞེས་ཧ་ལམ་མི་རིགས་གཞན་ཞིག་རེད་བསམ་པར་འདྲ། གུས་གུས་ཞུམ་ཞུམ་ངང་གང་དགོས་པའི་དྲི་བ་དྲིས་སོང་ལ། ཁོང་གི་ལག་ལ་བྲིས་དེབ་ཆུང་ཆུང་དང་སྨྱུ་གུ་ཞིག་ཀྱང་འཁྱེར་འདུག སྐབས་དེ་དུས་ངས་གཞི་ནས་ཁོང་ལ་ཡག་པོ་ཞིག་བལྟས་པ་ཡིན། དྲང་མོ་བཤད་ན་ཁོང་ཕོ་ལོ་སུམ་ཅུ་ཙམ་དང་སྐྱེ་གཟུགས་ཡང་མི་བཟང་རྒྱུ་མེད་གི ད་དུང་། གདོངས་ལ་དྭངས་གཙང་གི་འཛུམ་གྱིས་ཁེངས་འདུག རེད་དེ་མིག་གི་གཡས་ཟུར་ལ་རྨ་རྟགས་ཆེན་པོ་ཞིག་འདུག ལོ་ཆུང་སྐབས་སུ་རྡུང་རེས་འདྲ་བྱུང་ཡོད་ན་ཐང་།
སྐབས་དེ་ངས་འཚར་སྣང་དང་བཅས་་“ཐུགས་རྗེ་ཆེ། འཚིག་ཇ་ཞིག་སྤྲད་རོགས་ཅེས་བཤད་པ་དང་། ཁོང་གིས“ཁྱོད་བོད་སྐད་གང་ནས་སྦྱངས་པ་ཡིན། སློབ་གྲྭ་གང་ནས་ཡིན་”ཞེས་ཡ་མཚན་ཅན་གྱི་དྲི་བ་གཉིས་བཏང་ཞོར་ལ་ཕྱིན་སོང་། དོན་དངོས་སུ་ཁོང་ལ་ཡང་ཁག་མེད། མགོ་ལ་སྐྲ་ཐུང་ཐུང་། ལུས་ལ་སྦྱར་མ་གྱོན། གཟུགས་རིང་པོ། ད་དུང་། ཁེར་འགྲོ་མ་ཞིག་ཞོགས་པ་ནས་འཚིག་ཇ་ཁང་ལ་ཡོང་ནས་སྒྲ་ཞིག་རྡུང་བསྡད་ན། མི་སུའི་མཐོང་ཡང་དྲི་བ་ཡོང་ཡོང་བ་རེད་མོད།
འཚིག་ཇ་དེར་རྒྱལ་ཁང་འགྱུར་ན་འཚམས་ཤིང་། དེའི་ནང་དུ་དཔེ་དེབ་གྲགས་ཅན་འགའ་རེ་ཀློག་ནས་སྡོད་རྒྱུ་བྱུང་ན་ལོངས་སྤྱོད་ཅིག་ཡིན་ཞིང་། མཐའ་འཁོར་དུ་ཡོད་པའི་རི་མོ་དང་། སྒྲ་བརྙན། དུང་དཀར། པི་ཝང། མེ་ཏོག། རྐུབ་ཀྱག ཅོག་ཙེ། འབོལ་སྟེགས་ཚོས་བཅས་ཀྱི་རྣམ་པ་རེ་རེ་ལ་ལྟ་དུས། ད་གཟོད། གོང་མིའི་ཕོ་བྲང་ནང་ལ་སླེབས་བའི་ཚོར་སྣང་ཞིག་ཡོང་།
ལྷག་པར་ཏུ་ཁོར་ཡུག་ནི་ཁ་ཁུ་སིམ་ལ། གཡས་གཡོན་གྱི་ངང་ཚུལ་ལ་ལྟ་ཞོར་ལ་སེམས་ནང་ལ་གལ་ཏེ་འཚིག་ཇ་ཁང་འདིའི་གཡོག་མོ་ཡིན་ན་ཇི་འདྲ་དགའ་ཨང་། ད་དུང་རང་གི་བློ་ལ་བབས་པའི་“བརྩེ་མདངས་རི་མོ་”ཞེས་པའི་གཞས་དང་སྒྲ་རྡུང་ནས་ཉིན་ལྟར་རི་འགོ་ན་འཚོ་བ་རོལ་ཐུབ་པས། འཚིག་ཇ་ཁང་དེ་དང་དེའི་རྣམ་པ་ནི་ནམ་ཡང་ཉམས་པ་མེད་པའི་ངའི་སེམས་ནང་གི་ཉི་གཞོན་ཞིག་ལ་འགྱུར།
2021/01/09/