ཞོ་ར་བསྟན་དར།
བདག་མེད་མི་རིགས་ཤིག་གི་བདེན་པ་བརྡར།།
གདུང་བའི་འགྲོ་བ་ཞིག་གི་སྡུག་བསྔལ་སེལ།།
རྒུད་པའི་རྒྱལ་ཁབ་ཅིག་གི་ཚེ་སྲོག་མཐུད།།
སྐྱབས་མགོན་མང་ཡང་སྐྱོབ་མཁན་ཁྱོད་ལས་མེད།།
བླ་སྤྲུལ་ཕལ་ཆེས་དཔོན་གྱི་རྫིག་ཉམས་གཡོར།།
ཧ་ཤང་རྣམས་ནི་ཐོབ་དང་གོ་སར་རྔམས།།
གནས་བརྟན་དག་གིས་རང་སྡེ་ཁོ་ན་སྲུངས།།
སྟོན་པའི་བསྟན་པར་བདག་པོ་ཁྱོད་ལས་སུ།།
ཡངས་པའི་འཇིག་རྟེན་ས་སྒང་ཟླུམ་པོ་འདིར།།
ཆེ་བའི་ཆེར་བར་རློམ་པ་མང་ན་ཡང་། །
སེམས་ཁམས་རྨ་ཡིས་ཟོས་པ་གསོ་བྱེད་ཀྱི།།
གདམས་པའི་མན་ངག་འཛིན་པ་གཞན་ན་དཀོན།།
གངས་རིའི་ལྗོངས་འདིར་ཐུཊ་རྗེས་ཉེར་བཟུང་ནས།།
མི་ལོ་གྱ་བཞི་འཁོར་བའི་ཉིན་མོ་འདིར།།
བདག་སེམས་དད་པས་གདུང་བ་བདུད་རྩིའི་མཚོ།།
དུས་ལས་མ་གཡོལ་དུང་བའི་རླབས་ཀྱིས་བཟུང་།།
སྐུ་ཚེ་བསྐལ་བརྒྱར་བརྟན་པར་སྨོན།
སྤྱན་རས་གཟིགས་དབང་ཤར་ཕྱོགས་མི་རུ་སྤྲུལ། །
མི་ཡི་ནང་ནས་བོད་མིར་སྤྲུལ་པ་ཁྱེད། །
སྤྲུལ་ནས་དགུང་གྲངས་གྱ་བཞིར་བཞུགས་ཚུལ་བསྟན། །
བརྒྱ་དང་བཅུ་གསུམ་བཞུགས་ལ་གུས་ཕྱག་འཚལ། །
ཁ་པ་ཅན་པར་མངས་གཙོའི་སྒྲོན་མེ་བཏེགས། །
འཛམ་བུའི་གླིང་ལ་བྱམས་བརྩེའི་སྲོག་ཤིང་བཙུགས། །
ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས་གཅིག་པུ། །
བསྟན་འཛིན་རྒྱ་མཚོ་སྲིད་པ་གསུམ་ན་རྒྱལ། །