བསྡུ་འགོད་པ་ཨ་མྱེས་བྱ་ཁྱུང༌།
“རང་རེ་བོད་ལ་ནི། སངས་རྒྱས་ཀྱི་བསྟན་པ་གནས་ཐབས་དང༌། མི་མང་ལ་བདེ་སྐྱིད་འབྱུང་ཐབས་ཀྱི་རྩ་བ་བོད་གཞུང་སྲ་ཚུགས་ཚགས་ཚུད་ཡོང་ཐབས་ལ་འབད་དགོས་པ་ལས། གཞུང་ཞབས་རྫིག་པོ་དང༌། གྱོན་གོས་འཆོར་པོ། གཞུང་གི་མཛད་སྒོ་གྲ་རྒྱས་པོ་དང་བྲེལ་ཟིང་ཆེ་བས་ཕན་པ་གང་ཡང་མེད།”
“མང་པོ་ཞིག་གིས་ཧ་ལམ་གཞུང་གི་ལྟོ་ཟས་ནས་བསྡད་པའི་རིང་ལ་ཉམས་མྱོང་གསོག་བྱེད་ཙམ་མ་གཏོགས། བྱ་ནང་བཞིན་གཤོག་སྒྲོ་སྐྱེས་ནས་འཕུར་ཐུབ་པའི་མཚམས་སུ་ཕྱོགས་གཞན་ཞིག་ཏུ་འཕུར་འགྲོ་བ་དེ་རིགས་ཧ་ཅང་བློ་ཕམ་པོ་རེད།”
“བོད་དོན་ལ་རྒྱབ་སྐྱོར་བྱེད་པ་ནི་བོད་མིར་རྒྱབ་སྐྱོར་བྱས་པ་ཙམ་མ་ཡིན་པར་བདེན་དོན་ལ་རྒྱབ་སྐྱོར་བྱས་པ་ཞིག་ཡིན། བདེན་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་ནི་བདེ་སྡུག་གི་ཚོར་བ་ཡོད་པའི་འགྲོ་བ་མི་ལ་འཁྲི་བའི་དམིགས་བསལ་གྱི་ལས་འགན་ཞིག་ཡིན།”
“བོད་པའི་ཆོས་དང་རིག་གཞུང་རྩ་ཆེ་རེད་ཅེས་བཤད་ནས་དོན་ལ་བོད་ཆས་གྱོན་ཤེས་པ་ཙམ་དང༌། བོད་སྐད་བརྗོད་ཐུབ་ཙམ་ཞིག་བྱས་ནས་བསྡད་ན་མི་འགྲིག་པར། བསམ་བློའི་ནང་བོད་པའི་ཆོས་དང་རིག་གཞུང་གི་བསླབ་བྱ་བཟང་པོའི་ཚོར་སྣང་དེ་དག་འཇགས་ཐུབ་པ་ཞིག་བྱ་རྒྱུ་གལ་ཆེན་པོ་ཡིན།”
“ང་ཚོ་བཙན་བྱོལ་བའི་ཉི་མ་དང་པོ་ནས་བཟུང་ང་ཚོ་འགྱེལ་ས་ནས་ལངས་ཐུབ་པའི་དམིགས་ཡུལ་བཟུང་གི་ཡོད། འགྱེལ་ས་ནས་ལངས་རྒྱུའི་དམིགས་ཡུལ་བཟུང་ཡོང་དུས་ང་རང་ཚོ་བོད་པའི་སྐད་ཡིག་འདི་ཕྱུག་པོ་བཟོ་རྒྱུ་དང༌། བོད་པའི་སྐད་ཡིག་གི་ཐོག་ནས་ལས་རིགས་ཆ་ཚང་བྱེད་ཐུབ་པ་ཞིག་ང་ཚོས་བྱེད་དགོས་ཀྱི་ཡོད་པ་རེད།”
“སྤྱིའི་ལས་འགན་ཐོག་མི་གཞན་དག་གི་དོན་ངོ་མའི་བསམ་སྤྱོད་ལ་བརྟག་སྟེ་དངོས་འབྲེལ་གྱི་གནས་ལུགས་བརྗོད་དགོས། དེ་ལྟར་མ་བྱུང་ཚེ་ང་ཚོས་རྒྱུན་དུ་ཁ་ནས་ཤོད་བཞིན་པའི་ཆོལ་གསུམ་རིགས་མཐུན་ནམ་ཆིག་སྒྲིལ་ཟེར་བ་དེ་ནི་ཁའི་སྟོང་ཤོབ་ཏུ་སོང་བ་ཡིན།”
“མི་གཅིག་ལ་ལེགས་ཉེས་དཔྱོད་པའི་བློ་གྲོས་ཀྱི་མཐུ་རྙེད་པ་དང༌། བླང་དོར་འབྱེད་པའི་རིགས་པ་སྣེ་གཅིག་སློབ་སྟོན་བྱེད་ཐུབ་ན་ཚེ་དབང་བརྒྱ་ཕྲག་བསྐུར་བ་ལས། ཕན་ཐོགས་ཆེ་བའི་ཚོད་དུ་ཡོད།”
“སྔ་དུས་བོད་རང་བཙན་ཡིན་དང་མིན། བོད་རྒྱ་ནག་གི་ཆ་ཤས་ཡིན་དང་མིན་དེ་ནི་ཡོངས་གྲགས་ལོ་རྒྱུས་ཀྱི་ཐོག་ནས་ཁ་གྲག་ཡོང་གི་ཡོད་སྟབས། ངོས་ནས་རྒྱ་ནག་གི་འདོད་དོན་ལྟར་ངས་གང་བྱུང་བརྗོད་དེ་ལོ་རྒྱུས་ནག་བསུབ་གཏོང་ཐུབ་ཐབས་མེད།”
“བོད་མི་མང་སྐྱིད་པོ་ཞིག་བྱུང་དུས་ངའི་སེམས་ཀྱང་སྐྱིད་པོར་གནས་པ་དང༌། བོད་མི་མང་སྡུག་པོ་བྱུང་དུས་ངའི་སེམས་ཀྱང་སྡུག་པོ་གནས་པ། དེ་བཞིན་བོད་མི་མང་དགའ་བའམ། སྐྱོ་བའི་གནས་སྐབས་སུ་ངའི་སེམས་ལའང་དགའ་སྐྱོའི་འགྱུར་ལྡོག་བྱུང་སྟེ། ངོས་དང་བོད་མི་མང་ལུས་སེམས་གཅིག་གྱུར་ལྟ་བུར་གནས་ཡོད།”
“ང་ཚོ་ཆོལ་ཁ་གསུམ་ཆིག་བསྒྲིལ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། མ་འོངས་པར་བོད་རིགས་སྟོབས་ཤུགས་ག་འདྲ་ཡོང་མིན་དེ་བོད་མི་རིགས་གཅིག་ཏུ་བསྒྲིལ་མ་བསྒྲིལ་ལ་རག་ལས་པ་རེད། ང་ཚོ་ཆིག་བསྒྲིལ་བྱུང་ན་ས་ཆའི་ཨེ་ཡིན། གཅོ་བོ་མིའི་ཆ་ནས་ཨེ་ཡིན། དངོས་གནས་ང་ཚོར་ནུས་ཤུགས་ཤིག་ཡོང་གི་རེད།”
“ད་ཆ་གང་ལ་ཐུག་ཡོད་ཟེར་ན། ཤེས་པ་དེ་ལག་ལེན་བཀལ་དང་མ་བཀལ་ལ་ཐུག་ཡོད། ཚོགས་འདུ་ཁག་འཚོགས་པའི་སྐབས་ལ་ཁ་ནས་སྦར་གང་བཤད་ཀྱི་ཡོད་ཀྱང༌། ཁ་ནས་སྐད་ཆ་བཤད་པ་དེ་དག་སྟོང་བཤད་ལ་ཕྱིན་པ་ཡིན་ན། དེས་ཕན་རྒྱུ་གང་ཡང་མེད། ཁ་ནས་བཤད་པ་དང༌། གྲོས་ཆོད་བཞག་པ། འཆར་གཞི་བཀོད་ནས་ཡོད་པ་དེ་དག་མི་རེ་ངོ་རེའི་ཐོག་ནས་ལག་ལེན་གྱི་ཐོག་ལ་བསྒྱུར་དགོས་ཀྱི་འདུག”
“ད་ལྟའི་ང་ཚོའི་མི་ཐོག་འདི་བོད་མི་རིགས་ཀྱི་ཡར་འགྲོ་མར་འགྲོའི་ས་མཚམས་ཤིག་རེད། ང་རང་ཚོ་ཚང་མས་སོ་སོའི་ལས་འགན་འདི་སྣང་ཆུང་དང༌། ལྷོད་ཡང༌། ལས་གང་འགྲིག་བྱེད་རྒྱུ་ཡོད་པ་མ་རེད། མི་རེ་རེར་ལས་འགན་རེ་ཡོད་པ་དེ་ཐེ་གུ་སྣེ་ཤོར་མེད་པ་ཞིག་སྒྲུབ་རྒྱུ་དེ་གལ་ཆེན་པོ་རེད།”
“སྟོན་པ་སངས་རྒྱས་ཀྱི་ཆོས་ལས་གཞན་པའི་ཆོས་ལུགས་ཇི་འདྲ་ཞིག་ཡིན་ཡང༌། མིའི་འགྲོ་བ་རྣམས་དངོས་རྒྱུད་ཅི་རིགས་པའི་སྡུག་བསྔལ་ལས་ཐར་བའི་ཐབས་རེ་ཡོད་པས། ཆོས་དད་ཀྱི་བསམ་ཚུལ་ལ་བཙན་གནོན་བྱེད་པ་ནི་སྐྱེ་རྒུའི་འཕྲལ་ཡུན་གྱི་ཞི་བདེ་འཇོམས་པའི་གདུག་ཅན་ཡིན།”
“ང་ཚོར་རླབས་ཆེན་གྱི་རྒྱལ་ཁ་མ་ཐོབ་པར་ལོ་ཤས་སྒུག་སྡོད་བྱེད་པའི་རིང་རང་ཉིད་སོ་སོའི་ལྟོ་གོས་མགོ་གང་ཐོན་དང༌། འཕྲལ་སེལ་དོན་དག་ཆུང་ངུའི་ཆེད་དུ་ནང་ཁུལ་འཐེན་འཁྱེར་ཡོང་སྲིད་པ་དེ་རིགས་ཤིན་ཏུ་ཐབས་སྡུག་ཡིན། ཆོས་ཕྱོགས་ནས་བཤད་ན་འདི་ཕྱི་གཉིས་མེད་རེད།”
“དེང་སེང་གི་དུས་ཚོད་འདིར་དངོས་གནས་དྲང་གནས་དོན་གྱི་བདག་པོ་དེ་རྒྱ་མི་མ་ཡིན་པར་ང་ཚོའི་སེམས་ཤུགས་འདི་ཡིན་པས་སེམས་ཤུགས་ཆག་པ་དང༌། སྙིང་སྟོབས་བརླག་ན་དོན་གྱི་བདག་པོ་དེ་བརླགས་པ་རེད།”
“ང་རང་ཚོ་ད་ལྟ་དང༌། མ་འོངས་པ་ག་དུས་ཡིན་ཡང༌། བོད་རིགས་རྩམ་པ་ཟ་མཁན་དང༌། མ་ཎི་བགྲངས་མཁན་ཡོངས་རྫོགས་གཅིག་གྱུར་རེད་མ་གཏོགས་དེ་ལ་ལུང་ཚན་གྱི་དབྱེ་བ་དང༌། ཆོས་ལུགས་ཀྱི་དབྱེ་བ། མདོར་ན་བོན་དང་བཅས་པར་ང་ཚོས་དབྱེ་འབྱེད་རྩ་བ་ནས་ཡོད་པ་མ་རེད།”
“བོད་མི་རིགས་ཀྱི་རང་དབང་དང་འཐབ་རྩོད་བཅས་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ཕྱིན། བཙན་བྱོལ་བོད་གཞུང་ཞེས་བོད་རང་དབང་གི་འཐབ་རྩོད་ཆེད་གོང་བུའི་ནུས་པ་གཅིག་ཏུ་སྒྲིལ་པའི་སྒྲིག་འཛུགས་འདི་ལ་ངེས་པར་རྒྱབ་སྐྱོར་དང་བརྩི་བཀུར་བྱེད་དགོས་པ་ཡིན།”
“བོད་མི་གཅིག་གཉིས་ཀྱི་བྱེད་ལས་ངན་པས་བོད་མི་རིགས་སྤྱིའི་གདོང་བསྟན་མ་ཤེས་པ་དང༌། ངོ་ཚ་པོ་བྱུང་ན་ཡག་པོ་མ་རེད། སོ་སོའི་མི་ཚེའི་ནང་མི་དྲང་པོ་ཞིག་བྱེད་ཀྱི་ཡིན་བསམ་པའི་དམ་བཅའ་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད།”
“ངས་བོད་མི་རྣམས་མི་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡོད་ཅེས་བཤད་ཀྱི་ཡོད། དེ་འདྲ་བཤད་པའི་སྐབས་སུ་བོད་མིའི་ནང་ནས་རེ་ཟུང་གིས་དངོས་སུ་ཞབས་འདྲེན་ཞུ་དུས་ངའི་སྐད་ཆ་རྫུན་པ་ཆགས་གྲབས་བྱེད་ཀྱི་འདུག”
“མི་ལ་ལྷན་སྐྱེས་ཀྱི་བསམ་བློའི་ནུས་པ་ཤུགས་ཆེན་ཡོད་པ་འདི་ཆ་ཚང་བེད་སྤྱོད་ཡག་པོ་བྱེད་ཐུབ་པ་ལ་ཤེས་ཡོན་གལ་ཆེན་པོ་ཡིན། སློབ་སྦྱོང་མེད་ན་རྩ་བའི་མིའི་ཀླད་པ་སྤུས་དག་ཡག་པོ་ཡོད་ན་ཡང་བེད་སྤྱོད་ཡག་པོ་བྱེད་མི་ཐུབ། དེས་ན་ཤེས་ཡོན་ཤིན་ཏུ་གལ་ཆེན་པོ་རེད། ལུང་པ་སྤྱིའི་ཐོག་ནས་བཤད་ན་ཡང་འཛམ་གླིང་གི་ལུང་པ་སོ་སོའི་ནང་མི་མང་གི་ཤེས་ཡོན་ཇི་ཙམ་ལེགས་པའི་ཚོད་ཀྱི་ལུང་པ་ཡར་རྒྱས་ཡོད་པ་རེད།”
“ང་ཚོས་གོ་མཚོན་ལ་ལག་པ་འཆང་ནས་རང་དབང་རྩོད་ལེན་བྱེད་ཀྱི་ཡིན་ཟེར་གྱི་མེད། ང་ཚོས་བདེན་པ་བདར་ནས་འཚེ་མེད་ཞི་བའི་ལམ་ལ་བརྟེན་ནས་རང་དབང་རྩོད་ལེན་བྱེད་ཀྱི་ཡིན་ཟེར་གྱི་ཡོད། ལྷག་པར་དུ་ཡང་ཤེས་བྱ་ཡོན་ཏན་གྱི་ཐོག་ནས་བདེན་པའི་འཐབ་རྩོད་བྱེད་ཐུབ་པ་ཞིག་དགོས་པ་མ་གཏོགས། ཤེས་བྱ་ཡོན་ཏན་གྱི་ནུས་པས་མ་ལྡེང་ན་ང་ཚོར་བདེན་པ་ཡོད་ན་ཡང་བདེན་པ་བདེན་སར་འཁྱོར་བ་ཧ་ཅང་ཁག་པོ་རེད།”
“དགེ་རྒན་ཚོས་སློབ་ཚན་སློབ་པ་གཅིག་པུ་མ་ཡིན་པར་ཕྲུ་གུར་སེམས་གཏིང་ནས་བརྩེ་བ་དང༌། བྱམས་སྐྱོང་བྱེད་པ། ཕྲུ་གུའི་མི་ཚེའི་མདུན་ལམ་ལ་སེམས་ཁུལ་ལེན་རྒྱུའི་བསམ་བློ་དང་འབྲེལ་བའི་ཐོག་ནས་ཕྲུ་གུར་སློབ་སྦྱོང་སྤྲད་ན། སློབ་སྦྱོང་དེ་ཕྲུ་གུའི་སེམས་ལ་ཟུག་པོ་ཡོང་གི་རེད། ཀླད་པ་ཡར་རྒྱས་འགྲོ་རྒྱུའི་སློབ་སྦྱོང་སྤྲད་པ་ཙམ་མ་ཡིན་པར་སེམས་པ་བཟང་པོ་དང༌། ཕྲུ་གུ་ཡ་རབས་ཡོང་རྒྱུའི་ཐོག་ལ་སློབ་སྦྱོང་སྤྲོད་དགོས།”
“ང་རང་ཚོར་སོ་སོ་བོད་པའི་མིང་ཚིག་ཡོད་དང་ཡོད་བཞིན་པ་དེ་ཕར་བཞག་ནས། སྐད་གཞན་དག་ཅིག་བསྲེས་ཀྱིན་བསྡད་ན་དོན་དག་གང་ཡང་མི་འདུག ཕར་ཙམ་དེར་རྒྱ་མིས་ང་ཚོའི་བོད་ཡིག་གི་ཐོག་ལ་མཐོང་ཆུང་ཁྱད་གསོད་གང་འདྲ་བྱེད་ཀྱི་འདུག”
“མི་བཟང་པོ་བྱེད། མི་གཞུང་བཟང་པོ་བྱེད་དགོས་ཞེས་བཤད་པ་ཡིན་ན་ཆོས་ཀྱི་སྙིང་དོན་དེ་རེད། གཞི་རྩ་མིའི་རྩ་བ་ཚུགས་པའི་སྐབས་ལ་ཁྲམ་པ་བྱེད་རྒྱུ་དང༌། མ་རབས་བྱེད་རྒྱུའི་རིགས་ལ་བསྒྱུར་བཅོས་གང་ཡང་མ་བཏང་བའི་ཐོག་ནས་དབང་ཞུས། ཁྲིད་ཞུས། ཁ་འདོན་བྱེད་ཀྱི་ཡོད། སྔགས་བགྲང་གི་ཡོད་ཅེས་ལབ་ན་སྐྱག་རྫུན་རེད།”