བོན་རྒྱ་བསྟན་འཛིན་རབ་རྒྱས།
དེབ་བྱང་།
དེབ་མིང་། ལམ་ཐག་རིང་བའི་ཕ་ཡུལ། (A Long Way Home)
རྩོམ་པ་པོ། སའེ་རུབ་སྦི་རའེ་ལིས། Saroo Brierley
བོད་བསྒྱུར་བ། རོང་བོ་ཀླུ་རྒྱལ།
པར་ཐེངས་གཉིས་པ། ༢༠༢༡ ལོའི་ཟླ་ ༡༠ པར་དཔར།
དཔར་སྐྲུན་ཁང་། ཀྲུང་གོའི་ཤེས་རིག་དཔར་ཁང་།
གཞུང་ཚད།
ཚན་པ། བཅུ་བཞི།
བོད་འགྱུར་མར་ཤོག་ངོས། ༣༦༧ +པར་རིས་དང་འགྲེལ་བཤད་༡༩ =༣༨༦
མ་ཡིག་ལ་ཤོག་ངོས། ༢༧༢
བསྡུས་དོན།
བྱིས་པ་ཞིག་ལོ་ལྔར་སོན་མཚམས། རང་གི་ཕ་ཡུལ་དང་ཕ་མ་བོར་བ་དང་། རིམ་གྱིས་ཕ་སྐད་ཀྱང་བོར་བའི་དངོས་བྱུང་གི་གཏམ་རྒྱུད་ཅིག་རེད། ལོ་ཉེར་ལྔའི་རྗེས་སུ་ཕ་ཡུལ་དང་ཕ་མ་རྙེད་ནའང་ཕ་སྐད་རྙེད་མེད་པའི་མི་ཞིག་གི་བཟོད་པར་དཀའ་བའི་སྡུག་བསྔལ་དང་། བཙལ་
འཚོལ་གྱི་འགྲུལ་བཞུད་རིང་མོ་དེ་སའེ་རུབ་ཅེས་པའི་བྱིས་པ་ཆུང་ཆུང་ཞིག་གིས་ལོ་ལྔ་ནས་ལོ་སུམ་ཅུའི་བར་དུ་འགྲིམས་པ་དང་། སའེ་རུབ་ཀྱིས་ཀྱག་ཀྱོག་དང་དོང་སྦུབས། གཡང་གཟར་དང་མེ་འཁོར་ལྕགས་ལམ། མཁའ་ལམ་བཅས་བརྒྱུད་དེ་ལོ་ཉེར་ལྔའི་རྗེས་སུ་ཕ་ཡུལ་ལ་འབྱོར་འདུག བྱིས་པ་འདིས་དམིགས་འདུན་མི་གློད་པས། ཡང་ནས་ཡང་དུ་གཞན་གྱི་བརྩེ་སེམས་ཀྱི་སྟོབས་ཤུགས་བསྣན་ནས་སྡུག་བསྔལ་ལས་རྣམ་པར་རྒྱལ་བ་དང། རང་གི་རྣམ་དཔྱོད་དང་། ཕྱིར་མི་ལྡོག་པའི་སེམས་འདུན་གྱི་སྟོབས་ཀྱིས་ཕ་ཡུལ་རྙེད་པ་མ་ཟད་ཨ་མ་དང་ནང་མིའང་རྙེད་འདུག
ཡིན་ནའང་། མ་བུ་མཇལ་འཛོམས་ཀྱི་སྐབས་སུ། ལྷན་འཛོམས་ཀྱི་བདེ་སྐྱིད་དང་འདས་སོང་གི་དྲན་པ་མཐའ་དག་སྐད་བསྒྱུར་བརྒྱུད་པ་དང་། ལུས་ཀྱི་རྣམ་འགྱུར་གྱིས་སྟོན་པ་ལས། རང་གི་སྨྲ་ལྕེ་དང་ངག་སྒོ། ཤེས་ཡོན་དང་བཅས་པ་བེད་མེད་དུ་གྱུར་ནས་ལྐུགས་པའི་བརྟུལ་ཞུགས་ལ་གནས་དགོས་འདུག བུ་རྒོད་འདིའི་བྱ་ལས་མཐའ་དག་ལ་ངོ་མཚར་ནས་ཡོང་ནའང་མཚམས་འདིར་ང་ཧ་ཅང་ཕངས་སོང་། རྣམ་དཔྱོད་འབར་ལ་ཉེ་བའི་བྱིས་པ་འདིས་ལོ་ཉི་ཤུའི་རིང་རང་གི་མ་སྐད་གཏིང་བརྗེད་དུ་གྱུར་ཡོད་པས། སྐད་ཡིག་གང་ཞིག་ཡིན་ནའང་ལོ་ཉི་ཤུར་བེད་སྤྱོད་མ་བྱས་ན་གཏན་བརྗེད་དུ་འགྱུར་བའང་ཞོར་ནས་དཔོག་སོང་།
ཡིན་ནའང་། ཚུལ་འདིར་སའེ་རུབ་ཀྱང་ཧ་ཅང་ཕམ་ཡོད་དེ། ཨ་མར་མ་ཐུག་པའི་ལོ་ལྔའི་ཡར་སྔོན་དུ། རྒྱ་གར་བ་ཁ་ཤས་ལ་ཐུག་དུས་ཀྱི་ཚོར་བ་དང་ངེས་ཤེས་འདི་ལྟར་བྲིས་འདུག “ཁོ་ཚོས་ང་ཡོད་དུས་དབྱིན་སྐད་བཤད་པ་དང་། ཁོ་ཚོའི་ནང་ཁུལ་ལ་ཧིན་རྡུའི་སྐད་བཤད་ཀྱིན་འདུག ལོ་ངོ་དུ་མའི་རིང་ལ་ངས་རང་གི་ཕ་སྐད་གོ་ཐོས་མེད་ཅིང་ཕར་ལ་དེ་བས་ཀྱང་ཤོད་སྐབས་མེད་སྟབས། ངས་ནི་རང་གི་ཕ་སྐད་བརྗེད་ཀྱིན་ཡོད་པ་གཞི་ནས་རྟོགས་པར་མ་ཟད། ང་ཚོ་རྒྱ་གར་མི་རིགས་ཀྱི་སྲོག་རྩ་དེ་རང་སྟེང་ནས་ཐོག་དང་བོར་བརླགས་བཞིན་པའི་ཚོར་སྣང་ཡང་བྱུང་ཞིང་། རང་ཉིད་ཨོ་སི་ཁྲུ་ལི་ཡའི་མི་རིགས་ཁྲོད་ཀྱི་རྒྱ་གར་བ་ཞིག་མིན་པར། རྒྱ་གར་བའི་ཁྲོད་ཀྱི་ཨོ་སི་ཁྲུ་ལི་ཡའི་མི་ཞིག་ཏུ་གྱུར་འདུག་པའི་ངེས་ཤེས་གསལ་བོ་རྙེད།” ཅེས་བྲིས་ཡོད།
ལོ་ཉེར་ལྔའི་རྗེས་སུ། རང་གི་ཕ་མ་དང་རང་གི་ཕ་ཡུལ་འཚོལ་བར་རང་གི་རྒྱལ་ཁབ་ལ་འབྱོར་མ་ཐག་ཁོ་བསྐྱར་དུ་བོར་བརླགས་བྱུང་བའི་ཚོར་བ་ཞིག་སྐྱེས་པའང་འདི་ལྟར་བཤད་འདུག་ “ངས་རང་གི་ཕ་སྐད་བཤད་མ་ཤེས་ཤིང་མ་ཡིག་ཀློག་མ་ཐུབ་པ་དང་། རང་ཉིད་ཀྱིས་གང་བཤད་པ་གཞན་གྱིས་ཀྱང་གོ་རྟོགས་མ་ཐུབ་པ་སོགས་ཀྱིས་རང་ཉིད་སླར་ཡང་བོར་བརླགས་བྱུང་ཡོད་པ་ཞིག་གི་ཚོར་སྣང་སྤྲད་སོང་།” ཞེས་བྲིས་འདུག ཁོང་ལ་དེ་འདྲའི་ངེས་ཤེས་དང་དེ་འདྲའི་ཚོར་བ་ཡོད་ནའང་། ངའི་མི་རིགས་ཀྱི་རིགས་ཀྱི་སྲས་དང་སྲས་མོ་རྣམས་ལ་ཚོར་བ་དང་ངེས་ཤེས་ཅི་ཡང་མེད་པ་ནི་ཡ་མཚར་བའི་དོན་དག་ཅིག་མ་རེད་དམ།
དེབ་འདིར་ཕ་ཡུལ་དང་ཕ་མ་བོར་ཚུལ་དང་བོར་བའི་སྡུག་བསྔལ། ཕྱིར་རྙེད་པའི་བརྒྱུད་རིམ་དང་དགའ་སྤྲོ་སོགས་ཧ་ཅང་གསལ་ནའང་ཕ་སྐད་བོར་བའི་ངེས་ཤེས་དང་མྱོང་བ་ཉུང་ངུ་ཞིག་ལས་མེད་པས་ངས་ཟུར་འདོན་བྱས་པ་ཡིན། དེ་ལས་གཞན་དུ་དེབ་འདིར་མ་བུའི་བརྩེ་བ་དང་མི་གཞན་པའི་བརྩེ་སེམས་ཀྱི་ཕྱག་ཟུང་བཅས་ཀྱང་ཤིན་ཏུ་གསལ་བོ་དང་། བརྩེ་བ་ནི་སྟོང་བ་ཉིད་དེ། སྨྲ་བསམ་བརྗོད་མེད་ཉིད་དུ་གསལ་བོར་བསྟན་འདུག འདི་ལ་ཁོས་སྡོམ་འདི་འདྲ་ཞིག་བརྒྱབ་ཡོད། “ཨོ་སི་ཁྲུ་ལི་ཡའི་ངའི་ཨ་མའི་རྟོག་འཆར་ཞིག་གིས་མོ་ཡིས་རྒྱལ་ཁབ་གཞན་ཞིག་ནས་བུ་ཚབ་ལེན་རྒྱུར་སྣེ་ཁྲིད་བྱས་པ་དེ་དང་། རྒྱ་གར་གྱི་ངའི་ཨ་མའི་གསོལ་འདེབས་དང་སྐྱབས་འཇུག ངེད་གཉིས་བསྐྱར་མཇལ་མ་བྱས་སྔོན་གྱི་ཉིན་མོ་དེར་མོས་ངའི་གཟུགས་བརྙན་མཐོང་བ།” ཞེས་དང་། “མཚམས་རེར་དོན་རྐྱེན་དེ་དག་གི་འཕེལ་རིམ་ཁྲོད་དུ་ཡོད་པའི་ལྐོག་གྱུར་གྱི་མཐུ་སྟོབས་ནི་ང་ཚོའི་རྣམ་དཔྱོད་དང་ཤེས་རྟོགས་ལས་ཡོངས་སུ་བརྒལ་འདུག” ཅེས་སྡོམ་བརྒྱབ་ཡོད། དེབ་འདི་རུ་རྒྱ་གར་གྱི་འཚོ་བ་དང་བརྩེ་བྲལ་གྱི་མི་གཤིས། རྟག་བརྟན་ཐེར་ཟུག་གི་ཨ་མའི་བྱམས་བརྩེ། ཨོ་གླིང་གི་ཕ་ཚབ་མ་ཚབ་དང་འབྲེལ་མཐུད་རྒྱ་གར་མ་བཅས་ཀྱི་གཞན་ཕན་བསམ་བློ། དགོས་རྒུའི་འཇིག་རྟེན་google earth བརྒྱུད་ཕ་ཡུལ་འཚོལ་བའི་རིགས་ལམ་བཅས་ལས་ངོས་འཛིན་དང་བློ་སྒོ་འབྱེད་ཐུབ་པ་དང་། ལྷག་པར་ཡུལ་གྱར་བ་དང་འཁྱམ་པོའི་སེམས་ཁམས་ཧ་ཅང་གསལ་བས། འུ་ཚོ་ལྟ་བུའི་འཁྱམ་པོ་ཚོས་བཀླགས་ན་དོན་རྐྱེན་རེ་རེ་བཞིན་རང་ཉིད་ལ་དྲི་འདེད་དང་དྲན་གསོ་གཏོང་བས། ངེས་པར་བཀླགས་དགོས་པའི་དེབ་ཅིག་རེད། ཡིན་ནའང་། ཉིན་ཤས་རིང་ཁྱོད་ཀྱི་སེམས་མི་སྐྱིད་པར་གཏོང་སྲིད་ནའང་། དེབ་དང་གློག་བརྙན་གྱིས་སེམས་མི་སྐྱིད་པ་བཟོ་བ་ནི་བདེ་སྐྱིད་ཡིན་པའང་མ་བརྗེད་ཅིག
འགྱུར་དང་འབྲེལ་བའི་བསམ་ཚུལ།
ཉེ་བའི་ལོ་འདི་དག་གི་རིང་ལ། བོད་ཡིག་གིས་བྲིས་པའི་དབྱིན་སྐད་དང་རྒྱ་སྐད་ཀྱི་དེབ་དང་རྩོམ་ཡིག་མང་པོ་མཐོང་བས། འགྱུར་དེབ་རེ་བཀླགས་དུས་དེའི་ཚིག་འགྲོས་ལའང་བསམ་བློ་གཏོང་གི་འདུག དེ་དག་ལའང་བཀའ་དྲིན་ཞུ་འོས་པར་འདོད་དེ། ཆེས་ཆུང་ས་ནས་སྨོས་ཀྱང་བརྗོད་དོན་ངོ་སྤྲོད་ཡག་པོ་བྱེད་ཀྱི་འདུག འགྱུར་དེབ་འདི་ལའང་རེ་བ་ཆེན་པོ་མ་བཟུང་བར་བཀླགས་མོད། བཀླགས་ཀྱིན་བཀླགས་ཀྱིན་ཁོང་གི་འགྱུར་རྩལ་ལ་ཡི་རང་སྐྱེས་བྱུང་། དཔེར་ན། “ངས་ཀུའུ་ཀིལ་སའི་གོ་ལ་ནང་ཕ་ཡུལ་འཚོལ་བཤེར་བྱེད་པ་ནི་རྒྱ་མཚོའི་ནང་ཁབ་འཚོལ་བའམ་ཤིག་ཐལ་ནང་དུ་ལྷུང་བ་ཇི་བཞིན། ཕྱིར་རྙེད་པར་དཀའ་ཚེགས་ཆེ་ཞིང་ཡོང་མི་སྲིད་པ་ཞིག་ཏུ་སྣང་།” ཚིག་ཐུང་འདི་ལྟ་བུར་ལྟོས་དང་དཔེ་འཇོག་དང་བཅས་པ་ལས་བསྒྱུར་བ་བོའི་རྩལ་ཞིག་མཐོང་གི་འདུག འདི་འབྲེལ་དུ་དྲན་པ་གཞན་ཞིག་ནི། ངའི་གྲོགས་པོ་འཇམ་དཀར་བརྒྱུད་ཐོས་པ་ཞིག་ལ། དགེ་བཤེས་ལྷག་རྡོར་གྱིས་རིན་པོ་ཆེའི་གསུང་བསྒྱུར་ཞུ་སྐབས། རིན་པོ་ཆེས་བོད་ཀྱི་གཏམ་དཔེ་དང་བཤད་སྟངས། ལེགས་བཤད་སོགས་གསུངས་ན། དབྱིན་ཡིག་ནང་གི་གཏམ་དཔེ་དང་ལེགས་བཤད་མང་པོ་བློར་བཟུང་ནས་དེ་དང་འདྲ་བོ་རེ་དྲངས་ནས་བསྒྱུར་བ་ཡིན་ཞེས་གསུངས་པ་དེ་རེད། ཀླུ་རྒྱལ་ལགས་ཀྱིས་ཀྱང་ཐབས་རྩལ་འདི་འདྲར་བརྟེན་པའི་ཚོར་བ་ཞིག་ང་ལ་བྱུང་། འདི་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། སྔོན་བྱོན་ལོ་ཙཱ་བའི་བསྒྱུར་ཐབས་དང་བོད་བཙན་པོའི་སྐབས་ཀྱི་འགྱུར་ཁྲིམས་དང་མཐུན་པ་ཞིག་ཡིན་ཏེ། སྒྲ་སྦྱོར་བམ་གཉིས་ལས། “གོ་བདེ་བ་བསྣོར་ཞིང་བསྒྱུར་ཅིག”ཅེས་པའི་ཁྲིམས་དོན་ཡང་འདི་རེད་སྙམ།
དེབ་འདི་བཀླགས་ཚར་རྗེས། ངས་སའེ་རུབ་ཀྱི་དངོས་བྱས་གློག་བརྙན་ལའང་བལྟས་པ་ཡིན། ཡིན་ནའང་། དེབ་བཀླགས་པའི་བྲོ་བ་མི་འདུག་པས་འགྱུར་དེབ་འདི་དངོས་གནས་ཚད་ལྡན་དུ་མཐོང་སོང་། དངོས་གནས་ཚད་ལྡན་རེད་འདོད། ངའི་གྲོགས་པོ་གསལ་ལེ་རྒྱལ་གྱིས་ཡང་ཡང་སྨྲ་བའི་གཏམ་དཔེ་ཞིག་སྟེ། རྟ་ཞོན་མ་མྱོང་ཡང་སྐྱ་མྱི་མཐོང་། ཞེས་པ་ལྟར། མགོ་འཛུགས་དང་ཁྱོད་སྒྲས་ཁེངས་པའི་འགྱུར་དེབ་ཚོ་ལས་ཚིག་ལྷག་མེད་པ་དང་བརྗོད་པ་བདེ་བ། བོད་ཀྱི་སྐད་བརྡ་ལ་འདྲེས་པའི་འགྱུར་དེབ་ཡག་པོ་ཞིག་རེད་ཅེས་སྨྲ་བར་འདོད་སོང་།
ཡིན་ནའང་། སྒྲ་བསྒྱུར་གྱི་རིགས་དག་ནི་བློར་འཇུག་པོ་ཞིག་མ་རེད། བོད་ཀྱི་བརྡ་སྤྲོད་པའི་འགྲོས་ཀྱིས་ཀློག་མི་ཐུབ་པ་་དང་སྦྱོར་ཚུལ་མེད་པ་དེ་འདྲ་འདུག སྤྱིར་ན་སྒྲ་བསྒྱུར་གྱི་རིགས་ནི། ལོ་ཙཱ་བས་དོ་སྣང་མི་བྱེད་པ་དང་འགན་ལེན་མི་བྱེད་པའི་ངོས་ཤིག་ཡིན་པ་མ་ཟད། ཀློག་པ་པོས་ཀྱང་རྩར་གཅོད་དང་དོགས་འཇུག་མི་བྱེད་པའི་ངོས་ཤིག་རེད། བསྟན་བཅོས་ཤིག་བསྒྱུར་ན་སྒྲ་བསྒྱུར་གྱིས་དེའི་ཆ་ཤས་གཅིག་ཀྱང་ཟིན་གྱི་མེད་པ་མ་ཟད། སྒྲ་བསྒྱུར་མིང་ཚིག་གཅིག་གཉིས་རེ་ལས་མི་འབྱུང་བའི་བསྟན་བཅོས་ཀྱང་ཤིན་ཏུ་མོད། ཡིན་ནའང་། ཆེས་གཟབ་དགོས་པ་དང་དཀའ་ཚེགས་ཆེ་བའི་ངོས་ཤིག་ཡིན་ཏེ། སྒྲ་སྦྱོར་བམ་གཉིས་ནང་གི་ཁྲིམས་རྒྱ་མང་ཤོས་སྒྲ་བསྒྱུར་གྱི་ཐད་ལ་གནང་ཡོད། བཙན་པོའི་ཁྲིམས་རྒྱ་ཧ་ཅང་བཙན་པས། སྔོན་གྱི་སྒྲ་བསྒྱུར་མིང་ཚིག་རྣམས་ནི་ཡིད་ལ་འཇུག་བདེ་བ། ངག་ལ་བྱང་བདེ་བ། ཡིག་གཟུགས་ཀློག་བདེ་བ་དང་མ་འདྲེས་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་རེད་སྙམ། ཝ་ར་ནཱ་སི་དང་པདྨ། ཤཱ་རིའི་བུ། གོ་ཏམ་སོགས་ལ་གཟིགས་དང་། མིང་ཚིག་རེ་རེའི་སྟེང་ནས་སྔོན་གྱི་ལོ་ཙཱ་བའི་དྲག་རྩལ་འཇུར་ཡོང་བ་ཞིག་རེད། འདི་དག་ལ་འཇིག་རྟེན་མིག་གམ་ལོ་ཙཱ་བ་ཞུ་བ་ལས་མིང་ཚིག་ཐོ་གཏུགས་མཁན་ཚང་མས་འཇིག་རྟེན་གྱི་མིག་འབྱེད་ཁག་པོ་རེད།
དེང་སྐབས་ང་ཚོའི་སྤྱི་ཚོགས་ཀྱི་རང་དབང་ཡོད་ཚད་ཤོར་ཡོད་ནའང་། སྐད་དང་ཡི་གེར་ལ་རྨ་བྱེད་པར་རང་དབང་ཆེ་ཐག་ཆོད་པས། ལོ་ཙཱ་བ་རེ་རེས་རང་དབང་གིས་ཅི་འདོད་གང་འདོད་ཀྱིས་འབྲི་གིན་ཡོད། དཔེར་ན། བོད་ནང་དུ་ཧྥ་ཡིག་དང་ཧྭ་ཡིག་མང་པོ་ཅན་གྱི་སྒྲ་བསྒྱུར་གྱི་མིང་ཚོམ་ཞིག་དང་། ཝ་ནཱ་སོགས་ནས་ཡི་གེ་ཕྱིར་འཁོར་མང་པོ་ཅན་གྱི་སྒྲ་བསྒྱུར་གྱི་མིང་ཚོམ་ཞིག ཉེ་བའི་ལོ་ཤས་སྔོན་ལ་རྩེ་ཚང་གིས་ཐྲ་ཡིག་མང་པོ་ཅན་གྱི་སྒྲ་བསྒྱུར་གྱི་མིང་ཚོམ་ཞིག ད་དུང་མི་སྒེར་རེ་རེས་རང་སྣང་གང་དྲན་གྱི་སྒྲ་བསྒྱུར་ཡི་གེ་སྣ་ཚོགས་ཤིག་བྲིས་ནས་ཡོང་བ་འདི་དག་ལ་ངེས་པར་བསམ་ཞིབ་བྱེད་དགོས་པའི་སྐབས་སུ་མཐོང་མོད། སྣང་ཚུལ་དེ་ལེགས་བཅོས་ཀྱི་ཐབས་ཅི་ཡང་མ་རྙེད། སྔར་བཙན་པོའི་སྐབས་སུ་རྒྱལ་བོས་བཀས་བཅད་ནས་ཁྲིམས་སུ་བཅས་པའི་རྩ་ཚིག་ཡོད་པས་རང་སྣང་གང་དྲན་བྱེད་ས་མེད་ནའང་། རྒྱལ་ཁབ་མེད་པའི་འུ་ཚོར་རང་རྟོགས་ཀྱི་ཤེས་རབ་རེ་མ་འཁྲུངས་ན་དེ་ལས་གཞན་གྱི་ཐབས་རེ་ཡོད་ཚོད་མི་འདུག བོད་ཀྱི་བརྡ་སྤྲོད་པ་དང་སྔགས་ཀྱི་བཀླགས་ཐབས་སོགས་ལ་བྱང་ཆུབ་ཀྱང་མིང་ཚིག་དེ་དག་ཀློག་མི་ཤེས།
དེབ་འདིར་མཚོན་ནའང་། བོད་ཡིག་ནང་ཡོངས་གྲགས་སུ་མང་པོ་བྲིས་ཡོད་པའི་ཨོ་སི་ཊོ་ལི་ཡ་དང་གྷོ་གྷལ་ལམ་དགོས་རྒུ། ཝེ་ཁེ་རིག་མཛོད་སོགས་ཀྱང་སྒྲ་བསྒྱུར་གསར་བ་ཞིག་གིས་བྲིས་འདུག བོད་ཡིག་ནང་དུ་བེད་སྤྱོད་མང་དུ་བཏང་ཟིན་པ་དང་ནོར་འཁྲུལ་ཆེན་པོ་ཤོར་མེད་པ་རྣམས་ནི་གཅིག་གྱུར་གྱིས་བྲིས་ན་བཟང་བར་འདོད། དཔེར་ན། དབྱིན་ཡུལ། དབྱིན་ཡིག་ལྟ་བུ་ནི་གནའ་སྔ་མོ་ནས་འུ་ཚོས་འདི་ལྟར་བྲིས་ཤིང་ཕལ་ཆེར་རང་རྐྱ་འཕེར་བའི་མིང་ཚིག་ཅིག་ཏུ་གྱུར་ཡོད་ནའང་། ཁ་ཤས་ཀྱིས་སྒྲ་གདངས་ཡ་མཚན་ཞིག་ཤེས་སོང་རབས་བཤད་ནས་ཨིན་ཡིག་དང་ཨིན་ཡུལ་ཞེས་པའི་གད་སྙིགས་ཤིག་གང་སར་མཐོང་རྒྱུ་འདུག དེང་སྐབས་ཧྥ་རན་སི་ལ་ཧྥང་སེ་དང་། ཕ་རེ་སི་ལའང་ཁ་ཤས་ཀྱིས་པ་ཝེས་ཞེས་འབྲི་གིན་འདུག པ་ཝེས་ལ་བོད་པ་མང་ཆེ་བས་པ་འེས་ཟེར་བ་རེད། སྒྲ་གདངས་ཡོང་འདུག་གམ། གང་ལྟར་ངས་བཤད་འདོད་པ་ནི། སྐད་ཡིག་གཞན་གྱི་སྒྲ་གདངས་བརྒྱུད་དེ་སྐད་ཡིག་དེའི་མ་སྐད་ཀྱི་སྒྲ་གདངས་ལ་མི་མཐུན་ནའང་བོད་ཡིག་ནང་གཏན་འཁེལ་བའམ་མང་དུ་བྲིས་ཡོད་པ་རྣམས་ལ་བཟོ་བཅོས་མ་བྱས་ན་ལེགས་པར་འདོད། དེ་ལས་གཞན་དུ་ས་མིང་དང་མི་མང་གསར་བ་རྣམས་ནི་སྐད་ཡིག་དེའི་མ་སྐད་ལ་བསྟུན་ནས་སྒྲ་བསྒྱུར་བྱེད་རྒྱུ་གལ་ཆེན་པོ་རེད་འདོད། དཔེར་ན། སཱིང་གྷ་ཞུང་ཞེས་བོད་པ་འདུས་སྡོད་མང་པོའི་ཧྥ་རན་སིའི་ས་གནས་ཤིག་ཡོད། ས་མིང་དེ་དེ་སྔ་བོད་ཡིག་ནང་བྲིས་མྱོང་མེད་པས། མ་སྐད་ཉིད་ལ་བསྟུན་ན་ལེགས་མོད། དབྱིན་སྐད་ཀྱི་སྒྲ་གདངས་ལ་བསྟུན་ནས་སིང་གི་ཝ་སི་ཡན་ལྟ་བུ་ཞིག་བྲིས་འདུག བོད་ཡིག་ནང་དུ་གུག་གི་དང་ཞབས་ཀྱུ་གཉིས་ཀྱི་སྒྲ་གདངས་འདྲ་མཚུངས་ཤིག་ཡིན་ནའང་སྒྲའི་འབྱུང་ཁུངས་མི་འདྲ། དབྱིན་ཡིག་གི་”I”དབྱངས་འདི་ཅན་པ་ལ་གུག་གི་དང་འགྲེང་བུ་ལས་ཞབས་ཀྱུའི་སྒྲ་གདངས་མེད་པ་དང་། “U”དབྱངས་འདི་ལ་ཞབས་ཀྱུའི་སྒྲ་གདངས་ལས་གུག་གི་དང་འགྲེང་བུའི་སྒྲ་གདངས་ཡོང་སྟངས་མེད་རབས་ཤིག་རྒན་ཟླ་བ་ཚེ་རིང་ལགས་ཀྱིས་གསུངས་པ་དྲན་ཞིང་། དེ་ནི་སྒྲ་བསྒྱུར་བྱེད་དུས་ངེས་པར་དོ་སྣང་བྱ་འོས་པ་ཞིག་ཀྱང་རེད་འདོད།
གང་ལྟར་ངས་ཀྱང་དཔེ་ཀློག་གི་འགྲུལ་བཞུད་འདི་མགོ་བརྩམ་པ་ནས་མཇུག་བསྡུ་བའི་བར་དུ་སྙིང་གི་ལྡིང་མཚམས་མི་འཇོག་པའི་ཚོར་བ་ཞིག་གིས་སྒོ་ནས་བཀླགས་གྲུབ་ཡོད། དེ་ནི་བརྗོད་དོན་སྙན་པ་ཙམ་མིན་པར་ཀླུ་རྒྱལ་ལགས་ཀྱི་འགྱུར་རྩལ་ཡིན་པར་ངོས་བཟུང་ཡོད་པས་ཀླུ་རྒྱལ་ལགས་སུ་ཐུགས་རྗེ་ཆེ་སྙིང་ནས་ཞུ་བར་འདོད། ད་ནི་ངས་ཁོང་གི་འགྱུར་དེབ་གཉིས་པ་ཀློག་མགོ་བཙུགས་ཡོད།
༢༠༢༡ ལོའི་ཟླ་ ༡༡ ཚེས་ ༢༢ ཉིན།