ཐེ་བོ་ཤེས་རབ་རྒྱ་མཚོ།
ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེ་ ༢༥ ཉིན་ཀྲུང་གོའི་བོད་ལྗོངས་དྲ་བ་ཞེས་པར་སྙུག་འཛིན་པར་རློམ་པ་ཞིག་གིས་<<ཏཱ་ལའི་བླ་མར་བཏོན་པའི་དྲི་བ་བདུན་>>ཞེས་པའི་འཁྱོག་བཤད་ཀྱི་རྩོམ་ཡིག་ཅིག་སྤེལ་བར་མ་ཟད། ཧམ་པ་རི་ལྟར་ཚད་ནས་འཁྱོག་བཤད་བྱས་པའི་རྩོམ་ཡིག་དེ་ལ། ྋགོང་ས་ཏཱ་ལའི་བླ་མ་མཆོག་སྐུ་དངོས་མས་གསུང་ལན་གནང་རྒྱུའི་ཧམ་རེ་བཅངས་འདུག འོན་ཀྱང་སྙུག་ཐོགས་པ་ཁྱེད་ཀྱིས་གསལ་པོ་ཤེས་དགོས་པ་ཞིག་ལ་མཛད་འགན་གསུམ་གྱི་ཆེད་ཆུ་ཚོད་སྐར་ཆ་རེ་རེ་ཡང་མཛད་བྲེལ་གྱིས་འདའ་བཞིན་པའི་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་ཁྱེད་ཀྱི་ལབ་བརྡོལ་འདི་རིགས་ལ་ལན་གནང་རྒྱུར་ཧམ་རེ་བཅངས་པ་ནི་དངོས་ཡོད་གནས་ཚུལ་མཁྱེན་པའི་འཛམ་གླིང་མི་མང་གི་མདུན་ནས་རིན་དོད་སྤྲོད་མི་དགོས་པའི་ངོ་ཚ་ཆེན་པོ་ཞིག་ཉོས་པ་ལས་མ་འདས་པ་དང་། རེ་བ་འདིས་མིའི་མདུན་ལ་ཁྱེད་ཀྱིས་རང་ཉིད་ལྗིད་ཚད་རྒྱ་མར་བཀྱགས་པ་ཞིག་ཀྱང་ཡིན་པས། གཞུག་ཕྱོགས་ནས་སྐད་ཆ་བཤད་ཚེ་མཉམ་འཇོག་དགོས་ས་ཤིན་ཏུ་མང་པོ་ཡོད་པ་འདི་ཡིད་ལ་དམ་དུ་འཛིན་རྒྱུར་བདག་གི་ངོས་ནས་སྙུག་ཐོགས་པ་ཁྱེད་ལ་རེ་བ་ཞུས་པ་ཡིན། གལ་སྲིད་ཁྱེད་ཀྱི་སྐད་ཆ་འདི་ྋགོང་ས་ཏཱ་ལའི་བླ་མ་མཆོག་སྐུ་དངོས་མས་དངོས་སུ་གསན་གཟིགས་བྱུང་ཚེ་ཁོང་གིས་ཁྱེད་ལ་གསུང་ལན་གནང་རྒྱུ་ལས་ལྡོག་སྟེ། ཞལ་རས་འཛུམ་མུལ་མུལ་གྱིས་ཁྱེད་ཀྱི་གདོང་ལ་གཟིགས་ནས་ཅི་ཡང་མི་གསུང་བར་ལྷོད་ཤིག་གེར་བཞུགས་འདུག་ངེས་རེད།
བལྟས་བལྟས་རིག་རིག་ལ་ཁྱེད་ཀྱིས་དོན་དངོས་དང་མི་མཐུན་པའི་རྩོམ་ཡིག་སྤེལ་ནས་ངོ་ཚ་མེད་པའི་ཐ་ཤལ་གྱི་སྐད་ཆ་དེ་ལྟར་འཁྱོག་བཤད་བྱས་པ་འདིས་འཛམ་གླིང་ནང་དྲང་བདེན་ལ་དགའ་བའི་མི་མང་པོ་ཞིག་གིས་འཕྱ་སྨོད་དང་སེམས་ཚབ་གནང་བཞིན་ཡོད་པ་དང་། ངས་ཀྱང་འདི་ནས་ཁྱེད་ཀྱིས་སྙུ་གུ་ས་ལ་འཛུགས་མ་ཐག་སྐྱག་རྫུན་ཁོ་ན་བྲིས་པའི་རྩོམ་ཡིག་དེའི་མགོ་ནས་མཇུག་བར་ཞིབ་ཏུ་ཀློག་སྐབས། རྒྱ་གཞུང་གི་འཆར་ཅན་གྱི་གཞི་མེད་རྩ་བྲལ་གྱི་འཁྱོག་བཤད་བྱེད་སྟངས་དེ་རང་ཡིན་སྟབས། འཛམ་གླིང་ནང་མིག་གཉིས་དང་རྣ་བ་གཉིས་བེད་སྤྱོད་བྱེད་རྒྱུར་རང་དབང་ཡོད་མཁན་གྱི་མི་སུས་ཀྱང་ཁྱེད་ཀྱི་འཁྱོག་བཤད་འདི་རིགས་ལ་མགོ་བོ་འཁོར་མི་སྲིད་པ་ཞིག་ཡིན་པས། འདིར་ལན་འབྲི་དགོས་ངེས་སུ་མ་མཐོང་ནའང་། ཞིབ་ཏུ་བསམ་ན་རྫུན་གཅིག་ཐེངས་བརྒྱར་བཤད་ནས་བདེན་པ་བཟོ་རྒྱུ་དང་ཧམ་པ་རི་ཙམ་བཤད་ནས་བདེན་པ་གཡག་ཙམ་ཐོབ་ཐབས་བྱ་རྒྱུ་བཅས་ནི་ད་ལྟའི་རྒྱ་ནག་དམར་ཕྱོགས་གཞུང་གི་གཡོ་སྒྱུ་ཡོད་ན་མེད་ན་ཞིག་ཡིན་པར་བརྟེན། ལོ་བཅུ་བཅོ་ལྔའི་རྗེས་སམ། ལོ་བརྒྱ་ཕྲག་འགའི་རྗེས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ཚོས་ཀྱང་སྐབས་དེར་ཐོན་ན་གསེད་བཀྲོལ་བྱ་དཀའ་བའི་ལྐོག་གྱུར་གྱི་གསང་བའི་དགུ་མདུད་ཅིག་ཏུ་མི་འགྱུར་བའི་ངེས་པ་སུ་ལའང་མེད་སྟབས། བདག་གིས་ད་ལྟ་ཁྱེད་ཀྱི་རྩོམ་ཡིག་ནང་གི་འཁྱོག་བཤད་དང་སྐྱག་རྫུན་དེར་ལན་འདི་འབྲི་རྒྱུ་དང་ལེན་བྱས་པ་ཡིན།
རྩོམ་སྒྲིག་པའི་གཏམ་དུ་ “སྲོག་མི་གཅོད་པ་དང་། རྒྱལ་སྲུང་དམངས་ཕན་”ནི། ཆོས་ལུགས་ཁག་གི་གཞི་རྩའི་རྩ་དོན་རེད་ལབ་ཚུལ་ལ་བལྟས་ནས་དངོས་གནས་ཁྱེད་ཀྱིས་ཆོས་ལུགས་ཁག་གི་གཞི་རྩའི་རྩ་དོན་གང་ཡིན་གསལ་པོ་ཞིག་གཏན་ནས་ཤེས་མེད་པར་མ་ཟད། དེ་བས་བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་གཞི་རྩའི་རྩ་དོན་ཐད་ཁྱེད་ཀྱི་རྒྱུན་ཤེས་ནི་ཧ་ཅང་མག་མོག་ལས་ཀྱང་ཆེས་མག་མོག་དང་རབ་རིབ་ལས་ཀྱང་ཆེས་རབ་རིབ་ཏུ་གྱུར་འདུག་པས། དེའི་ཐད་ནས་ཁྱེད་ཀྱིས་ཅི་ཡང་མ་བཤད་ཚེ་ཧ་ཅང་མཛའ་བ་རེད། ད་ལན་ཁྱེད་ཀྱི་སྐད་ཆ་འདི་ཡང་སྔོན་ཆད་བོད་རང་སྐྱོང་ལྗོངས་ཀྱི་དམར་ཕྱོགས་དྲུང་ཆེ་ཞིག་གིས། ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་རྒྱ་ནག་ནས་ཁ་བྲལ་བྱེད་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་ “ཐ་དད་དོན་མིན་དོན་གཅིག་མིན།།”ཞེས་མགོན་པོ་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་ནང་གི་ཚིག་ཅིག་ལུང་འདྲེན་གྱིས་རྒྱ་ནག་གི་གསར་ལམ་ཁག་ནས་སྡིགས་མོ་བྱས་པ་དེ་དང་འདྲ་བོ་འདུག་པས། འཇིག་རྟེན་ན་རྒྱུས་མེད་རྒྱུས་གཏམ་བཤད་པ་ལས་བཙོག་པའི་རང་མཚང་ཕྱིར་འདོན་སྟངས་ཤིག་གང་ན་ཡོད་དམ། ཁྱེད་ཀྱིས་བཤད་པའི་ཆོས་ལུགས་ཁག་གི་གཞི་རྩའི་རྩ་དོན་ཟེར་བའི་ངོས་འཛིན་བྱེད་སྟངས་འདི་འདྲ་ཞིག་ནི་ཡུ་ཤུ་དང་ཁ་ཆེ་ཆོས་ལུགས་ནང་ལ་མེད་པར་མ་ཟད། ནང་བསྟན་ཆོས་ལུགས་ལ་ནི་དེ་བས་ཀྱང་མེད། ཁྱེད་ཀྱི་སྐད་ཆ་ལྟར་བཤད་ན། སྟོན་པ་ཤཱཀྱ་མུ་ནེས་ལྟ་བ་བཀར་བཏགས་ཀྱི་ཕྱག་བརྒྱ་བཞི་གསུངས་པ་འདི་ལ་ད་གཟོད་ནང་བསྟན་ཆོས་ལུགས་ཀྱི་གཞི་རྩའི་རྩ་དོན་ལབ་དགོས་པ་རེད། ད་ཤེས་སོང་ངམ། གཅིག་བྱས་ནས་ཁྱེད་ཀྱི་བཤད་སྟངས་འདི་ནི་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ཀླད་པ་བཀྲུ་བའི་ཆབ་སྲིད་སློབ་གསོ་དེའི་གཞི་རྩའི་རྩ་དོན་རེ་ཡིན་ན་ཐང་ཡང་སྲིད་མོད། དེ་ལྟར་ཡིན་ན་ནི་ཆོས་ལུགས་ཀྱི་གཞི་རྩའི་རྩ་དོན་དུ་འགྲོ་ཤེས་སྟངས་ཤིག་གཏན་ནས་མེད་པས། གཅིག་བྱས་ན་འདི་ནི་ཁ་རྩང་དེ་རིང་གུང་ཁྲན་ཏང་རང་ཉིད་ཀྱིས་གསར་བཏོད་བྱས་པའི་ཆོས་ལུགས་རེའི་གཞི་རྩའི་རྩ་དོན་འདྲ་ཡིན་ན་མ་གཏོགས་གཞན་འཇིག་རྟེན་ན་འདི་འདྲའི་རྩ་དོན་ཅན་གྱི་ཆོས་ལུགས་ཤིག་གཏན་ནས་མེད་པ་འདི་ཤེས་པར་གྱིས་ཤིག
ད་དུང་ཁྱེད་ཀྱིས་ “ཚེ་སྲོག་ལ་གཙིགས་མཐོང་དང་། དོན་དངོས་ལ་བརྩི་འཇོག་བྱེད་རྒྱུ་དེ་ཡང་ནང་བསྟན་པའི་བླང་བྱ་ཡིན་པ་མ་ཟད། ཤེས་ཡོན་དར་བའི་སྤྱི་ཚོགས་ཤིག་གི་གཅིག་མཐུན་གྱི་ལྟ་བ་རུ་གྱུར་ཡོད་” ཟེར། ཧ་ཧ། ཐུགས་རྗེ་ཆེ། ང་ལ་རྒྱུན་དུ་སྐད་ཆ་འདི་འདྲ་ཞིག་མ་རག་པར་བསྡད་ཡོད། ངེད་གཉིས་འདི་ནས་ཁྱེད་ཀྱིས་སྐད་ཆ་འདི་གཞི་རྩར་བཟུང་ནས་གླེང་སློང་བྱས་ཚེ། ཚེ་སྲོག་ལ་གཙིགས་མཐོང་མི་བྱེད་མཁན་དེ་རྒྱ་ནག་གུང་ཁྲན་གཞུང་ཡིན་པ་ལས་ྋགོང་ས་ཏཱ་ལའི་བླ་མ་མཆོག་མ་རེད་ལ། དོན་དངོས་ལ་གཙི་འཇོག་མི་བྱེད་མཁན་དེ་ཡང་རྒྱ་ནག་གུང་ཁྲན་གཞུང་ཡིན་པ་ལས་ྋགོང་ས་ཏཱ་ལའི་བླ་མ་མཆོག་མ་རེད། ཕྱི་ལོ་ ༡༩༨༩ ཟླ་༦ ཚེས་ ༤ མཚན་མོ་གནམ་བདེ་སྒོ་མོ་ཐང་ཆེན་ནས་ཞི་བའི་འབོད་སྒྲ་སྒྲོག་མཁན་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་མེ་སྒྱོགས་དང་ལྕགས་འཁྲབ་འཁོར་ལོས་སྐར་ཆ་ཁ་ཤས་ནང་ལ་དམར་གསོད་གཏོང་མཁན་དེ་ྋགོང་ས་ཏཱ་ལའི་བླ་མཆོག་ཡིན་ནམ། ཕྱི་ལོ ༡༩༥༩ ནས་ད་ལ་ཐུག་གི་བར་ལྷ་སའི་བར་སྐོར་གྱིས་མཚོན་པའི་བོད་ཁམས་ཡོངས་ནས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་མཁན་གྱི་བོད་མི་བརྒྱ་ཕྲག་དང་སྟོང་ཕྲག་མང་པོར་མེ་མདའ་དང་མེ་སྒྱོགས་བརྒྱབ་ནས་དམར་གསོད་གཏོང་མཁན་དེ་ྋགོང་ས་ཏཱ་ལའི་བླ་མ་མཆོག་ཡིན་ནམ། <<ཐིག་བརྒྱད་རྩ་ཁྲིམས་>>འབྲི་མཁན་དང་ཞི་བདེ་གཟེངས་རྟགས་བཞེས་མཁན་བཙོན་དུ་བཅུག་པ་དེ་ནི་གུང་ཁྲན་ཏང་གིས་དོན་དངོས་ལ་གཙི་འཇོག་བྱེད་སྟངས་ཤིག་རེད་དམ། བོད་མི་ས་ཡ་དྲུག་གི་མངོན་འདོད་དངོས་མ་ལ་ཅི་མི་སྙམ་པར་གཅིག་སྡུད་སྒེར་གཅོད་བྱེད་སྟངས་དེ་ནི་གུང་ཁྲན་ཏང་གིས་དོན་དངོས་ལ་གཙི་འཇོག་བྱེད་སྟངས་ཤིག་རེད་དམ། བོད་ས་དུམ་བུར་བཅད་བཟུང་གིས་དབང་སྒྱུར་བྱེད་བཞིན་པ་འདི་ནི་གུང་ཁྲན་ཏང་གིས་དོན་དངོས་ལ་གཙི་འཇོག་བྱེད་སྟངས་ཤིག་ཡིན་ནམ། བོད་ཐོག་བཟུང་བའི་སྲིད་བྱུས་ལ་གནད་དོན་ཡོད་པ་མངོན་སུམ་དུ་ལྷང་ལ་བུད་ཀྱང་ད་དུང་ཨུ་ཚུགས་དང་ཀླད་རྙིང་མཁྲེགས་བཟུང་གིས་བཅོས་བསྒྱུར་དང་བསྐྱར་ཞིབ་མི་བྱེད་པ་འདི་ནི་གུང་ཁྲན་ཏང་གིས་དོན་དངོས་ལ་གཙི་འཇོག་བྱེད་སྟངས་ཤིག་ཡིན་ནམ། འཛམ་གླིང་གི་འཁོར་འགྲོས་དང་མི་བསྟུན་པར་སྒེར་གཅོད་སྲིད་དབང་སྲ་བརྟན་དུ་གཏོང་ཐབས་སུ་ཐོས་བ་ཙམ་གྱིས་སྙིང་འདར་དགོས་པའི་ཁྲིམས་ལུགས་འདྲ་མིན་སྣ་ཚོགས་ཉེ་ཆར་ད་དུང་གཏན་ལ་འབེབ་བཞིན་པ་དེ་ནི་གུང་ཁྲན་ཏང་གིས་དོན་དངོས་ལ་གཙི་འཇོག་བྱེད་སྟངས་ཤིག་རེད་དམ།
མ་གཞི་སྔ་ཕྱི་འགལ་བའི་ཁྱེད་ཀྱི་སྐད་ཆ་འདི་ཚོས་ཁྱེད་རང་ཉིད་ཀྱི་རྐང་རྗེས་ལག་གསུབ་བྱས་བ་ཞིག་ཡིན་པ་དང་། ཁྱེད་རང་ཉིད་ཀྱི་མགོ་བོར་གཞུ་བྱེད་ཀྱི་ཐོ་བ་རང་གིས་བཟོས་པ་དང་ཅི་ཁྱད། ཤོད་སྟངས་དང་བྱེད་སྟངས་འདི་རིགས་ནི་བོད་ཀྱི་གཏམ་དཔེར་ “མཆིལ་མ་གནམ་འཕེན་རང་ངོ་དང་། གཅིན་རྡོ་ཐོག་བཏང་བ་བརླ་ཐོག་”ཅེས་པ་ལ་མ་འདས་པས་ངས་སྐུ་ཉིད་ཀྱི་གདོང་ལ་བལྟས་ནས་དམའ་ཕབ་པ་མིན་ཡང་ཁྱེད་ཀྱི་སྐད་ཆ་འདི་ཚོ་གཅིག་གཅིག་གཉིས་གཉིས་བྱས་མཐར་ཆགས་སུ་བཀོད་ནས་ལན་འདེབས་རྒྱུ་ནི་དངོས་གནས་བྱས་ན་བཤང་གཅིའི་ནང་གི་རྡེའུ་སྒྲུག་པ་ལྟར་སྐྱུག་མེར་ལང་དགོས་པ་ཞིག་འདུག
མི་ལྟ་ཅི། རྐང་འོག་ལ་འབུ་སྲིན་ཆུང་ཆུང་ཞིག་གི་ཚེ་སྲོག་ཤོར་བ་ཙམ་ལ་ཡང་སྙིང་རྗེས་མ་བཟོད་པར་བཤུམས་ནས་སྤྱན་ཆབ་བསིལ་གནང་མཁན་གྱི་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས། བོད་མི་ཚོར་རང་ལུས་མེ་བསྲེགས་གཏང་དགོས་པའི་བརྒྱུད་སྐུལ་བྱེད་མི་སྲིད་ཟེར་ནས་ངས་འདིར་ཁྱེད་ལ་དགག་པ་རྒྱག་རྒྱུའི་ཚབ་ཏུ་ཁྱེད་ལ་དྲི་བ་གཅིག་རང་གཅིག་འདྲི་རྒྱུ་ཡིན་པས། བདག་གི་རེ་བ་ཡིན་ན། ཁྱེད་ཀྱིས་ངའི་དྲི་བ་འདི་ལ་ནམ་ལང་བ་ལྟ་བུའི་ལན་ཞིག་བཏབ་ཚེ་འཛམ་གླིང་གི་མི་ཚང་མས་ཁྱེད་ཀྱིས་གང་བཤད་ལ་ཡིད་ཆེས་གནང་གི་རེད་ལ། ཁྱེད་ཀྱིས་ཀྱང་དེ་ལྟར་གནང་ན་ལོས་བསམ། གཅིག་བྱས་ན་ཁྱེད་ཀྱིས་ངའི་དྲི་བ་འདི་ལ་ལན་འདེབས་སྙིང་མི་འདོད་ནའང་ཐང་། ཡིན་ཡང་ལན་འདི་ནི་ཁྱེད་ཀྱིས་ངེས་པར་དུ་ད་ལྟ་རང་འདེབས་དགོས་པ་ཞིག་ལས་གཡོལ་གཟུར་བྱེད་སའི་བར་སྟོང་ཞིག་གཏན་ནས་ལྷག་མེད། རྒྱུ་མཚན་ནི་སྐད་ཆ་འདི་དག་ཁྱེད་ཀྱིས་དངོས་སུ་བཤད་པས་ཡིན། མ་གཞི་དངོས་གནས་བྱས་ན་ཁྱེད་ཀྱིས་ “དཔང་རྟགས་”ཟེར་བའི་ཐ་སྙད་འདིའི་ནང་དོན་དང་ནུས་པ། ལྗིད་ཁོག་སོགས་ཤེས་དགོས་ཚོད་ཡིན་ཡང་། ཁྱེད་ཀྱིས་བཤད་སྟངས་ལ་བལྟས་ན་ཐེ་ཚོམ་སྐྱེ་དགོས་པ་ཞིག་འདུག གལ་སྲིད་འཁྱོག་བཤད་བྱས་པ་མ་ཡིན་པར་མ་ཤེས་པ་ཡིན་ཚེ་ཚིག་མཛོད་དང་སྤྱི་དམངས་གཏུག་བཤེར་གྱི་ཁྲིམས་ཡིག་སྔོགས་དང་། ད་གཟོད་ཁྱེད་ཀྱིས་ “དཔང་རྟགས་”ཟེར་བའི་ཐ་སྙད་འདིའི་ནང་དོན་དང་ནུས་པ། ལྗིད་ཁོག་དངོས་མ་དེ་ཏག་ཏག་ཤེས་ངེས་ཡིན་ལ། དེ་ཤེས་ན། བོད་ནང་གི་བོད་མི་རྣམས་ཀྱིས་རང་ལུས་མེ་བསྲེགས་གནང་བ་དེ་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་བརྒྱུད་སྐུལ་གནང་བ་རེད་ཟེར་ནས། འགྲོ་བ་མི་ཡོད་ཚད་ཀྱི་རྣ་མལ་དུ་མཐོན་པོར་བསྒྲགས་ཟིན་པ་ཙམ་གྱིས་མི་ཆོག་པར་མ་ཟད། ང་ཚོ་ལ་ “དཔང་རྟགས་”ལྡང་ངེས་ཡོད་ལབ་པ་ཙམ་གྱིས་ཀྱང་ཆོག་པ་ཞིག་མ་ཡིན། མདོ་དོན་ཁྱེད་ཀྱིས་ཁྲིམས་ལུགས་ཀྱི་ངོས་སམ། མ་མཐའ་ཀུན་སྤྱོད་ཀྱི་ངོས་ནས་ཀྱང་སྐད་ཆ་འདི་འདྲ་ཞིག་བཤད་ཚར་རྗེས་ངེས་པར་དུ་ “དཔང་རྟགས་”ཅི་ཡོད་འཛམ་གླིང་མི་མང་གི་མདུན་ལ་མིག་སྟོན་གསལ་པོ་བྱེད་དགོས་སྟབས། ཁྱེད་ལ་རང་ལུས་མེ་བསྲེགས་འདི། ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་བརྒྱུད་སྐུལ་བྱས་པའི་ “དཔང་རྟགས་”གང་ཡང་འཛམ་གླིང་མི་མང་མདུན་སར་མིག་སྟོན་བྱེད་རྒྱུ་ཡོད་དམ།
“༢༠༡༢ ལོའི་ཟླ་ ༢ ཚེས་ ༢༢ ཉིན། ཏཱ་ལའི་ཡིས་རྒྱ་གར་གྱི་རྡ་རམ་ས་ལ་ནས་ཞོགས་པའི་སྨོན་ལམ་འཚོགས་ཤིང་། བོད་མི་རྣམས་ལ་རང་སྲོག་གཏོང་མཁན་རྣམས་ལ་བསྔོ་བ་སྨོན་ལམ་ཞུ་དགོས་པ་ལས་ལོ་གསར་མི་གཏོང་བའི་འབོད་སྐུལ་བྱས།”པ་རེད་ཟེར་ནས་བལྟས་བལྟས་རིག་རིག་ལ་མིས་མཐོང་ས་ནས་ཁྱེད་ཀྱིས་དེ་ལྟར་དམར་དམར་རྗེན་རྗེན་གྱིས་སྐྱག་རྫུན་བཤད་སྟངས་འདིར་ང་དངོས་གནས་ཧང་སང་སོང་། ཟླ་ ༢ ཚེས་༢༢ ཉིན་བོད་ཀྱི་ལོ་གསར་ཚེས་གཅིག་ཡིན་པས། ྋགོང་ས་ཏཱ་ལའི་བླ་མ་མཆོག་སྔ་དྲོ་ཆུ་ཚོད་༧ ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚེས་གཏོར་ལ་ཆིབས་སྒྱུར་བསྐྱངས་ཡོད་ནའང་། ཁོང་ཚང་གིས་གསུང་བཤད་ཚིག་གཅིག་ཀྱང་གནང་མེད་པས། ཁྱེད་ཀྱིས་དེ་ལྟའི་འབོད་སྐུལ་ཞིག་གང་ནས་མཐོང་སོང་ངམ།
ཨ་ཨ། ཁྱེད་ཀྱི་སྐད་ཆ་འདི་ནི་ཅི་འདྲའི་ཁུངས་ལུང་བྲལ་བའི་སྐྱག་རྫུན་མཚན་ཉིད་པ་ཞིག་རེད་ཨང་། ྋགོང་ས་ཏཱ་ལའི་བླ་མ་མཆོག་ནས་ཚིག་དུམ་དེ་འདྲ་ཞིག་དངོས་སུ་གསུང་གནང་གི་ལོ་རྒྱུས་ཡོད་ཚེ། ཁྱེད་ཀྱིས་འདིར་གསུང་གི་ཚིག་རིས་གསོན་པོ་རྣམས་ཅི་བཞིན་འཛམ་གླིང་གི་མི་མང་ཚང་མའི་མིག་ལམ་དུ་བསྟར་དགོས་པ་ཞིག་ཡིན་ནའང་། ཁྱེད་ལ་ཅི་ཡང་སྟོན་རྒྱུ་མེད་པ་འདི་ཅིའི་ཕྱིར་ཡིན་ནམ། ཁྱེད་ཀྱིས་འདི་འདྲའི་ངོ་ཚ་བྲལ་བའི་སྐྱག་རྫུན་བཤད་པར་བརྟེན། བདག་གིས་ཞོགས་ཀ་དེར། ྋ གོང་ས་ཏཱ་ལའི་བླ་མ་མཆོག་གཙུག་ལག་ཁང་དུ་ཕེབས་པའི་གནས་ཚུལ་དངོས་མ་དེ་མི་རྣམས་ལ་ཤེས་རྟོགས་ཆེད་ཉིན་དེར་བོད་གཞུང་གི་དྲ་རྒྱའི་སྟེང་བཀོད་པའི་གསར་འགྱུར་དེ་ཡིག་འབྲུ་གཅིག་ཀྱང་མ་ལུས་པར་གཤམ་དུ་ཆ་ཚང་བརྒྱུད་འགོད་བྱ་རྒྱུ་ཡིན།
“༢༠༡༢ ཟླ་ ༢ ཚེས་ ༢༢ རེས་གཟའ་ལྷག་པ། བོད་རྒྱལ་ལོ་ ༢༡༣༩ ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༢ རབ་གནས་ཆུ་འབྲུག་གནམ་ལོའི་རང་ཞལ་གསར་དུ་བཞད་པའི་རྟེན་འབྱུང་ཉིན་སྔ་དྲོ་ཆུ་ཚོད་ ༧ ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་ཚེས་གཏོར་རྟེན་འབུལ་དངོས་གཞིའི་ཐོག ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྣམ་གྲྭའི་དགེ་འདུན་པས་སྤྱན་རྒྱ་སྤོས་སྔོན་བསུས་ཏེ་གཙུག་ལག་ཁང་དུ་གནས་གཟིགས་དང་སྙན་ཤལ་སྒྲོན་འབུལ་མཛད། དེ་རྗེས་གཙུག་ལག་ཁང་ཡང་སྟེང་གི་བཞུགས་ཁྲི་རིན་པོ་ཆེར་ྋཞབས་སོར་འཁོད་འཕྲལ་གམ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་ལྷ་མོའི་གསུང་བསྐང་བཀའ་དྲིན་ཆེ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། སྤྱི་འཐུས་རྣམ་པ། སྲི་ཞུ་བ་ལས་ཟུར་རྣམ་པ་བཅར་ཡོད། དེ་ནས་ཆུ་ཚོད་ ༨ ཐོག་གནམ་ལོ་གསར་བཞད་ཀྱི་ཆོས་ཕྱོགས་མཛད་སྒོ་གཙུག་ལག་ཁང་གི་ཚོམས་ཆེན་དུ་མཛད་བཅར་བ་རྣམས་གདན་འཛོམས་རྗེས་ྋགོང་ས་མཆོག་གདན་ཞུས་ཀྱིས་རྣམ་གྲྭ་གསུང་ཞབས་རྣམས་ནས་སྐྱབས་སེམས་དང་། མཆོག་གསུམ་ཤིས་བརྗོད། བསྟན་འབར་མ། རིས་མེད་བསྟན་རྒྱས་སྨོན་ལམ་བཅས་ལེགས་པར་གསུང་འདོན་ཟིན་གྲུབ་བསྟུན་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག བཀའ་བློན་ཁྲི་པའི་སྐུ་ཚབ་མཆོག་བཅས་ནས་མགོན་པོ་གང་ཉིད་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་གྲུབ་རྗེས་ཁྲིམས་ཞིབ་པས་དབུས་མཛད་གཙོ་རྣམ་པ་དང་། སྤྱི་འཐུས་རྣམ་པ། ལས་ཁུངས་ཁག་གི་ཟུང་དྲུང་ཡན་དང་། རྒྱ་གར་གཞུང་གི་སྣེ་ཤན་སྐུ་ཚབ་སོགས་ལ་རིམ་བཞིན་མཇལ་ཁ་སྩལ་གྲུབ་མཚམས་ཚོགས་ལངས་པ་གཉིས་ནས་ཆོས་ཀྱི་བགྲོ་གླེང་ཚུགས་རྗེས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། དེ་ནས་བགྲོ་གླེང་པས་ཚིག་བཀྲ་བཅད་དེ་མཇལ་ཁ་ཞུས་རྗེས་ཀ་ཁྲི་སྒྲོག་པ་དང་། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྤྱན་རྒྱ་སྤོས་སྣེས་ཕོ་བྲང་དུ་གདན་འདྲེན་ཞུས་ཏེ་ལོ་གསར་གྱི་རྟེན་འབྱུང་མཛད་སྒོ་ལེགས་གྲུབ་བྱུང་ཡོད་པ་བཅས།” ༡ ཞེས་པ་འདི་ལ་ཚང་མས་གཟིགས་དང་། ྋ གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཉིན་དེར་རྡ་རམ་ས་ལ་ནས་བོད་མི་རྣམས་ལ་ལོ་སར་མི་གཏོང་བའི་འབོད་སྐུལ་ཞུས་ཡོད་མེད་གསལ་པོ་ཡིན། “རྫུན་ཨབ་ར་གཉིས་ལ་རྔ་མ་ཐུང་”ཞེས་པའི་གཏམ་དཔེ་དེ་མི་རྣམས་ཀྱིས་འདི་འདྲ་ལ་ཟེར་བ་རེད།
རང་ལུས་མེ་བསྲེགས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་སྨོན་ལམ་ཚོགས་སྐབས། ྋགོང་ས་ཏཱ་ལའི་བླ་མ་མཆོག་སྐུ་དངོས་སུ་མཉམ་ཞུགས་གནང་བ་དེ་རང་ལུས་མེ་བསྲེགས་གཏང་དགོས་པའི་བརྒྱུད་སྐུལ་བྱས་པ་ཡིན་ཚུལ་གྱི་སྐད་ཆ་གཡས་འཐེན་གཡོན་འཐེན་བྱས་ནས་བཤད་པ་འདི་རིགས་ནི་རང་ཉིད་ཤེས་རིག་དར་བའི་སྤྱི་ཚོགས་ཀྱི་ཁོངས་མི་ཡིན་པར་འདོད་མཁན་ཞིག་གི་བཤད་སྲོལ་ཞིག་ཡིན་པ་ཕར་ཞོག སྔོན་ཆད་བསྡུར་ན་བོད་གནམ་ས་བླ་འོག་བསྒྱུར་བ་དང་འཕུར་མཆོང་ལྟ་བུའི་ཡར་རྒྱས་བཏང་ཡོད་ཟེར་མཁན་གྱི་རྒྱ་ནག་གཞུང་གིས་བཤད་རྒྱུ་ཞིག་དེ་བས་ཀྱང་མ་རེད། ཡིན་ཡང་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ལོ་གསར་ལ་དགྱེས་སྟོན་དང་གླུ་ལེན་གར་རྩེད་རིགས་མ་གནང་བར་རང་ལུས་མེ་བསྲེགས་གནང་ནས་གཤེགས་ཟིན་པ་དང་། ད་ལྟ་སྨན་བཅོས་གནང་བཞིན་པ་ཚོའི་ཆེད་ཁ་ཏོན་དགེ་སྒྲུབ་ཀྱི་མཆོད་འབུལ་གཞི་རྒྱ་ཆེན་པོ་གནང་ཡོད་པ་དང་། དེ་ནི་འགྲོ་བ་མིའི་རིགས་ཀྱི་མི་ཆོས་ཀུན་སྤྱོད་ཐོག་ནས་བཤད་ན་ཀུན་གྱིས་བསྔགས་བརྗོད་བྱེད་དགོས་པ་ཞིག་ལས་འཇིགས་སྐྲག་གིས་ཁ་རྡུང་གཏོང་དགོས་པ་ཞིག་མིན་ནའང་། ཏག་ཏག་རྒྱ་ནག་གཞུང་ནི་ག་དུས་ཡིན་ན་ཡང་དེའི་ལྡོག་ཕྱོགས་སུ་བསྒྲེངས་ཡོད་པ་དང་། དེས་དོན་དངོས་ཐོག་འཇིགས་སྐུལ་རིང་ལུགས་པ་ངོ་ཐོག་དེ་ཁྱོད་རེད་ང་མིན་ལབ་མི་དགོས་པར་སོ་སོའི་ཀུན་སྤྱོད་ཐོག་ནས་ད་ལན་འཛམ་གླིང་གི་མི་མང་མདུན་ལ་སུ་ཡིན་མིན་འགྲེལ་བརྗོད་ཤིན་ཏུ་གསལ་པོ་བྱས་ཡོད་པ་རེད།
མི་ལོ་དྲུག་ཅུ་ལྷག་བོད་དབང་སྒྱུར་བྱས་ཀྱང་ད་དུང་བོད་མིའི་འཚོ་བའི་ཁྲོད་ཀྱི་རྒྱུན་ཤེས་ཆུང་ཚེགས་འདི་ཙམ་ཡང་མ་ཤེས་ཚེ་དེས་ད་བར་ཁྱེད་ཅག་གིས་བོད་ཡར་རྒྱས་བཏང་ཚུལ་དང་། བོད་ཀྱི་རིག་གནས་གོམས་སྲོལ་ལ་སྲུང་སྐྱོབས་བྱེད་ཚུལ་བཤད་པ་དེར་འཛམ་གླིང་གི་མི་རྣམས་ཐེ་ཚོམ་སྐྱེ་བཞིན་པ་འདི་ལ་བསམ་ཞིང་གཞིག་ན། དངོས་གནས་ཁོང་ཚོ་ལའང་ཐུགས་ཁག་མི་འདུག གལ་སྲིད་ཁྱེད་ཅག་ལ་བོད་ཀྱི་རིག་གནས་གོམས་སྲོལ་ཐད་ཀྱི་རྒྱུན་ཤེས་ཕྲན་ཙམ་ཡོད་ཚེ་སྐད་ཆ་འདི་འདྲ་ཞིག་དུས་ནམ་ཡང་བཤད་སྲིད་པ་ཞིག་མ་ཡིན་ཏེ། ང་ཚོ་བོད་ལ་མཚོན་ན་ཁྱིམ་ཚང་གི་ནང་མི་ཞིག་འདས་གྲོངས་སུ་ཕྱིན་ཚེ་ལོ་དེར་ཁྱིམ་ཚང་དེས་ལོ་མི་སར་བ་གླུ་ལེན་གར་རྩེ་རིགས་མི་བྱེད་པ་ཡིན་པས། ཁྱེད་ཀྱིས་འདི་ལ་འགྲེལ་བརྗོད་ཇི་ལྟར་བྱ་རྩིས་ཡོད་དམ། ངས་ཁྱེད་ལ་མཐོང་ཆུང་བྱས་པའི་སྐད་ཆ་མིན། ཁྱེད་ཀྱིས་འདི་ལྟར་བཤད་ཚེ་ངའི་མིག་ལ་དངོས་གནས་ཀླ་ཀློའི་སྤྱི་ཚོགས་ཀྱི་གྲིབ་གཟུགས་གསོན་པོ་ཞིག་རྔམ་རྔམ་གྱིས་འཆར་ཡོང་གི་འདུག་པས། དངོས་མ་ཞེད་སྣང་སྐྱེ་དགོས་པ་ཞིག་རེད། ང་ཚོས་ཚེ་སྲོག་རེ་རེའང་རྩ་ཆེན་དུ་རྩི་བཞིན་ཡོད་པས། བོད་པ་ཞིག་ལ་མཚོན་ན་འདི་ནི་ང་ཚོས་ཅིས་ཀྱང་བྱེད་དགོས་ངེས་ཀྱི་གོམས་སྲོལ་དམིགས་བསལ་བ་ཞིག་རེད། སེམས་ཅན་ཐམས་ཅད་ཆེད་དུ་སྙིང་རྗེ་ཆེན་པོའི་སྐུར་བཞེངས་པའི་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་འདས་པོ་ཚོའི་ཆེད་དུ་བསྔོ་སྨོན་གསུངས་པ་དེ་རང་ལུས་མེ་བསྲེགས་བརྒྱུད་སྐུལ་ཆེད་མིན་པ་ནི་གོང་བཤད་དེས་སྙུག་ཐོགས་པ་ཁྱེད་ཀྱིས་འགོག་མེད་ངང་འདྲི་བསམ་པ་དེར་ལན་ཐེབས་དགོས་པ་ཞིག་ཡིན་པས། དོན་མེད་དོགས་པ་སྐྱེ་བ་ནི་རང་གཞན་ཀུན་ལ་ཕན་ཐོགས་ཏིལ་འབྲུ་ཙམ་མེད་པའི་བྱ་བ་འཐོལ་བ་ཞིག་རེད། ཁྱེད་ཀྱིས་བཤད་པའི་བརྒྱུད་སྐུལ་ཟེར་བ་ནི། ཁྱེད་ཚོས་དེ་ན་རང་ལུས་མེ་བསྲེགས་ཐོངས་དང་། ངས་འདི་ནས་རང་ལུས་མེ་བསྲེགས་གནང་མཁན་ཚོར་བསྔོ་སྨོན་གནང་གི་ཡིན་གསུངས་ན་དེ་ནི་ད་གཟོད་བརྒྱུད་སྐུལ་བྱས་པ་རེད་ཟེར་ནས་ལབ་ཆོག་པ་ཞིག་རེད། འོན་ཀྱང་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཐོག་མཐའ་བར་གསུམ་ལ་དེ་འདྲའི་བཀའ་སློབ་ཅིག་གཏན་ནས་གནང་མྱོང་མེད་པས། གལ་སྲིད་དངོས་གནས་སྐྱག་རྫུན་བཤད་བསམ་ན་ཡང་འདྲ་ཆགས་པོ་ཞིག་བཤད་དགོས་པ་རེད།
ཁྭ་ཏའི་ཁ་ནས་མུ་ཏིག་ཐོན་པ་ནི་ནམ་ཡང་དཔེ་སྲིད་པ་ཞིག་མིན་ནའང་། ཁྱེད་ཀྱིས་“རང་བསྲེགས་གཏོང་བ་ནི་ཐབས་ཟད་པའི་ཚེ་སྲོག་གཅོད་པའི་ཐབས་ཤེས་ཤིག་ཡིན་”ཞེས་པའི་སྐད་ཆ་འདི་ཅི་མ་བདེན། དངོས་གནས་རེད། རང་ལུས་མེ་བསྲེགས་ཀྱི་འགུལ་བསྐྱོད་ནི་མི་རྣམས་ཆེས་འུ་ཐུག་པའི་དུས་སུ་ད་གཟོད་གཏོང་གི་ཡོད་པ་རེད། གལ་སྲིད་དེ་རིང་གུང་ཁྲན་ཏང་གི་གནམ་འོག་ན་ཁྲོམ་སྐོར་རང་དབང་དང་། འདུ་འཛོམས་རང་དབང་། སྨྲ་བརྗོད་རང་དབང་། ཆོས་ལུགས་དད་མོས་རང་དབང་། འགྲོ་བ་མིའི་ཐོབ་ཐང་བཅས་ཡོད་རྒྱུ་ན། མ་མཐའང་ཚེ་སྲོག་ཅིག་གསོན་ཆོག་པའི་རང་དབང་གི་བར་སྟོང་ཆུང་ཆུང་ཞིག་ཡོད་རྒྱུ་ན། ཁྱེད་ཀྱིས་བཤད་པ་ལྟར་ངའི་སྙིང་ཉེ་བའི་བོད་མི་གཅེན་གཅུང་ཚོས་འུ་ཐུག་པའི་གདམ་ཀ་འདི་འདྲ་ཞིག་ནམ་ཡང་བྱེད་སྲིད་པ་མ་ཡིན་ལ། མི་སུས་ཀྱང་རང་དབང་ཡོད་སའི་གནམ་འོག་ཅིག་ནས་འཆི་བའི་གདམ་ཀ་ནི་ནམ་ཡང་བྱ་མི་སྲིད་པ་ཞིག་རེད། ངས་ཞོར་དུ་འདྲི་རྒྱུ་ཞིག་ལ་ཁྱེད་ཀྱི་སྐད་ཆའི་ཟ་ཟུར་དངོས་ཤུགས་ཀུན་ནས་གུང་ཁྲན་ཏང་ནི་དངོས་དོན་ལ་གཙི་འཇོག་བྱེད་མཁན་ཡིན་ཚུལ་གྱི་སྣང་བརྙན་མང་པོ་ཞིག་སློང་སྐྲུན་བྱས་སོང་བ་དེ་བདེན་ན། རང་ལུས་མེ་ལ་བསྲེགས་མཁན་གྱི་ངའི་སྙིང་ཉེ་བའི་གཅེན་གཅུང་ཚོས་རང་ལུས་མེ་ལ་བསྲེགས་ནས་དམར་ལམ་ལམ་གྱི་མེ་ལྕེ་ཞིག་ཏུ་འགྱུར་སྐབས། ཁ་ནས་སྒྲོག་བཞིན་པའི་འབོད་སྒྲ་དེ་དག་ལ་གུང་ཁྲན་ཏང་གིས་གཙི་འཇོག་བྱེད་ཀྱིན་ཡོད་དམ། ད་དུང་ཁྱེད་ཀྱིས་“ མིའི་རིགས་ཀྱི་ཤེས་ཡོན་ཆེས་ཆེར་དར་བའི་དེང་གི་སྐབས་འདིར། ས་གང་རུང་ངམ་ཚོགས་པ་གང་རུང་དང་སྟོབས་ཤུགས་གང་རུང་ཡིན་ཡང་རང་གི་དམིགས་ཡུལ་འགྲུབ་ཆེད་རང་བསྲེགས་གཏོང་བའི་བྱེད་ཐབས་སྤྱད་ན། དེར་ཀུན་གྱིས་མཆིལ་ཞགས་འཕེན་ཞིང་ཁ་རྡུང་གཏོང་སྲིད་པ་རེད།” ཟེར། འོན་ཀྱང་འདིར་གསལ་པོ་བཤད་དགོས་པ་ཞིག་ལ། ཞི་བདེ་དང་འགྲོ་བ་མིའི་རང་དབང་ཆེད་རང་ལུས་མེ་བསྲེགས་གཏོང་མཁན་གྱི་དཔའ་བོ་དཔའ་མོ་དག་ལ་སྔོན་ཆད་ཀྱང་མི་རྣམས་ཀྱིས་ཁྱེད་ཀྱིས་བཤད་པ་ལྟར་ཁ་རྡུང་བཏང་ནས་མཆིལ་ཞགས་འཕངས་མ་མྱོང་བར་མ་ཟད། དེ་རིང་ཡང་དྲང་བདེན་ལ་དགའ་བའི་འཛམ་གླིང་སྟེང་གི་རྒྱ་མི་ཤེས་ཡོན་པ་ཚོས་མཚོན་པའི་གྲངས་ལས་འདས་པའི་མི་ཚོགས་ས་ཡ་མང་པོས་ཤར་ལྷོ་ནུབ་བྱང་ཀུན་ནས་ཞི་བདེ་དང་འགྲོ་བ་མིའི་རང་དབང་ཆེད་རང་ལུས་མེ་ལ་བསྲེགས་གནང་མཁན་གྱི་བོད་ཀྱི་དཔའ་རྟུལ་རྣམ་པའི་མཛད་རྗེས་ལ་མཆིལ་ཞགས་འཕེན་རྒྱུ་ལས་ལྡོག་སྟེ་བསྟོད་པའི་མཐེབ་མོ་ཀེར་ནས་ཁོང་ཚོ་ལ་རྗེས་དྲན་དང་གདུང་སེམས་མཉམ་བསྐྱེད་གནང་བཞིན་པ་དང་སྙིང་རྗེ་བཞིན་པ་འདིས་ཅི་ཞིག་འགྲེལ་བརྗོད་བྱེད་ཀྱིན་ཡོད་མེད་ཐད། ཁྱེད་ཀྱིས་གསེད་བཀྲོལ་ཅི་ཞིག་བྱ་རྩིས་ཡིན་ནམ།
“ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཞིག་གིས་བོད་ནང་དགེ་འདུན་པ་དང་བཙུན་མ་ཚོས་རང་ལུས་མེ་སྲེག་གིས་ངོ་རྒོལ་མུ་མཐུད་དུ་ཡོང་བཞིན་པ་དེས། ཁོ་ཚོའི་སེམས་ནང་སྡུག་བསྔལ་དང་ཁོང་ཁྲོ་ག་ཚོད་ཡོད་པ་དེ་གསལ་པོ་ཆགས་ཡོད།” ༢ ཟེར་བ་དང་། ཡང་རྒྱ་གར་གྲོས་ཚོགས་འཐུས་མི་ཞིག་གིས་ “འགྲོ་བ་མི་རྣམས་ནི་གསོན་པ་ལས་འཆི་བ་དགའ་བའི་དུས་ཤར་ཚེ་གཞི་ནས་རང་ཤི་རྒྱག་གི་རེད་” ༣ ཅེས་པའི་སྐད་ཆ་འདི་དག་ངས་ཁྱེད་ཀྱི་ཚོད་དཔག་ནི་ནོར་འཕྱུག་ཡིན་པའི་རྒྱུ་མཚན་དུ་བགྲང་ཚེ། ཁྱེད་ཀྱིས་ཕྱི་ཕྱོགས་ཀྱི་ཆབ་སྲིད་མི་སྣ་དག་གིས་ངན་སྐུལ་བྱེད་ཀྱིན་པར་བསྙད་ནས་ཁ་རྡུང་གཏོང་རྒྱུ་ཡིན་སྟབས། ངས་ཁྱེད་ལ་ཆབ་སྲིད་གླེང་ཚེ་མགོ་བོ་ན་མཁན་གྱི་མི་མང་དཀྱུས་མ་སྟོང་ཕྲག་མང་པོས་ངོ་དེབ་བརྒྱུད་ནས་བོད་ཀྱི་རང་ལུས་མེ་སྲེག་གཏོང་མཁན་ཚོར་གདུང་སེམས་མཉམ་བསྐྱེད་དང་སྙིང་རྗེ་གནང་བཞིན་པ་ལས་མཆིལ་ཞགས་འཕེན་གྱིན་མི་འདུག་ཅེས་བཤད་སྙིང་བྲོ་སོང་།
ཕྱི་ལོ་ ༡༩༦༣ ཝི་ཐི་ཎམ་གྱི་གྲྭ་པ་(Thich Quang Duc)ཞིག་གིས་རང་ལུས་མེ་བསྲེགས་ཀྱིས་ཞི་བའི་ངོ་རྒོལ་གནང་བ་ནས་བཟུང་ད་བར་ཡུལ་ལུང་འདྲ་མིན་ནང་མི་ ༥༠༠ ལྷག་གིས་རང་ལུས་མེ་བསྲེགས་བཏང་ནས་ཞི་བའི་ངོ་རྒོལ་གནང་མྱོང་ཡང་། སུས་ཀྱང་དེར་མཆིལ་ཞགས་འཕངས་མྱོང་མེད། རེད། ད་དུང་ངས་འདི་ནས་ཅིས་ཀྱང་བཤད་དགོས་པ་གཞན་ཞིག་དྲན་པ་བརྗེད་ཀྱིན་འདུག ཁྱེད་ཚོས་Thich Quang Duc གིས་རང་ལུས་མེ་བསྲེགས་ཀྱིས་ཞི་བའི་ངོ་རྒོལ་གནང་བའི་པར་དེ་ལག་ཏུ་བཟུང་ནས་བཙན་རྒྱལ་རིང་ལུགས་པས་སྡུག་པོ་བཏང་དྲགས་ནས། གྲྭ་པས་རང་ལུས་མེ་བསྲེགས་དགོས་བྱུང་ཡོད་ཅེས་བཤད་པའི་སྐད་ཆ་དེ། ད་ལྟ་ཁྱེད་ཚོས་རྦད་དེ་བརྗེད་སོང་བ་འདྲ་སྟེ། འོན་ཀྱང་སྐབས་དེའི་ཁྱེད་ཅག་གི་སྣང་ཚུལ་དེ་འཛམ་གླིང་གིས་བརྗེད་སྲིད་དམ། ཝི་ཐི་ཎམ་ནང་གི་རང་ལུས་མེ་བསྲེགས་དང་བོད་ཀྱི་རང་ལུས་མེ་བསྲེགས་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་དམ། ཅིའི་ཕྱིར་ཁྱེད་ཅག་འདི་འདྲའི་སྔ་ཕྱི་མི་མཚུངས་པའི་སྐད་ཆ་བཤད་དགོས་ཐུག་པ་རེད་དམ།
རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་དར་ཆ་དེ་རྔམ་རྔམ་རྫིག་རྫིག་གིས་ལོག་འཕྱར་བྱེད་ཚུལ་ལ་ལྟོས་དང་། དངོས་གནས་རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ལུགས་ལ་རྩི་སྲུང་བྱེད་ཀྱི་ཡོད་པ་བདེན་ན། རྒྱ་ནག་གཞུང་གི་རྩ་ཁྲིམས་རྦད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་ལ་ཕབ་པའི་འགྲོ་བ་མིའི་ཐོབ་ཐང་དང་རྒྱབ་འགལ་ཆགས་དགོས་པའི་རྒྱུ་མཚན་གང་ཡིན་ནམ། མ་རུང་ཁོང་བཅུག་གི་ཁྱེད་ཀྱིས་སྐད་ཆ་རེ་རེ་ལྟ་ཅི་སྨོས། ལུད་པ་རེ་རེ་ཡང་བོད་ཀྱི་རང་ལུས་མེ་བསྲེགས་ཀྱི་ཞི་བའི་ཁྲོམ་སྐོར་འདི་འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་ཅིག་ཏུ་འགྱུར་འདོད་ཀྱིས་ལུད་བཞིན་པ་སུས་མི་ཤེས་སམ། སྐད་ཆ་འདི་ནི་འུ་ཐུག་པའི་སྐྱག་རྫུན་བཤད་སྟངས་ཤིག་ཡིན་པས། གཅིག་གཅིག་གཉིས་གཉིས་བདའ་འདེད་ཀྱིས་ལན་རྒྱག་དགོས་པ་ཞིག་མ་རེད་ལ། རྒྱལ་སྤྱིའི་ཐོག་འཇིགས་སྐུལ་རིང་ལུགས་པ་ཟེར་བ་དེ་ཡང་རང་ལུས་མེ་བསྲེགས་ཀྱིས་ཞི་རྒོལ་བྱེད་སྟངས་འདི་རིགས་ལ་ངོས་འཛིན་བྱེད་མཁན་སུ་ཡང་མེད། རྒྱ་ནག་དམར་ཕྱོགས་སྲིད་གཞུང་མ་གཏོགས། ཐ་ན་རྒྱ་ནག་གི་བདེན་སྐྱོང་ཤེས་ཡོན་པ་ཚོས་ཀྱང་འདི་ནི་འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་ཅིག་ལ་ངོས་འཛིན་གནང་གི་མེད། ཡིན་ཡང་ཁྱེད་ཀྱིས་བོད་ཀྱི་རང་ལུས་མེ་བསྲེགས་ཀྱི་ཞི་རྒོལ་འདི་དེ་ལྟར་འཇིགས་སྐུལ་རིང་ལུགས་པའི་ཕྱོགས་སུ་འཐེན་ཅི་ཐུབ་བྱེད་ཀྱིན་པ་ནི་ཞི་རྒོལ་བར་དྲག་གནོན་བྱེད་པའི་ཁ་གཡོར་ས་བཙལ་བ་ཞིག་ཡིན་པ་འཛམ་གླིང་ཀུན་གསལ་ཆགས་ཡོད།
ཁྱེད་ཀྱིས་གཡོ་སྒྱུའི་ལག་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆ་དེ་དྲང་བདེན་གྱི་མགོ་ཐོག་ཏུ་འཕྱར་བ་ནི་ཅི་འདྲའི་དགོད་བྲོ་བ་ཞིག་ཡིན་པས། ངས་ཁྱེད་ལ་དྲན་གསོ་ཞིག་བྱས་ན། “རང་ཐག་རང་གཅོད་ཀྱི་ཐོབ་ཐང་”དོན་ཚན་དང་པོར་བཀོད་པའི་རྒྱལ་སྤྱིའི་ཡིག་ཆ་ “རྒྱལ་སྤྱིའི་སྤྱི་དམངས་ཁེ་དབང་དང་ཆབ་སྲིད་ཁེ་དབང་སྤྱི་ཆིངས་”(The International Covenant on Civil and Political Rights(ICCPR)) དང་ “རྒྱལ་སྤྱིའི་དཔལ་འབྱོར། སྤྱི་ཚོགས་དང་རིག་གནས་ཁེ་དབང་སྤྱི་ཆིངས་”(The International Covenant on Economic, Social and Cultural Rights(ICESCR)) གཉིས་ལ་ཕྱི་ལོ་ ༡༩༩༨ ལོའི་ཟླ་ ༡༠ ཚེས་ ༥ ཉིན་མིང་རྟགས་(signature)བཀོད་ཡོད་པའི་ཁར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་དམངས་ཆེན་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་ཐེངས་ ༡༡ སྟེང་ “རྒྱལ་སྤྱིའི་དཔལ་འབྱོར། སྤྱི་ཚོགས་དང་རིག་གནས་ཁེ་དབང་སྤྱི་ཆིངས་”རྒྱལ་ནང་དུ་དངོས་སུ་ལག་བསྟར་བྱེད་པའི་ཆོག་མཆན་(ratification) སྤྲད་འདུག” “སྤྱི་ཆིངས་”འདི་གཉིས་ཀྱི་གང་ཡིན་ནའང་“རང་ཐག་རང་གཅོད་”ངོས་ལེན་བྱས་ཡོད་པས། དེས་ན་ད་ལྟའི་རྒྱ་ནག་གཞུང་འདིས་“རང་ཐག་རང་གཅོད་”ལ་ངོས་ལེན་བྱེད་ཀྱི་ཡོད་དམ།” ༤ ཞིབ་བསྡུར་གྱིས་བལྟས་ན། སུས་རྒྱལ་སྤྱིའི་ཁྲིམས་ལུགས་ལ་འགལ་འཛོལ་བྱེད་ཀྱི་ཡོད་མེད་ཧ་ཅང་གསལ་པོ་རེད།
དེ་མིན་ཁྱེད་ཅག་གིས་ག་དུས་ཡིན་ནའང་། ༣ ༡༤ དང་ ༣ ༡༤ མ་གཏོགས། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ནས་༡༣ བར་གྱི་ཉིན་གསུམ་པོ་དེའི་རིང་ལ་ག་རེ་བྱུང་ཡོད་མེད་དེ། ག་རེ་བྱས་ནས་ལབ་མ་ཐུབ་པ་རེད་དམ། ལོ་དེའི་ཟླ་ ༣ ཚེས་ ༡༤ ཡར་སྔོན་གྱི་ཉིན་གསུམ་པོའི་རིང་ལ་ཞི་རྒོལ་བ་འཛིན་བཟུང་དང་གཅར་རྡུང་བཙོན་འཇུག་བྱས་པ་དེ་ལབ་མི་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ཟླ་ ༣ ཚེས་ ༡༤ ཉིན་ཉེན་རྟོག་སྡེ་ཁག་སོ་སོས་མི་སྣ་བཀོད་སྒྲིག་གིས་ལས་ཀ་ཡོད་ཚད་འཆར་གཞི་ལྟར་གོ་རིམ་ཡོད་པའི་ཐོག་ནས་མེ་བསྲེགས་དང་། འཕྲོག་བཅོམ་གྱིས་ཁྲོམ་གཞུང་ཐོག་ཟང་ཟིང་ལང་ལོང་བཟོས་རྗེས། གློ་བུར་དུ་དྲག་གནོན་གྱིས་ཞི་བའི་ཁྲོམ་སྐོར་གནང་མཁན་གྱི་བོད་མི་བརྒྱ་ཕྲག་བརྒལ་བར་མེ་མདའ་བརྒྱབ་ནས་དམར་གསོད་བཏང་ཡོད་པ་དེའི་སྐོར་ནས་གླེང་སློང་མི་བྱེད་དོན་གང་ཡིན་ནམ། ཉིན་དེའི་ཁྲོམ་སྐོར་ནང་དངོས་སུ་ཞུགས་མཁན་འབྲེལ་ཡོད་ཚོས་གསར་འགོད་པར་མེ་བསྲེགས་གཏོང་མཁན་དེ་ཚོ་ནམ་རྒྱུན་ལྷ་སའི་ནང་ལ་མཐོང་མྱོང་མེད་པ་ཤ་སྟག་ཡིན་ཚུལ་བཤད་ཡོད་པ་དང་། དེའི་རྗེས་ཉེན་རྟོག་པས་ལུས་ལ་བོད་ལྭ་གྱོན་པ་དང་ལག་ཏུ་གྲི་རིང་འཁྱེར་ནས་ཁྲོམ་གཞུང་ལ་གང་འདོད་དུ་དྲག་སྤྱོད་སྤེལ་བ་རྣམས་པར་བརྒྱབ་ནས་བོད་མི་ཡིན་ཚུལ་རྫུན་བཟོ་བྱས་ཀྱང་ཕྱིས་སུ་ཐེ་ལན་ཌའི་ཡུལ་སྐོར་བ་བུ་མོ་ཞིག་གིས་མཐོང་ནས་རྫུན་རྐུབ་བརྟོལ་བ་དེ་ཚོ་ད་ལྟའང་ད་དུང་མི་ཚང་མའི་སེམས་ལ་ཁ་རྩང་བྱུང་བ་ནང་བཞིན་ཧ་ཅང་གསལ་པོ་ཡོད་པ་རེད། ཁྱེད་ཅག་གིས་དུས་རྒྱུན་དུ། ༣ ༡༤ དང་༣ ༡༤ ཞེས་འཁྱོག་བཤད་བྱས་དང་བྱེད་མུས་འདི་དག་ལ་བསམ་ཞིང་གཞིག་ན་རྒྱ་ནག་གི་རྩོམ་པ་པོ་ཐང་ཏ་ཤན་གྱིས་ལྷ་སར་དངོས་སུ་ཐེངས་གསུམ་བསྐྱོད་ནས། ཕྱི་ལོ་ ༡༩༨༩ ལོའི་ལྷ་སའི་ཞི་བའི་ངོ་རྒོལ་གྱི་སྐོར་བྲིས་པའི་<<མེ་མདའི་རྩེ་གྲི་ལྷ་སར་གཏད་པ།>> ཞེས་པའི་རྩོམ་ཡིག་དེའི་ནང་གི་གཟུགས་སུ་བཀོད་པའི་སྐད་ཆ་གསོན་པོ་དག་རང་དབང་མེད་པར་ངའི་ཡིད་ལ་འཁོར་ཡོང་གི་འདུག ཕྱི་ལོ་ ༡༩༨༩ དང་། ཕྱི་ལོ་ ༢༠༠༨ ལ་དྲག་ཟིང་གི་གནས་ཚུལ་བཟོ་སྟངས་དང་དྲག་གནོན་བྱེད་སྟངས་གང་ཐད་ནས་བལྟས་ཀྱང་ཧ་ལམ་པར་བརྒྱབ་པ་ལྟར་ཕན་ཚུན་ལ་འདྲ་མཚུངས་ཀྱི་ཆ་ཤིན་ཏུ་མང་པོ་ཡོད་པ་འདིར་མི་རྣམས་དོགས་པ་ཟ་བཞིན་པ་དེ་ནི་ཧ་ཅང་རྒྱུ་མཚན་ལྡན་པ་ཞིག་ཆགས་ཡོད།
དེ་མིན་ངས་ཧ་ཅང་གུས་ཞབས་ལྡན་པའི་ཐོག་ནས། ཁྱེད་ཀྱིས་ནང་ཆོས་ཀྱི་ཚེ་སྲོག་གི་ལྟ་སྟངས་སྐོར་མ་བཤད་རོགས་ཞེས་སྐུ་ཉིད་ལ་བསྐྱར་དུ་རེ་བ་འདོན་རྒྱུ་ཡིན། རྒྱུ་མཚན་ཁྱེད་ཀྱིས་ནང་ཆོས་ཀྱི་རྒྱུན་ཤེས་ཕྲན་བུ་ཙམ་ཡང་མི་ཤེས་པས། དེ་རིགས་ནི་དུས་ནམ་ཡང་ཁྱེད་ལ་མཛའ་བའི་སྐད་ཆ་ཞིག་མ་ཞིག་རེད་ལ། བོད་མི་དེ་ཙམ་གྱི་ཚེ་སྲོག་ཤོར་བ་ནི་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་རང་གིས་མཚན་སྙན་སྤྱད་ནས་ཤོར་དུ་བཅུག་པ་མ་ཡིན་པར་རྒྱ་ནག་གི་དམག་མིས་མེ་མདའ་དང་མེ་སྒྱོགས་བརྒྱབ་ནས་ཤོར་དུ་བཅུག་པ་རེད། ང་ཚོ་བོད་ལ་གཏམ་དཔེ་འདི་འདྲ་ཞིག་ཡོད་དེ། “གཏམ་དྲིས་ན་མི་བཤད། སྒུལ་ན་བཤད།” ཅི་མ་བདེན། ཁྱེད་ཅག་གིས་ད་བར་ཞི་བའི་ཁྲོམ་སྐོར་གནང་མཁན་གྱི་བོད་མི་དམར་གསོད་བཏང་མེད་ཚུལ་བཤད་པ་མ་ཡིན་ནམ། “རྩམ་པ་རང་གིས་ཟོས། རྩམ་ཁུག་གཞན་མགོར་བསྐོན་”ཟེར་བ་ལྟར། བོད་མི་དེ་འདྲའི་མང་པོ་དམར་གསོད་བཏང་བ་རྣམས་ད་ལྟ་ཚང་མ་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་དབུ་ལ་ཁག་གཡོག་བྱེད་ཀྱིན་ཡོད་ནའང་། ང་ཚོས་སྐུ་ཉིད་ལ་ཐུགས་རྗེ་ཆེ་ཞུ་དགོས་པ་ཞིག་ནི་དེ་རིང་ཁྱེད་ཀྱིས་འདི་ནས་བཤད་པ་འདི་མི་དམངས་ཤོག་སྒོར་ཁྲི་མ་འབུམ་གྱིས་ཀྱང་མི་ཁུག་པའི་རྒྱ་ནག་གི་ཞིང་ཆེན་རིམ་པའི་དམར་ཕྱོགས་དྲུང་ཆེ་ཚོའི་གསང་བའི་ལྕགས་སྒམ་གྱི་གཏིང་རུམ་ལ་ཡང་སྦས་བསྐྱར་སྦས་བྱས་ཡོད་པའི་སྐད་ཆ་ཞིག་འདི་ལྟར་ཕྱི་སློག་ནང་སློག་གིས་ཁྲོམ་བསྒྲགས་བྱས་སོང་བ་འདིར་ང་ཚོས་ངོས་ནས་ཁྱེད་ལ་སེམས་གཏིང་ནས་ཀྱང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཀྱི་སྐད་ཆ་འདི་ནི་ང་ཚོའི་ཡིག་ཚགས་ཁྲོད་ནས་ནམ་ཡང་བརླགས་མི་ཉན་པའི་གྲས་ཀྱི་གཅིག་ཡིན་སྟབས། ང་ཚོས་ཉར་ཚགས་དམ་པོ་དང་ཡག་པོ་བྱེད་དགོས་ངེས་ཀྱི་ཕན་ཐོགས་ཡོད་པའི་ “དཔང་རྟགས་”ལྷག་བསམ་ཅན་ཞིག་ཡིན་པར་མ་ཟད། རིན་ཐང་བྲལ་བའི་ “དཔང་རྟགས་”ཤིན་ཏུ་རྩ་ཆེན་ཞིག་ཀྱང་རེད།
སྙུག་ཐོགས་པའི་དྲི་བ་གཞན་ཞིག་ནི་ “སུ་ཞིག་གིས་བོད་ཀྱི་རིག་གནས་རྩ་མེད་བཟོ་བཞིན་ཡོད།”ཟེར། ཨ་ཅང་ཅང་། དེ་ནི་རྒྱ་ནག་གཞུང་ཡིན་པ་སྨོས་ཅི་དགོས། “༢༠༡༠-༢༠༢༠ལོའི་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་འཆར་འགོད་རྩ་གནད་”ཅེས་པ་འདི་ལ་བོད་ཕྱི་ནང་ནས་ཤེས་ཡོན་པ་དང་སློབ་མ་སྟོང་ཕྲག་མང་པོས་ངོ་རྒོལ་བྱས་མིན་ལ་ལྟོས་མེད་ཀྱིས། ད་ལྟ་རེབ་གོང་སོགས་ནས་འགོ་འཛུགས་ཀྱིས་སློབ་གྲྭ་ཁག་ཏུ་སྐད་ཡིག་ལས་གཞན་པའི་བོད་ཡིག་སློབ་ཚན་རྣམ་རྩ་མེད་བཟོ་བཞིན་པ་འདི་ཚོ་དང་དགོན་སྡེ་ཁག་ལ་བཀག་སྡོམ་ནན་པོས་གྲྭ་གྲངས་ཚོད་འཛིན་བྱེད་ཀྱིན་པ་འདི་ཚོ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གནས་རྩ་མེད་བཟོ་བཞིན་པའི་དཔང་རྟགས་གཞོམ་གཞིག་མེད་པ་ཞིག་ཡིན་པར་མ་ཟད། ད་དུང་དེ་ནི་འགྲོ་བ་མིའི་རིགས་ཀྱི་མིག་མདུན་ནས་བོད་ཀྱི་རིག་གནས་རྩ་མེད་བཟོ་བཞིན་པའི་འགྲེལ་བརྗོད་གཟུགས་སུ་བཀོད་པ་ཞིག་ཀྱང་ཡིན། ཁྱེད་ཀྱི་སྐད་ཆ་དེ་ཚོ་ནི་དངོས་གནས་མི་རྣམས་ཀྱིས་དུས་རྒྱུན་ “གད་མོ་རྐུབ་ནས་འཆོར་དགོས་པ་”ཟེར་བ་ལྟར་དུ་འདུག་པས། ཁྱེད་ཀྱིས་འདི་ལྟར་བཤད་ནས་སུ་ལ་མགོ་སྐོར་གཏོང་རྩིས་ཡིན་མིན་གྱི་ལན་ཅི་ཡང་མ་བཏབ་ཀྱང་། ང་ཚོས་དེ་ནི་རྒྱ་ནག་ནང་ལོགས་ཀྱི་རྒྱ་མི་རིགས་རྣམས་ཡིན་པ་ལོས་ཤེས། ད་ལྟ་རྒྱ་ནག་གི་མི་མང་ལས་གཞན་འཛམ་གླིང་གི་མི་མང་ཤས་ལ་རང་གི་མིག་གཉིས་དང་རྣ་བ་གཉིས་བཅས་བཀོལ་སྤྱོད་བྱེད་སའི་རང་དབང་གི་བར་སྟོང་ཧ་ཅང་ཡངས་པོ་ཞིག་ཡོད་སྟབས། སྐད་ཆ་འདི་ལྟར་བཤད་ཚེ་མི་རྣམས་ཕན་ཚུན་གྱི་གདོང་ལ་བལྟས་ནས་གད་མོ་ལྷུག་ལྷུག་ཏུ་དགོད་ཀྱིན་འདུག་པ་ལས་ཁྱེད་ལ་ཨ་ལན་བརྡ་ལན་ཅི་ཡང་སྟེར་མི་སྲིད་པ་ཞིག་རེད། དངོས་གནས་བྱས་ན་སྐྱུག་བྲོ་བའི་ཁྱེད་ཀྱི་སྐད་ཆ་འདི་ལ་ལན་འདེབས་བྱ་རྒྱུ་ནི་ཅི་འདྲའི་ངོ་ཚ་དགོས་པ་ཞིག་ཏུ་འདུག་ནའང་། གཅུན་སྡོམ་དྲག་པོའི་འོག་ཏུ་ཡོད་པའི་རྒྱ་ནག་མི་མང་གིས་དངོས་ཡོད་གནས་ཚུལ་རྣམས་གསལ་རྟོགས་ཡོང་སླད་བདག་གིས་སྙུག་ཐོགས་པ་ཁྱེད་ལ་ལན་མ་བཏབ་ན་མི་འགྲིག་པའི་དྲི་བ་ཞིག་འདྲི། ཕྱི་ལོ་ ༢༠༡༡ ཟླ་ ༡༡ པར། ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་འཇར་པན་གྱི་སྨྱན་བྱེད་སྡེ་ཚན་གང་ལ་གང་ནས་ག་དུས་ག་འདྲ་བྱས་ནས་བོད་ཀྱི་རིག་གནས་ནི་དགེ་ལུགས་གྲུབ་མཐའ་ཁོ་ན་རེད་ཟེར་ནས་གསུངས་མྱོང་ཡོད་དམ། ག་འདྲ་བྱས་ནས་ཞིང་བྲན་ལམ་ལུགས་བསྐྱར་གསོ་བྱེད་དགོས་པའི་ལྟ་ཚུལ་བཏོན་ཡོད་དམ། རྗེས་སོར་སྐད་ཆ་རེ་རེ་ནི་གང་ནས་ག་དུས་སུ་ལ་སྨྲས་པའི་ཁུངས་དང་བཅས་ཏེ་གསལ་པོ་བཤད་དགོས་པ་འདི་ཁྱེད་ཀྱིས་ཐུགས་ལ་འཛིན་རོགས་ཞེས་རེ་སྐུལ་ཆུང་ཆུང་ཞིག་ཞུ་རྒྱུ་ཡིན།
ཕྱི་ལོ ༢༠༡༡ ཟླ་ ༡༡ ཚེས་ ༤ དང་ཚེས་ ༧ གཉིས་སོ་སོ་ལ་གསར་འགོད་པས་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་ཕུལ་བའི་དྲི་བ་དང་། ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་གསར་འགོད་པར་སྩལ་བའི་བཀའ་ལན་དང་། ད་དུང་སྐབས་དེའི་སྔ་ཕྱིའི་བརྒྱུད་རིམ་ཆ་ཚང་གནས་ཚུལ་དངོས་གསལ་རྟོགས་ཆེད་འདིར་འདྲེན་བཀོལ་བྱས་ན་ཡིན་དངོས་མ་ནི་འདི་ལྟ་སྟེ། “ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༤ རེས་གཟའ་པ་སངས་ཉིན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གི་གྲོང་ཁྱེར་ཀོ་ཡ་སན་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་བསྟུན། འདི་ལོ་ཆུ་ལོག་གི་གོད་ཆགས་ཚབས་ཆེན་ཕོག་པའི་གྲོང་ཁྱེར་སན་ཌའི་རུ་ཆིབས་སྒྱུར་བསྐྱངས། སྐབས་དེར་སན་ཌའི་ཨི་ཤི་ནོ་མ་ཀི་ཞེས་པའི་ནང་པའི་མཐུན་ཚོགས་དང་སན་ཌའི་གསར་འགོད་མཐུན་ཚོགས་གཉིས་ཟུང་འབྲེལ་གྱིས་གོ་སྒྲིག་འོག་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད། གསར་འགོད་ལྷན་ཚོགས་དེའི་སྐབས་གསར་འགོད་པ་ཞིག་གིས་ཉེ་ལམ་བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་བའི་དོན་རྐྱེན་སྐོར་གྱི་དྲི་བ་ཕུལ་བར། ྋགོང་ས་མཆོག་གིས་བཀའ་ལན་སྩལ་དོན། འདི་ལོ་ཕྱི་ཟླ་ ༣ ནས་ངོས་ཀྱིས་བོད་མིའི་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་བྱས་ཟིན། བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ད་ལྟ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་ཡོད། དེར་བརྟེན་རང་ལུས་མེ་བསྲེགས་བཏང་བའི་དོན་རྐྱེན་སྐོར་ཁོང་ལ་དྲིས་ན་ལེགས། འོན་ཀྱང་ངོས་རང་ད་ཆ་བོད་མི་དཀྱུས་མ་ཞིག་ཡིན་པའི་ཆ་ནས་བརྗོད་ན། གནས་ཚུལ་དེ་དག་ཧ་ཅང་བློ་ཕམ་ཆེན་པོ་རེད། པེ་ཅིང་དུ་ཡོད་པའི་རྒྱ་ནག་དཔོན་རིགས་རྣམས་ཀྱིས་བོད་མི་ཚོས་རང་ལུས་མེ་བསྲེགས་བཏང་བའི་དོན་རྐྱེན་དེ་དག་གི་རྒྱུ་རྐྱེན་གཙོ་བོ་དེ་སེལ་ཐབས་བྱེད་དགོས། བོད་མིས་ཚོས་དཀའ་ངལ་འོག་འུ་ཐུག་ཐབས་ཟད་དུ་གྱུར་བར་བརྟེན། བྱ་སྤྱོད་དེ་འདྲ་ཞིག་སྤེལ་དགོས་ཐུག་པ་ལས་གཞན་མི་སུས་ཀྱང་དེ་འདྲ་བྱེད་སྲིད། ”ཅེས་གསུངས་ཡོད་པ་དང་། ཡང་ཟླ་དེའི་ཚེས་ ༧ ཉིན། ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཊོག་ཁྱོའི་ནང་བརྙན་འཕྲིན་བརྒྱུད་ལམ་ཆེ་ཁག་དང་། ཚགས་དེབ་བཅས་ཀྱི་གསར་འགོད་པ་བརྒྱད་ཅུ་ལྷག་ལ་བཀའ་སློབ་སྩོལ་སྐབས། གསར་འགོད་པ་ཚོས་བོད་ནང་གི་བོད་མི་ཚོས་རང་ལུས་མེ་བསྲེགས་བཏང་བའི་དོན་རྐྱེན་ཐད་བཀའ་འདྲི་གནང་སྐབས། ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་“འདི་ལོ་ཕྱི་ཟླ་གསུམ་པ་ནས་ངོས་ཀྱིས་བོད་མིའི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མང་ཚོགས་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་བྱས་ཟིན། དེར་བརྟེན་ད་ཆ་ཏཱ་ལའི་བླ་མའི་སྒྲིག་འཛུགས་ཀྱི་ལས་དོན་གཙོ་བོ་ནི་ཆོས་ཕྱོགས་ཁོ་ན་ཡིན། འོན་ཀྱང་དེའི་གོ་དོན་ནི་ངོས་རང་ཏཱ་ལའི་བླ་མའི་གོ་གནས་ནས་རྒན་ཡོལ་ཞུས་པའི་དོན་མིན་པར། དེ་སྔ་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་ནས་བཞི་པའི་བར་ཆོས་ཕྱོགས་ཁོ་ན་གཙོ་བཟུང་མཛད་པའི་ཕྱག་སྲོལ་དེ་ད་ཆ་སླར་ཡང་རྒྱུན་མཐུད་དེ་ཡོད་པ་ཡིན། ངོས་ཀྱིས་མང་གཙོའི་ལམ་ལུགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་བཞིན་ཡོད། ངོས་སྒེར་གྱི་བསམ་ཚུལ་ལྟར་ན་བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་བ་དེའི་ཆབ་སྲིད་དང་ཆོས་ཕྱོགས། དེ་བཞིན་ལྟ་གྲུབ་ཀྱི་རྒྱབ་ལྗོངས་བཅས་ལ་བསམ་ཞིབ་ནན་པོའི་ཐོག་ནས་ལྟ་དགོས་པ་ཡིན། རྒྱ་ནག་གཞུང་གིས་བོད་ལ་ལོ་ངོ་དྲུག་ཅུ་ལྷག་ཙམ་རིང་དབང་བསྒྱུར་བྱས་པའི་དོན་དངོས་གནས་སྟངས་གང་འདྲ་ཡིན་མིན་དོན་རྐྱེན་དེ་དག་ནས་གསལ་པོར་རྟོགས་ཐུབ། འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་བྱ་སྤྱོད་དེ་ལ་བརྟེན་ནས་བོད་མི་ཚོས་རང་དབང་དང་དྲང་བདེན་རྩོད་བཞིན་ཡོད་པ་དང། རྒྱ་ནག་གི་དཔོན་རིགས་ཚོས་དོན་རྐྱེན་དེ་དག་ཛ་དྲག་ལ་བརྩིས་ཏེ་བོད་མི་ཚོའི་དཀའ་ངལ་སེལ་ཐབས་བྱེད་དགོས་པ་དང། བོད་ཀྱི་དངོས་ཡོད་གནས་སྟངས་ཁས་ལེན་བྱེད་དགོས་པ་རེད། བོད་ནང་གི་དངོས་ཡོད་གནས་སྟངས་ནི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ཐད་དཀའ་ངལ་འཕྲད་བཞིན་པའི་ཐོག་ཆོས་དད་དང། རིག་གཞུང་རྒྱུན་འཛིན། དེ་བཞིན་ཁོར་ཡུག་སོགས་རྩ་གཏོར་གཏོང་བཞིན་ཡོད་པ་རེད། གནས་སྟངས་དེ་དག་བཅིངས་བཀྲོལ་བཏང་བ་རེད་དམ་ཡང་ན་བཙན་བཟུང་བྱས་པ་ཞིག་རེད། ངས་བཤད་པར་ཆ་མ་བཞག་པར་གསར་འགོད་པ་ཚོ་བོད་ནང་དུ་བསྐྱོད་དེ་དངོས་ཡོད་གནས་སྟངས་གང་ཡིན་རྟོག་ཞིབ་བྱེད་དགོས།” ༦ པའི་ཐུགས་རེ་ནན་པོས་བཀའ་ལན་སྩལ་བ་འདི་གཉིས་ལ་ཁྱེད་ཀྱིས་ངེས་པར་དུ་འགྲེལ་བརྗོད་ཡང་དག་པ་ཞིག་བྱ་དགོས་ངེས་རེད།
ཚང་མས་ལྟོས་དང་། གནས་ཚུལ་དངོས་མ་ནི་འདི་འདྲ་ཞིག་ཡིན་ཡང་ཁྱེད་ཀྱིས་ད་དུང་དེར་མཐུད་ངོ་ཚ་དང་འཛེམ་བག་སྤུ་ཙམ་མེད་པར་“དེ་ནི་གནམ་འོག་གི་དགོད་གཏམ་ཆེ་ཤོས་རེད། ཏཱ་ལའི་ཡིས་ད་དུང་ཞིང་བྲན་བདག་པོའི་བསམ་པར་འགྱུར་བར་བྱུང་མེད་དེ། ཁོས་བོད་ནི་རང་ཁྱིམ་གྱི་རྒྱུ་ནོར་དང་། བོད་དམངས་ནི་རང་གི་བྲན་གཡོག་ཡིན་པའི་ལྟ་བ་བཟུང་ཡོད།” ཟེར་བར་མ་ཟད། ད་དུང་ “བོད་རྙིང་བའི་ཞིང་བྲན་ལམ་ལུགས་བསྐྱར་གསོ་དང་མེས་རྒྱལ་ཁ་བྲལ་གཏོང་བའི་དམིགས་ཡུལ་ངན་པ་དེ་རེད།” ཟེར་ནས་གནམ་ལྡིང་ས་ལྡིང་བྱེད་ཚུལ་ལ་བལྟས་ན། ཁྱེད་ཀྱི་དམིགས་ཡུལ་གང་ཡིན་ང་ཚོས་གསལ་པོ་རྟོགས་ཐུབ་པ་ཞིག་ཡིན་པས། བདག་གིས་ཁོ་ཆད་དགོས་པའི་ཁྱེད་ཀྱི་སྐད་ཆ་འདིར་ལན་གདབ་རྒྱུ་ལས་ལྡོག་སྟེ་ཡང་བསྐྱར། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་གསུང་ཚིག་དུམ་བུ་ཞིག་ལ་འགྲེལ་བརྗོད་བྱ་རྒྱུར་རེ་བ་འདོན་རྒྱུ་ཡིན་ལ། གསུང་ཚིགས་དུམ་བུ་འདི་ཡང་ཁྱེད་ཀྱིས་ངེས་པར་དུ་འགྲེལ་བརྗོད་བྱ་དགོས་པ་ལས་གཡོལ་གཟུར་བྱེད་ས་ཞིག་གཏན་ནས་ལྷག་མེད། རྒྱུ་མཚན་ནི། ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་གསེར་གྱི་ཐིགས་པ་ལྟ་བུའི་བཀའ་སློབ་འདི་འདྲ་གནང་གི་ཡོད་ཀྱང་། ད་དུང་ཁྱེད་ཀྱིས་ཧམ་བཤད་ཀྱི་སྐྱག་རྫུན་དྲི་ངན་ཐུལ་ལེ་བ་རེ་ཤོད་ཀྱིན་ཡོད་པས་ཡིན།
“འཛམ་གླིང་གི་བདག་པོ་འཛམ་གླིང་མི་མང་ཡིན་པ་ལས་བླ་མ་དང་། དཔོན་པོ། རྒྱལ་པོ། རྒྱལ་མོ་བཅས་མ་རེད། འཛམ་གླིང་འདི་འཛམ་གླིང་མི་མང་ལ་དབང་བ་ལྟར། ཡུལ་གྲུ་ཁག་ཀྱང་ཡུལ་གྲུ་སོ་སོའི་མི་མང་ལ་དབང་བ་ལས་དཔོན་པོ་དང་། རྒྱལ་པོ། བླ་མ་བཅས་ལ་དབང་མེད། འདས་པའི་ལོ་སུམ་བརྒྱ་བཞི་བརྒྱའི་གོང་གི་གནས་ཚུལ་ནི་ཐ་དད་རེད། ད་ལྟ་དུས་རབས་ཉེར་གཅིག་པའི་ནང་སླེབས་ཡོད། ལུང་པ་དེ་དང་དེ་མི་མང་ལ་དབང་བ་ཡིན་སྟབས། མི་མང་གི་བདག་པོ་རྒྱག་སྟངས་ཡང་འོས་བསྡུའི་ལམ་ནས་མི་མང་སྤྱི་མོས་ཀྱིས་ཐོག་ནས་འོས་ཤོག་ཐོབ་པའི་མི་དེས་འགན་འཁྱེར་ཏེ་ལྟ་སྐྱོང་བྱེད་དགོས་པ་ཡིན། དེ་ཡང་མི་མང་གིས་འོས་བསྡུ་བྱས་ནས་སླེབས་པ་ཞིག་ཡིན་དུས་གནས་ཚུལ་ག་རེ་ཡིན་ཡང་མི་མང་ལ་གོ་བསྡུར་བྱེད་རྒྱུ་དང་། མི་མང་ལ་ཁུངས་སྐྱེལ་རྒྱུ་ཞིག་དགོས། ང་རྒྱལ་པོ་དང་བླ་མ་ཡིན། ང་དབང་ཆེ་ཤོས་ཡིན་ཟེར་བའི་སྐད་ཆ་དེ་མེད། ཡུལ་ཁམས་གང་དང་གང་ཡིན་ཡང་མི་མང་ལ་དབང་ཡོད་པར་བརྟེན། མི་མང་གིས་མང་གཙོའི་ལམ་ནས་བསྐོ་གཞག་བྱས་པའི་དཔོན་པོ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་༸གོང་ས་ལྔ་པ་ཆེན་པོས་ལོ་བཞི་བརྒྱ་ཙམ་གྱི་གོང་དེའི་ཚེ་དེའི་དུས་བོད་གཞུང་དགའ་ལྡན་ཕོ་བྲང་བཙུགས་གནང་བ་དེ་དུས་རབས་ཉེར་གཅིག་པའི་ནང་དངོས་ཡོད་ལ་གཞིགས་ཏེ་ངོས་ཀྱིས་ཕྱིར་བསྡུ་བྱས” ༧ ཞེས་པ་འདི་ནི་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༤ གཟའ་ལྷག་པའི་ཉིན་ནོར་གླིང་འཆི་མེད་དགའ་ཚལ་དུ་ཐེ་ཝན་པ་དང་ཉི་ཧོང་པ། དེ་བཞིན་ཉེ་འཁོར་གྱི་དགོན་སྡེ་ཁག་དང་མི་མང་ཆོས་ཞུ་བ་བཅས་ཁྱོན་མི་གྲངས་ ༤༠༠༠ བརྒལ་བར་གསུངས་པའི་བཀའ་སློབ་ནང་གི་དུམ་བུ་ཞིག་ཡིན་པ་དང་། ཁྱེད་ཀྱིས་ངལ་བ་བརྒྱ་ཕྲག་གིས་བརྩེགས་པའི་ཧམ་བཤད་ཀྱི་སྐྱག་དྲི་ཐུལ་བའི་རྫུན་གྱི་བྲག་རི་རྣམས་སྐད་ཅིག་གིས་རྨང་ནས་གཏོར་བྱེད་ཀྱི་རྡོ་རྗེ་ཐོག་ཆ་འདྲ་བའི་གསུང་ཚིག་དུམ་བུ་འདི་ལ་འགྲེལ་བརྗོད་ཡང་དག་པ་ཞིག་འཛམ་གླིང་གི་མི་ཚང་མའི་མདུན་ལ་བྱེད་དགོས་པ་མ་བརྗེད་པ་གནང་རོགས་ཞེས་ཡང་བསྐྱར་ནན་པོས་ཞུ་རྒྱུ་ཡིན།
བོད་དང་མན་ཇུ་བར་གྱི་འབྲེལ་བ་ནི་མཆོད་ཡོན་གྱི་འབྲེལ་བ་ཡིན་པ་འདི་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་གསར་དུ་མཛད་པ་ཞིག་མ་ཡིན་པར་དེ་ནི་ལོ་རྒྱུས་ཀྱིས་བཟོས་པ་ཞིག་ཡིན་པ་དང་། སྐབས་རེ་མན་ཇུས་བོད་ལ་དྲག་པོས་བཙན་འཛུལ་བྱས་པ་དེ་ནི་བོད་རྒྱ་ནག་གི་ཁོངས་གཏོགས་ཡིན་པའི་རྒྱུ་མཚན་དུ་བགྲང་བ་དེ་ནི་མི་རྣམས་གད་མོ་ཤོར་དགོས་པ་ཞིག་རེད། ངས་བསམ་ན་འཇར་པན་གྱིས་རྒྱ་ནག་ལ་བཙན་འཛུལ་བྱས་པ་དེ་ཁྱེད་ཚོས་སེམས་ནས་ད་དུང་བརྗེད་ཡོད་རྒྱུ་མ་རེད། དེས་ན་འཇར་པན་གྱིས་དེ་རྒྱུ་མཚན་དུ་བགྲངས་ནས་རྒྱ་ནག་གི་བདག་དབང་འཇར་པན་ལ་ཡོད་ཚུལ་དང་རྒྱ་ནག་ནི་འཇར་པན་གྱི་ཁོངས་སུ་གཏོགས་ཚུལ་ལབ་ཚེ། ཁྱེད་ཅག་གིས་ཅི་ཞིག་བཤད་སྲིད་དམ། མགོ་བོ་བསྒུར་ནས་ལགས་སོ། ལགས་སོ། དེ་དེ་བཞིན་ནོ་ཟེར་རམ། ངས་བསམ་ན་ཁྱེད་ཅག་གིས་ཨ་ལན་དེ་ལྟར་སྦྱིན་སྲིད་པ་ཞིག་མ་རེད།
ད་དུང་འདྲི་རྒྱུ་ཞིག་ལ། ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཚེ་སྔོན་མའི་དྲན་ཤེས་རྒྱུད་དུ་ཡོད་ཅེས་ག་དུས་གང་དུ་སུ་ལ་གསུངས་པ་རེད་དམ། ཀྲུང་ནན་ཧེ་ལ་ཕེབས་ནས་དམར་ཕྱོགས་ཚོགས་པའི་འགོ་ཁྲིད་ཚོས་ནང་བཞིན་ལྐོག་ལྐོག་སུད་སུད་ཀྱིས་གསུངས་པ་རེད་དམ། ཁྱེད་ཚོས་སུ་ལ་སྐྱག་རྫུན་ཤོད་ཀྱིན་ཡོད་དམ། དངོས་གནས་ཁུངས་ལུང་མེད་པ་རང་རེད། ད་དུང་ “མི་རེ་འགས་ཚོད་བགམ་བྱས་པ་ནང་བཞིན། ཏཱ་ལའི་བླ་མ་འདི་ནི་རྫུན་པ་ཞིག་ཡིན་པ་མིན་ནམ།” ཟེར་ལུགས་ལ་ལྟོས་དང་། འདི་ལས་གད་མོ་འཆོར་བའི་སྐད་ཆ་ཞིག་གང་ནས་ཡོད་དམ། རྒྱ་ནག་རང་ཉིད་ཀྱི་མི་མང་ཐེ་བའི་འཛམ་གླིང་གི་མི་ཚང་མས་རྒྱ་ནག་དམར་ཕྱོགས་ཚོགས་པ་འདི་ནི་ད་ལྟ་དམར་ཕྱོགས་རྫུན་པ་རེད་ཟེར་ནས་འཕྱ་སྨོད་དང་སྐྱོན་བརྗོད་ཆར་བ་འབབ་འབབ་བྱེད་ཀྱིན་པ་དེ་དོན་དངོས་ཡིན་པ་ནི་ད་རེས་པོ་ཞིས་ལེའི་གནས་ཚུལ་འདིས་གསལ་པོ་ཆགས་པ་མ་ཤེས་པར། ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་གཅིག་ལབ་པ་ནི་མི་རྣམས་ཁོང་ཁྲོ་ཟ་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ་གད་མོ་ལྷུག་ལྷུག་ཏུ་ཤོར་དགོས་པ་ཞིག་རེད། འཇིག་རྟེན་དཀར་ངོགས་ནས་སྐྱག་རྫུན་བཤད་མཁན་ནི་རྒྱ་ནག་གཞུང་ཡིན་པ་ལས། ྋགོང་ས་ཏཱ་ལའི་བླ་མ་མཆོག་མ་རེད། ཁོང་ལ་སུས་ཀྱང་གཞོམ་གཞིག་མི་བཏུབ་པའི་བདེན་པ་རི་ལྟར་ཡོད་པས་ཅིའི་ཕྱིར་རྫུན་གསུང་དགོས་པ་རེད་དམ། བདེན་པ་རྡུལ་ཙམ་མེད་པའི་རྒྱ་ནག་གཞུང་གིས་ད་གཟོད་རྫུན་ཞིག་མ་བཤད་ཚེ་ཁ་བཙུམ་ནས་འདུག་དགོས་པའི་ཚད་ན་ལྷུང་ཡོད་སྟབས། རྫུན་མི་བཤད་རང་བཤད་ཆགས་ཡོད་པ་རེད། ངོ་ཐོག་བཤད་ན་རྒྱ་ནག་གཞུང་ལའང་རྫུན་བཤད་འདོད་ཡོད་རྒྱུ་མ་རེད། ཡིན་ཡང་བདེན་པ་མེད་པས་སྡིག་པ་མིག་བཙུམ་གྱིས་མུ་མཐུད་རྫུན་མི་བཤད་རང་བཤད་ཆགས་པ་རེད། ད་དུང་ཁྱེད་ཀྱིས་སྐད་ཆ་དེ་ལྟར་བསྐྱར་བསྐོར་ཡང་བསྐོར་གྱིས་བོད་སྡོད་ཨམ་བན་དང་གསེར་བུམ་སོགས་འདིར་དྲུད་ཡོང་བ་དེ་བོད་རྒྱ་ནག་ལ་གཏོགས་པའི་སྒྲུབ་བྱེད་བཙལ་བའི་ཁུལ་ཡིན་བཟོ་འདུག་ནའང་། ལོ་རྒྱུས་དངོས་མའི་ཞལ་ཁེབས་ཕྱེ་ཚེ་དེ་ནི་དཔེ་སྲིད་པ་ཞིག་མ་རེད་ལ། ཁྱེད་ཀྱིས་ཞེད་སྣང་དང་མཚེར་སྣང་གིས་འདིར་དྲུད་ཡོང་བའི་སྐད་ཆ་དེ་དག་ནི་མན་ཇུས་བོད་ལ་བཙན་འཛུལ་བྱས་པའི་དཔང་རྟགས་མཚན་ཉིད་ཚང་བ་ཞིག་ལས་བོད་རྒྱ་ནག་གི་ཁོངས་གཏོགས་ཡིན་པའི་སྒྲུབ་བྱེད་དང་རྒྱུ་མཚན་ལ་ཕར་བསྐོར་ཚུར་བསྐོར་གང་བྱས་ཀྱང་དེ་ནི་ཡིན་ས་གཏན་ནས་མི་འགྲོ་བ་ཞིག་རེད། ད་དུང་སྙིང་རྗེ་མེད་པའི་རང་གི་ཁྱོ་ག་གསོད་མཁན་གྱི་གོང་མ་རྒྱལ་མོ་དེའི་བྱ་སྤྱོད་ཀྱིས་བོད་ནི་རྒྱ་ནག་གི་ཁོངས་གཏོགས་ཡིན་པ་མཚོན་ཐུབ་པ་ཞིག་དེ་བས་ཀྱང་མ་རེད། ངས་བསམ་ན་ཧྲེང་ཧེ་ནས་ “ཁྱི་དང་ཀྲུང་གོ་པ་ནང་ལ་ཡོང་མི་ཆོག་”ཅེས་པའི་སྒོ་བྱང་དེ་དག་ཁྱེད་ཀྱིས་ད་དུང་བརྗེད་ག་ལ་སྲིད། མི་ཆོས་དང་བྲལ་བའི་སྐབས་དེའི་བྱེད་སྟངས་ངན་པ་དེ་དག་འཇར་པན་གྱིས་ཀྲུང་གོ་ནི་འཇར་པན་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་རྒྱུ་མཚན་དུ་བགྲངས་ནས་རྩོད་གླེང་བྱས་ཚེ་ཁྱེད་ཀྱིས་ལན་འདེབས་ཅི་ཞིག་བྱེད་དམ། སྐད་ཆ་དྲང་མོ་ཤོད། “གསེར་བུམ་དཀྲུག་འདོན་གྱི་ཆོ་ག་མེད་ན། ཁྱེད་དང་ཁྱེད་ཀྱི་སྐུ་གོང་མ་རྩ་བ་ནས་ཡོད་མི་སྲིད་”ཟེར། འདི་ལས་དགོད་བྲོ་བ་དང་། འདི་ལས་ཆོ་མེད་པ། འདི་ལས་བྱབ་ཆུང་གི་སྐད་ཆ་ཞིག་གང་ན་ཡོད་དམ། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ངོས་འཛིན་གནང་སྲོལ་འདི་མན་ཇུ་གཞུང་གིས་གསེར་བུམ་དཀྲུག་འདོན་ཞེས་པ་དེ་བོད་ལ་བཙན་ཐབས་ཀྱིས་ལག་བསྟར་མ་བྱས་གོང་ནས་བྱུང་བ་ཞིག་ལས་གསེར་བུམ་དཀྲུག་འདོན་གྱི་བཙན་ཐབས་འདི་ལ་བརྟེན་ནས་བྱུང་བ་ཞིག་གཏན་ནས་མ་རེད་། སྐབས་དེར་འཇིག་རྟེན་ན་གསེར་བུམ་དཀྲུག་འདོན་ལྟ་ཅི་མན་ཇུ་གཞུང་ཟེར་བ་ཞིག་ཀྱང་མེད་པས། སྐད་ཆ་དྲང་ཐད་ཀྱིས་བཤད་ན་ཡིན་ངོ་མ་ནི་“རྗེ་ཙོང་ཁ་པའི་དངོས་སློབ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་གཙང་བཀྲིས་ལྷུན་པོའི་གདན་ས་བཏབ་ཅིང༌། སློབ་ཚོགས་བསྐྱངས་ཏེ་ཕྱི་ལོ་ ༡༤༧༤ ལོར་དགུང་གྲངས་གྱ་བཞིའི་ཐོག་དགོངས་པ་གཞན་དོན་དུ་གཤེགས། དང་ཐོག་དེའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་རྩོལ་བ་བྱེད་མཁན་མ་བྱུང་ཡང༌། ཕྱི་ལོ་ ༡༤༧༦ ལོར་གཙང་རྟ་ནག་ཏུ་འཁྲུངས་པའི་ཁྱེའུ་སངས་རྒྱས་ཆོས་འཕེལ་གྱིས་སྔོན་གནས་རྗེས་དྲན་གྱི་གསུང་འཁྲུལ་མེད་ངོ་མཚར་ཅན་དུ་མ་བྱོན་པ་ལ་བརྟེན་ནས་ངོས་འཛིན་མ་ཞུས་ཐབས་མེད་དུ་གྱུར། དེ་ནས་བཟུང་ད་ལྟའི་བར་རྒྱལ་དབང་སྐུ་ཕྲེང་ན་རིམ་དགའ་ལྡན་ཕོ་བྲང་བླ་བྲང་དང༌། དགའ་ལྡན་ཕོ་བྲང་གཞུང་གིས་རྩད་གཅོད་ངོས་འཛིན་ཞུ་རྒྱུའི་སྲོལ་རྒྱུན་ཚུགས་སོ།།”ཞེས་དང་། ཡང་“ཚུལ་མིན་གཡོ་སྒྱུས་ངོས་འཛིན་རྫུན་མ་ཇེ་མང་དུ་སོང་བ་བཅས་ཀྱིས་བསྟན་སྲིད་ལ་གནོད་ཚབས་ཅི་ཆེ་འབྱུང་བཞིན་པའི་ཐོག ཕྱི་ལོ་ ༡༧༩༡ ནས་ ༡༧༩༣ བར་བོད་དང་གོར་ཁ་དམག་འཁྲུག་སྐབས་བོད་གཞུང་གིས་མན་ཇུའི་དམག་རོགས་གཉེར་དགོས་བྱུང་བ་དང༌། གོར་དམག་མཐར་སྐྲོད་རྗེས་མན་ཇུའི་དཔོན་རིགས་རྣམས་ཀྱིས་བོད་གཞུང་གི་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས་ལ་བསྙད་པའི་གྲོས་འདེབས་དོན་ཚན་ཉེར་དགུ་ཡོད་པ་ཞིག་བཏོན་པའི་ནང་ཏཱ་ལའི་བླ་མ་དང༌། པཎ་ཆེན་བླ་མ། གཞན་ཡང་ཧོ་ཐོག་ཐུ་རྣམས་ཀྱི་ཡང་སྲིད་གསེར་བུམ་དཀྲུགས་ཏེ་ཐག་གཅོད་དགོས་པའི་འདུན་གྲོས་བཏོན་ཡོད། དེར་བརྟེན་རྒྱལ་དབང་དང་པཎ་ཆེན་སྐུ་ཕྲེང་རེ་ཟུང༌། བླ་ཆེན་གཞན་གང་འཚམས་བཅས་གསེར་བུམ་དཀྲུགས་འདོན་བྱས་པ་མ་ཟད། གསེར་བུམ་དཀྲུགས་འདོན་གྱི་ཆོ་ག་ཡང་ྋརྒྱལ་བ་འཇམ་དཔལ་རྒྱ་མཚོས་ལྗགས་རྩོམ་མཛད། དེ་འདྲའི་ལམ་སྲོལ་གཏོད་པའི་རྗེས་སུའང་རྒྱལ་དབང་སྐུ་ཕྲེང་དགུ་པ་དང༌། བཅུ་གསུམ་པ། ངོས་རང་བཅུ་བཞི་པ་བཅས་གསེར་བུམ་དཀྲུགས་འདོན་བྱས་མེད་ཅིང༌། རྒྱལ་དབང་སྐུ་ཕྲེང་བཅུ་པའང་ཡང་སྲིད་ངེས་རྙེད་ཟིན་སྟབས་དངོས་དོན་དུ་གསེར་བུམ་དཀྲུགས་མེད་ཀྱང༌། མན་ཇུའི་གཡར་ངོ་མ་ལྡོག་པར་གསེར་བུམ་དཀྲུགས་ཚུལ་གསལ་བསྒྲགས་ཙམ་བྱས། དངོས་སུ་གསེར་བུམ་དཀྲུགས་འདོན་བྱས་པ་ྋརྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་དང་བཅུ་གཉིས་པ་གཉིས་ལས་བྱུང་མེད་ཁར། བཅུ་གཉིས་པའང་གསེར་བུམ་མ་དཀྲུག་གོང་གཏན་འཁེལ་ཟིན་པས་གསེར་བུམ་གྱི་ལམ་ནས་ངོས་འཛིན་བྱས་པ་གཅིག་ལས་མ་བྱུང༌། དེ་བཞིན་པཎ་ཆེན་སྐུ་ཕྲེང་རིམ་བྱོན་ནང་བརྒྱད་པ་དང་དགུ་པ་གཉིས་ལས་གསེར་བུམ་དཀྲུགས་འདོན་བྱས་པ་བྱུང་མེད།” ༨ པས་ལོ་རྒྱུས་ཐོག་གསེར་བུམ་དཀྲུག་འདོན་གྱི་ཆོ་ག་དེར་བོད་མི་མང་གིས་ངོས་འཛིན་ཅི་འདྲ་བྱས་ཡོད་མེད་ཧ་ཅང་གསལ་པོ་ཡིན་པས། བདག་གིས་འདིར་ཚིག་གི་སྤྲོས་པ་རིང་དུ་སྲིང་དགོས་དོན་གང་ཡང་མི་འདུག
ང་ཚོས་ལོ་རྒྱུས་དངོས་མའི་ཞལ་ཁ་ཕྱེས་ནས་དྲང་བཤད་བྱས་ན། མན་ཇུས་བོད་ལ་བཙན་འཛུལ་བྱས་པའི་དཔང་རྟགས་སུ་བགྲང་ཆོག་ཆོག་གི་གསེར་བུམ་དཀྲུག་འདོན་གྱི་ཆོ་ག་ཟེར་བ་དེར། བོད་མི་མང་གིས་དུས་ནམ་ཡང་ངོས་ལེན་བྱས་མེད་པར་མ་ཟད། མིང་ཙམ་ཡང་གླེང་སློང་བྱེད་རྒྱུར་སྐབས་ཐོག་གི་བོད་མི་མང་ཚོ་རྣམ་རྟོག་ལང་གི་ཡོད། ཚང་མས་ཧམ་པ་ཚ་དྲགས་པའི་ཁོང་གི་སྐད་ཆ་མདོག་ཉེས་འདི་ལ་ལྟོས་དང་། རྒྱུ་མཚན་དངོས་མ་ནི་གོང་དུ་ལུང་འདྲེན་བྱས་པ་ལྟར་ཡིན་ནའང་ཁོས་ད་དུང་། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ནི་གསེར་བུམ་དཀྲུག་འདོན་གྱི་ཆོ་ག་ལ་བརྟེན་ནས་བྱུང་བ་ལྟར་བཤད་ཀྱིན་འདུག སྐད་ཆ་འདི་འདྲ་ལ་ལན་འདེབས་རྒྱུ་ནི་དངོས་གནས་རྣམ་རྟོག་ཟ་དགོས་པ་ཞིག་དང་ངོ་ཚ་བ་དགོས་པ་ཞིག་རེད། གལ་སྲིད་ཁྱེད་ལ་སངས་རྒྱས་ཆོས་ལུགས་ཀྱི་རྒྱུན་ཤེས་ཕྲན་བུ་ཞིག་ཡོད་རྒྱུ་ན། དེ་རིང་ཁྱེད་ཀྱི་ཁ་ནས་སྐད་ཆ་འདི་ལྟ་བུ་ཞིག་འབུད་སྲིད་པ་ཞིག་མ་རེད། བདག་གིས་འདི་ནས་ཅི་བས་མགོ་ཚོས་མི་ཐུབ་པ་ཞིག་ནི་གུང་ཁྲན་ཏང་གིས་བདེན་རྫུན་དང་དཀར་ནག་གོ་ལྡོག་ཡོད་པ་འདྲ་སྟེ། ད་ལྟ་འཛམ་གླིང་སྟེང་མི་རྣམས་ཀྱིས་བདེན་པ་ལབ་ཚེ་ཚང་མའི་སེམས་ལ་ྋགོང་ས་ཏཱ་ལའི་བླ་མ་མཆོག་འཆར་ཡོང་གི་ཡོད་པ་དང་། ྋགོང་ས་ཏཱ་ལའི་བླ་མ་མཆོག་ལབ་ཚེ་མི་ཚང་མའི་སེམས་ལ་ཁོང་ནི་འཛམ་གླིང་འདིའི་སྒང་གི་བདེན་པའི་མཚོན་རྟགས་ཤིག་ཏུ་བསྒོམས་ཡོད་པ་རེད།
ཡང་<<བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་>>ནང་“མངོན་སུམ་འཛེམ་མེད་ངང་བོད་རིགས་ཕུད་པའི་མི་རིགས་རྣམས་བོད་ནས་ཕྱིར་འབུད་བྱེད་རྒྱུ་བསྒྲགས་”བྱས་པའི་སྐད་ཆ་འདི་དག་ནི་རུལ་དྲི་ཐུལ་བའི་སྐྱག་རྫུན་ཁོ་ན་སྟེ། “བོད་ནང་གཏན་དུ་གཞིས་ཆགས་པ་དང་། དུས་ཡུན་རིང་པོ་ནས་གནས་སྡོད་འཚར་ལོངས་བྱས་པ་རྣམས་ཕྱིར་འབུད་བྱེད་རྒྱུ་ང་ཚོའི་ཀུན་སློང་མིན། ང་ཚོའི་སེམས་འཚབ་བྱེད་གཞི་རྒྱ་རིགས་གཙོས་པའི་མི་རིགས་གཞན་འབོར་ཆེན་སྤོ་ཤུགས་བྱེད་རྒྱུའི་སྐུལ་སློང་བྱེད་པའི་དབང་གིས་ད་ཡོད་སྤྱི་ཚོགས་ལ་འཕོ་འགྱུར་དང་། བོད་མི་རྣམས་གྲངས་ཉུང་ཆགས་པ། ཧ་ཅང་འཇིག་སླ་བའི་བོད་ཀྱི་རང་བྱུང་ཁོར་ཡུག་ལ་ཉེན་ཚབས་བཟོས་ཀྱི་ཡོད་པ་དེ་དག་ཡིན།” ཞེས་པའི་ཚིག་དུམ་འདི་ནི་ཤོག་བུ་དཀར་པོའི་ངོས་ལ་སྣག་ཚ་ནག་པོས་བྲིས་ཡོད་པའི་<<བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་>>ནང་ཁ་གསལ་གཏིང་གསལ་བྱས་ནས་བོད་དབྱིན་རྒྱ་གསུམ་ཐོག་ལ་ཡོད་པས། རྫུན་ངོ་མ་སུས་བཤད་ཀྱི་ཡོད་མེད་འཛམ་གླིང་གི་མི་ཚང་མས་གསལ་པོ་ཤེས་ཀྱི་རེད། འདིའི་ཐད་ལ་རྒྱ་རིགས་རྩོམ་པ་པོ་ཀྲང་བྷོ་ཧྲུའུས་<<ཏཱ་ལའི་བླ་མར་དྲི་བ་བདུན་བཏོན་པ་ཞེས་པའི་རྩོམ་ཡིག་གི་ཉེན་ཁའི་ཕྱོགས་ལྷུང་།>>ཞེས་པའི་རྩོམ་ཡིག་དེའི་ནང་ལ་གནད་དུ་ཁེལ་བའི་ལན་འདེབས་བྱས་ཡོད།
ཁྱེད་ཀྱིས་ཕྱི་ལོ་ ༡༩༨༩ ཟླ་ ༦ ཚེས་ ༤ མཚན་མོ་གནམ་བདེ་སྒོ་མོ་ཐང་ཆེན་སྟེང་ལག་ཏུ་མཚོན་ཆ་ཁབ་ཙམ་མེད་པའི་སློབ་གྲྭ་ཆེན་མོའི་སློབ་ཕྲུག་བརྒྱ་ཕྲག་འགར་རྒྱལ་སྲུང་དམག་མིས་མེ་མདའ་བརྒྱབ་པ་དང་། ལྕགས་འཁྲབ་འཁོར་ལོས་གཙབས་གཅིར་གྱིས་བསད་པ་དེ་ཐུགས་དྲན་གསོས་ཀྱིན་འདུག་གམ། ཁྱེད་ཀྱིས་“ཕ་མ་བསྐྱུར་བའི་གཤིས་ངན་གྱི་རིག་གནས་པ་སྐོར་ཞིག” ཟེར་ནས་མཐོང་ཆུང་བྱེད་སའི་ང་ཚོས་མཛའ་འབྲེལ་འཛུགས་ས་དེ་དག་ནི་དུས་རབས་འདིའི་ནང་ལ་རྒྱ་ནག་གི་འཐུས་ཚབ་མི་བུར་འབོད་ཆོག་པའི་ཤེས་ཡོན་པ་དག་རེད་ལ། ཁོང་ཚོས་ད་ལྟ་སོ་སོའི་དྲིན་ཅན་ཕ་མ་དང་བརྩེ་བའི་སྤུན་གྲོགས་མཇལ་ཕྱིར་དང་། སོ་སོའི་མི་མང་དང་རྒྱལ་ཁབ་ལ་ཕན་ཐོགས་མང་ཙམ་བྱ་རྒྱུའི་དམིགས་ཡུལ་འོག་རང་གི་མེས་རྒྱལ་གྱི་པང་དུ་ཕྱིར་ལོག་རྒྱུར་རྒྱ་ནག་གཞུང་ལ་སྙན་ཞུ་རབས་དང་རིམ་པ་ཕུལ་ཡང་ཨ་ལན་བརྡ་ལན་ཅི་ཡང་གནང་གི་མེད་པ་དང་། རྒྱུ་མཚན་དེ་དག་ལ་བལྟས་ན་ཁོང་ཚོས་ཕ་མ་བསྐྱུར་ནས་བྲོས་པ་མ་ཡིན་པར། ཁོང་ཚོ་ཕ་མའི་པང་ནས་བཙན་གྱིས་རྒྱལ་ཁོངས་གཞན་ལ་སྤྱུགས་པའམ་རྒྱང་ཕུད་བཏང་བ་རང་ཡིན་པས། སྐྱུག་བྲོ་བའི་བྱེད་སྟངས་དེའི་རིགས་ནི་འགྲོ་བ་མིའི་ཐོབ་ཐང་དང་རྦད་དེ་བརྒལ་བའི་བྱ་སྤྱོད་ཤིན་ཏུ་ནས་ཀྱང་མུན་པོ་ཞིག་ཡིན་པ་དང་། དེ་ནི་རྒྱ་མི་རིགས་ཀྱི་རླབས་ཆེ་བའི་དཔྱོད་ཤེས་ཅན་གྱི་མི་བུ་དག་དམར་ཕྱོགས་ཚོགས་པས་གདུག་རྩུབ་ཆེན་པོས་བཀག་སྐྱིལ་དང་འགོག་གསོད་བྱེད་སྟངས་ཀྱི་དཔེ་མཚོན་གསོན་པོ་ཞིག་ཀྱང་རེད།
ཡང་ཁྱེད་ཀྱིས་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་མ་ཉེས་ཁག་གཡོག་གིས་ན་ཛི་དང་ཧེ་ཐྲེ་ལེར་ལ་མཚུངས་ཚུལ་བཤད་པ་དེར། རྒྱ་རིགས་རྩོམ་པ་པོ་ཀྲང་བྷོ་ཧྲུའུས་<<ཏཱ་ལའི་བླ་མར་དྲི་བ་བདུན་བཏོན་པ་ཞེས་པའི་རྩོམ་ཡིག་གི་ཉེན་ཁའི་ཕྱོགས་ལྷུང༌།>>ཞེས་པའི་རྩོམ་ཡིག་ནང་། “རྒྱལ་སྤྱིའི་འཇིའུ་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྒྲིག་འཛུགས་ཀྱི་སི་མོན་ཝེ་སིན་ཐལ་བསྟི་གནས་ཀྱིས་ (The Simon Wiesnthal Center) དྲ་རྒྱའི་ནང་གསར་འགོད་གསལ་བསྒྲགས་སྤེལ་ཏེ། རྒྱ་ནག་གཞུང་འབྲེལ་དྲ་རྒྱའི་ཐོག་ནས་ཏཱ་ལའི་བླ་མ་མཆོག་ལ་གཞི་མེད་སྐྱོན་འཛུགས་དང་དམའ་འབེབས་ཞུས་པར་ཧ་ལས་ཏེ་སྐྱོན་འཛུགས་དེར་ངོས་ལེན་རྩ་བ་ནས་མེད་པ་མ་ཟད། དེས་ནཱ་ཛི་ཡིས་དམར་གསོད་བཏང་བའི་གནོད་འཚེ་ཕོག་མཁན་རྣམས་ལ་དམའ་འབེབས་བཏང་འདུག ཏཱ་ལའི་བླ་མ་མཆོག་ལོ་བཅུ་གྲངས་འགའི་རིང་འཛམ་གླིང་གིས་གུས་བརྩི་ཞུ་ཡུལ་དུ་གྱུར་ཡོད། ད་ཆ་ཁོང་གིས་གནང་བཞིན་པའི་མཛད་འགན་གསུམ་ནང་གི་གཅིག་ནི་ཞི་བའི་གྲོས་མོལ་ཐོག་འབད་བརྩོན་གནང་གི་ཡོད། དོན་དངོས་ཐོག་ཏཱ་ལའི་བླ་མ་མཆོག་གིས་དར་སྤེལ་མཛད་པའི་འགྲོ་བ་མིའི་བྱམས་བརྩེའི་རིན་ཐང་སྐོར་གྱི་ལྟ་གྲུབ་འདི་ནཱ་ཛི་པ་ཚོས་གཏོར་བཤིག་བཏང་བ་ལྟར་མིན་པས། གསར་འགོད་གསལ་བསྒྲགས་ཀྱི་མཇུག་ཏུ་རྒྱ་ནག་གཞུང་འབྲེལ་གྱི་དྲ་རྒྱ་གཙོ་བོ་མི་དམངས་དྲ་རྒྱ་དང༌། ཤིན་ཧྭ་དྲ་རྒྱ། རྒྱ་ནག་གི་བོད་ལྗོངས་གསར་འགྱུར་དྲ་རྒྱ་བཅས་ཀྱིས་འཕྲལ་དུ་ཁོང་ལ་དགོངས་སེལ་ཞུ་དགོས་” ཞེས་བཤད་ཡོད།
མདོ་དོན་ཁྱེད་ཀྱིས་འདི་ནས་གཞི་མེད་བསྙོན་འཛུགས་ཀྱི་འཁྱོག་བཤད་དེ་ནི་སོ་སོའི་མི་མང་ལ་མགོ་སྐོར་བཏང་བའི་ནག་ཉེས་བསགས་པ་ཞིག་ཡིན་པ་དང་། བྱེད་ཐབས་དེ་ནི་ད་རེས་ཙམ་མ་ཡིན་པར། ཕྱི་ལོ ༢༠༠༨ ལ་ཡང་དེ་ག་རང་བཀོལ་སྤྱོད་བྱས་ཤིང་། བཀོལ་སྤྱོད་བྱས་པ་ལྟར་བཀག་གཅུན་སྡོམ་བཙིར་གྱིས་གླེབས་པའི་རྒྱ་ནག་མི་མང་ཁྲོད་ནུས་པ་ཡང་ཧ་ཅང་ཆེན་པོ་ཐོན་ཡོད་པ་དང་། སྐབས་གཅིག་རིང་གུང་ཁྲན་ཏང་གི་ཁྱབ་བསྒྲགས་མ་གཏོགས་མི་མཐོང་ཞིང་མི་ཐོས་པའི་རྒྱ་ནག་མི་མང་གི་མིག་ལམ་དུ། འཛམ་གླིང་ཞི་བདེ་དེད་དཔོན་དུ་སྐུར་བཞེངས་པའི་བྱམས་སྙིང་རྗེ་ཅན་གྱི་ྋགོང་ས་ཏཱ་ལའི་བླ་མ་མཆོག་ནི་བྷེན་ལ་ཌེན་དང་ “རང་གཤིས་ཞི་འཇམ་ཅན་” གྱི་བོད་པ་ནི་བྷིན་ལ་ཌེན་གྱི་ཨབ་ཕྲུག་ནང་བཞིན་འགྱུར་བཅུག་པ་དང་། དེའི་དགོས་དམིགས་ངོ་ཐོག་དེ་ནི་ཕྱོགས་གཅིག་ནས། ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་རྒྱ་ནག་གི་མི་མང་ཁྲི་ཕྲག་མང་པོས་དགའ་དད་མོས་གསུམ་བྱེད་པ་དེ་འགོག་ཐབས་སུ་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་བོད་ལ་དྲག་གནོན་བྱ་རྒྱུར་རྒྱ་ནག་མི་མང་རྣམས་རྒྱབ་དཔུང་དུ་འགུགས་སྟངས་ཤིག་ཡིན་པས། དེ་ནི་མདའ་གཅིག་གིས་ཤྭ་བ་གཉིས་གསོད་པའི་ཐབས་བྱུས་ལག་བསྟར་བྱས་པ་ཞིག་རེད།
“དངོས་གནས་མི་ལ་ངོ་ཚོ་མེད་ཚེ་ཁ་ནས་ཅི་བཤད་འདི་བཤད་མི་འདུག་”ཅེས་པའི་སྐད་ཆ་དེ་ཅི་མ་བདེན། ད་ལྟོས་དང་། རོའུ་ལུགས་རིག་གནས་དང་། མན་སོག་རིག་གནས་ཀྱང་བོད་ལ་ཡོད་ཚུལ་ལབ་ཀྱི་འདུག རོའུ་ལུགས་རིག་གནས་ནི་ཁོ་རང་གི་ཕ་ས་སྟེ། རྒྱ་ནག་ནས་ཀྱང་རྩ་མེད་དུ་ཕྱིན་ཚར་བས་ད་ལྟ་རྒྱ་ནག་ནང་གི་མིའི་ཀུན་སྤྱོད་སྤྱིའི་ཆ་ནས་ཅི་བས་ཡ་ང་དགོས་པ་ཞིག་ཆགས་ཡོད་པ་འདི་ནི་འོ་མ་ལྟ་བུའི་ལོ་ངོ་ལྔ་སྟོང་གི་དཔལ་ཡོན་ལྡན་པའི་རྒྱ་ནག་གི་ལོ་རྒྱུས་ནང་དུ་ཁྲག་གི་ཐིགས་པ་བརྒྱབ་པ་ལྟར་བཀྲུས་ན་མི་དག་པའི་གུང་ཁྲན་ཏང་གི་སྡིག་ཉེས་ཤིན་ཏུ་ཚབས་ཆེན་ཞིག་རེད།
སོག་པོའི་རིག་གནས་ག་འདྲ་གཏོར་བཤིག་བཏང་ཡོད་མེད་མི་ཚང་མས་ཤེས་གསལ་རེད་ལ། མན་ཇུའི་རིག་གནས་ཡང་ག་འདྲ་བཟོས་ཡོད་མེད་ནི་མི་རྣམས་ཀྱིས་མིག་གཉིས་བཙུམས་ནས་བལྟས་ཀྱང་མཐོང་ཐུབ་པ་ཞིག་ཡིན་ནའང་། ད་དུང་རིག་གནས་དེ་དག་བོད་ལ་ཡོད་ཚུལ་དང་བོད་ཀྱི་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་ཚུལ་ལབ་པ་ལ་ལྟོས་དང་། ལབ་བརྡོལ་རང་རེད།
ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་མི་ས་ཡ་དྲུག་གི་མགྲིན་ཚབ་བྱེད་ཐུབ་དང་མི་ཐུབ། ཡིན་དང་མིན་དེ་ངེད་གཉིས་འདི་ནས་རྩོད་གླེང་གིས་ཐག་གཅོད་དགོས་པའི་གནད་དོན་ཞིག་མ་ཡིན་པར་བོད་མི་རེ་རེ་ལ་རང་དབང་དང་འཇིགས་ཞུམ་མེད་པའི་སྒོ་ནས་སྐད་ཆ་ཤོད་དུ་ཆུག་དང་། ཐུབ་དང་མི་ཐུབ། ཡིན་དང་མིན་གྱི་ཤན་གསལ་པོ་འབྱེད་ཐུབ་པ་ཞིག་ཡིན། བོད་མི་མང་གི་སེམས་ཀྱི་འདོད་འདུན་དངོས་གནས་དེ་ཅི་ཡིན་ཁྱེད་ཀྱིས་ཁ་མཚོན་བཅད་ནས་ཐག་གཅོད་བྱེད་སྟངས་འདི་རིགས་ལ་ད་གཟོད་སྲིད་དོན་རིག་པའི་ཚིག་མཛོད་དུ་སྒེར་གཅོད་པ་ཞེས་འགྲེལ་བརྗོད་བྱས་ཡོད་པ་རེད། ད་དུང་ “༢༠༠༩ ལོའི་ཟླ་ ༡༡ ཚེས་ ༢༢ ཉིན། ཏཱ་ལའི་ཡིས་རྒྱ་གར་ནས་རང་ཉིད་ནི་རྒྱ་གར་གྱི་བུ་ཕྲུག་ཡིན་ཞེས་བརྗོད་ནས། ཁོ་ལ་ཚེ་སྲོག་བསྩལ་ཞིང་ལྟོ་རྒྱབ་གསོས་པའི་མི་དམངས་རྣམས་ཕར་གཡུག་པ་རེད།”ཟེར་བའི་སྐད་ཆ་འདི་ལ་ངས་འཁྱོག་བཤད་རེད་ཟེར་ནས་དགག་པ་རྒྱག་གི་མིན། དེ་ལས་ང་ཚོ་ཚང་མས་མཉམ་དུ་ཉིན་དེར། ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་གསུངས་པའི་གསུང་གི་ཚིག་དུམ་དེ་དངོས་སུ་ལུང་འདྲེན་གྱིས་སྙུག་ཐོགས་པའི་སྐད་ཆ་འདི་དང་ཞིབ་བསྡུར་ཞིག་བྱས་ན་དེས་དོན་དངོས་ཤེས་རྟོགས་ཡོང་རྒྱུར་ཕན་ཐོགས་ཧ་ཅང་རྒྱ་ཆེན་པོ་ཡོང་གི་རེད།
ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ ༢༠༠༩ ལོའི་ཟླ་ ༡༡ ཚེས་ ༢༢ གཟའ་མིག་དམར་ཉིན། རྒྱ་གར་རྒྱལ་ས་ལྡི་ལི་གསར་པར་འཛམ་གླིང་སྟེང་མང་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་ལ་ལོ་ངོ་སྟོང་ཕྲག་མང་པོའི་རིང་ནས་ཡོད་པའི་ཡོན་ཏན་ལ་ཁག་ལ་བསྔགས་བརྗོད་མཛད་པ་དང་། མི་རབས་གཞོན་པ་ཚོས་རང་གི་ཕ་མེས་ཀྱི་རིག་གཞུང་བཟང་པོ་དེ་མི་ཉམས་རྒྱུན་འཛིན་གནང་དགོས་པའི་བཀའ་སློབ་སྩལ་ཅིང་། རང་ཉིད་ནི་རྒྱ་གར་གྱི་བུ་ལྟ་བུ་ཞིག་ཏུ་ངོས་འཛིན་ཞུ་ཡི་ཡོད་སྐོར་རྒྱུ་མཚན་གཉིས་ཀྱི་ཐོག་ནས་གསུངས་ཡོད་པ་དང་། ཁོང་གིས་“རྒྱུ་མཚན་དང་པོ་དེ་ཤེས་བྱའི་གཞི་རྩ་དེ་རྒྱ་གར་ནས་བྱུང་བ་ཞིག་དང་། གཉིས་པ་དེ་འདས་པའི་ལོ་ངོ་ལྔ་བཅུའི་རིང་རྒྱ་གར་གྱི་ཟས་ཟོས་ཏེ་འཚོ་ཐབས་བྱུང་བ་བཅས་ལ་བརྟེན་ངོས་རང་རྒྱ་གར་གྱི་བུ་ལྟ་བུ་ཆགས་ཡོད་” ༩ ཅེས་བཀའ་སློབ་སྩལ་ཡོད་པ་དང་། སྐབས་དེར་འཛམ་གླིང་གི་ཡུལ་གྲུ་ཁག་ ༡༤ ཙམ་གྱི་ཚོགས་བཅར་བ་མི་གྲངས་ ༡༠༠ ལྷག་མཉམ་ཞུགས་བྱས་ཡོད་པས་ང་ཚོས་བསྙོན་ངོ་མ་དེ་སུས་འདིང་གི་ཡོད་མེད་གསལ་པོ་ཤེས་ཀྱི་འདུག་ལ། ད་དུང་ཕྱི་ལོ་ ༢༠༡༡ ཨ་རི་ནས་དཔར་སྐྲུན་གནང་བའི་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་ཕྱག་དེབ་<<ཆོས་ལུགས་ལས་འདས་པའི་བྱམས་བརྩེ་>>(Beyond Religion)ཞེས་པ་དེའི་ནང་ལ་ཡང་དེ་ག་རང་གསུངས་ཡོད།
སྙུག་ཐོགས་པས་ཧང་སང་མདོག་གིས། “ད་དུང་ཀྲུང་གོ་དང་བསྡུར་ན་རྒྱ་གར་ལ་དེ་བས་བོད་ཀྱི་བདག་དབང་བྱེད་པའི་དབང་ཆ་ལྡན་ཞེས་སྨྱོ་བཤད་བྱས།” ཞེས་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་མི་ཆོས་དང་བྲལ་བའི་བརྗོད་ཚིག་སྤྱད་ནས་ཟུར་ཟ་ལྟ་བུ་ཞིག་བྱས་འདུག་ཅིང་། འདི་ནི་ཁྱེད་ཀྱིས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་གསུང་གི་གོ་བ་ཅི་བཞིན་མ་ལོན་པའི་སྐྱོན་ཏེ། ཁོང་གི་བཀའ་མོལ་འདི་ནི་རྒྱ་ནག་གཞུང་གིས་དུས་རྒྱུན་བོད་ཀྱི་བདག་དབང་ནི་རང་ཉིད་ལ་ཡོད་ཚུལ་གྱི་ཧམ་བཤད་དེར་ལྟོས་ནས་གསུང་བ་ཞིག་ཡིན། དེའི་ནང་དོན་ནི་རྒྱ་ནག་གིས་ག་དུས་ཡིན་ན་ཡང་རིག་གནས་དང་མི་རྒྱུད་སོགས་ཀྱི་ཐོག་ནས་བོད་ཀྱི་བདག་དབང་རྒྱ་ནག་ལ་ཡོད་ཚུལ་གྱི་ཁུངས་ལུང་བྲལ་བའི་ཧམ་བཤད་ལུ་གུ་རྒྱུད་དུ་བྱས་པ་དེ་དག་ནི་བོད་ཀྱི་བདག་དབང་རྒྱ་ནག་ལ་ཡོད་པའི་སྒྲུབ་བྱེད་དུ་སོང་ན། དེ་ལས་མང་བའི་རྒྱུ་མཚན་རྒྱ་གར་ལ་ཡོད་པས། དེས་ན་བོད་ཀྱི་བདག་དབང་ཐད་རྒྱ་ནག་ལས་རྒྱ་གར་ལ་མང་བ་ཡོད་ཚུལ་ལབ་ཆོག་ཚུལ་གསུངས་པ་དེ་ནི་བོད་ཀྱི་བདག་དབང་རྒྱ་དཀར་ནག་གཉིས་ཆར་མེད་པའི་སྒྲུབ་བྱེད་བཀོད་པ་ཡིན་གྱི། ཁོང་གི་བཀའ་མོལ་དེར་བོད་ཀྱི་བདག་དབང་རྒྱ་གར་ལ་ཡོད་པ་ཞལ་བཞེས་གནང་བའི་གོ་དོན་སྤུ་ཙམ་ཡང་མེད་པས། འདི་ལས་འཐད་ལྡན་དང་འདི་ལས་ཡང་དག་པའི་སྒྲུབ་བྱེད་ཅིག་གང་ན་ཡོད་དམ། འོན་ཀྱང་ཕངས་པ་ཞིག་ལ་སྙུག་ཐོགས་པས་མཚན་ཉིད་རིག་པའི་འགྲོ་སྟངས་ལ་རྒྱུས་མངའ་མེད་པ་འདྲ་སྟེ། ཁ་གསལ་དུ་བཏང་ནས་བཤད་ན། འདི་ནི་བོད་ཀྱི་བདག་དབང་རྒྱ་དཀར་ནག་ལ་མེད་པའི་ཟབ་བརླིང་གི་མཚན་ཉིད་རིག་པའི་རྒྱུ་མཚན་བགྲང་སྟངས་ཤིག་རེད། ད་ཤེས་སོང་ངམ།
“ཏཱ་ལའི་ཚོགས་ཁག་གི་གོ་ས་ལྡན་པའི་མི་རྣམས་ཀྱི་ཁྲོད། སུ་ཞིག་ནི་དབུལ་ཕོངས་ཀྱི་བོད་འབངས་དཀྱུས་མ་ཡིན།”ནམ་ཞེས་པའི་དྲི་བ་འདི་མ་གཏོགས་འདིའི་སྔོན་གྱི་དོན་དངོས་ལས་འདས་པའི་སྐད་ཆ་ཁ་ཤས་ལ་ལན་འདེབས་བགྱི་དགོས་པའི་ཚད་གཞི་མེད་པས། ལན་བཏབ་ཀྱང་དུས་ཚོད་གྲོན་པ་ཙམ་ལས་དོན་སྙིང་ཅི་ཡང་མ་མཐོང་བས། བདག་གིས་འདི་ནས་ཁྱེད་ལ་ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་བློ་བཟང་སེང་གེ་བགྲང་ཚེ་ཁྱེད་ལ་མཁོ་བའི་ལན་ཏག་ཏག་དེ་ཆགས་སྲིད་དམ། “ངེད་ཚང་ཁྱིམ་ཚང་ཧ་ཅང་སྐྱོ་བོ་ཡིན་སྟབས་བ་ཕྱུགས་གཉིས་ལས་མེད་ནའང་གཅིག་ངའི་པ་ལགས་ཀྱིས་བཙོང་ནས་ང་སློབ་གྲྭར་བཏང་བ་རེད་”ཅེས་པ་འདི་ནི། ཁོང་གིས་ཆུང་དུས་ཀྱི་ཁོང་ཚང་གི་ཁྱིམ་ཚང་གི་འཚོ་བའི་གནས་སྟངས་ཧ་ཅང་སྐྱོ་བོ་ཡོད་པ་དེ་ཕྱིར་དྲན་བྱས་པའི་སྐད་ཆ་དུམ་བུ་ཞིག་ཡིན་པ་དང་། ཁོང་གིས་བཤད་པའི་སྐད་ཆ་དེ་ད་ལྟ་རང་ངས་དྲན་གསོས་པ་དང་ཁྱེད་ལ་ཕུལ་བ་ཡིན་ན། ངའི་རེ་བར་འདི་ནི་ཁྱེད་ལ་མཁོ་བའི་ལན་མ་གཡོ་མ་གཟུར་བའི་ཏག་ཏག་དེ་ཆགས་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད།
ངས་འདི་ནས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་འདོད་པ་དང་ཞུ་དགོས་པ་ཞིག་ནི་ཁྱེད་ཀྱིས་ཁ་ནས་“བཙན་བྱོལ་བོད་གཞུང་འདུས་སྡོད་ཁུལ་ལ་བལྟས་ན།” ཞེས་པའི་སྐད་ཆ་འདི་ཡིན་ལ། “གང་ས་ནི་རྙིང་ཧྲིལ་(ཧྲུལ)དང་གོག་ཧྲིལ་(ཧྲུལ)གྱིས་ཁེངས་”ཚུལ་དང་། ཡང་ “བོད་མི་རྣམས་ཀྱིས་མིའི་ངོ་བསྲུངས་ཏེ་འཚོ་བ་སྐྱེལ་བཞིན་ཡོད་”ཚུལ་ལབ་པ་འདིར་ངས་ཁྱེད་ལ་ཀུ་རེ་ཞིག་གིས་བསྟན་བཤིག་སློང་སྙིང་བྲོ་སོང་། ང་ཚོས་ཕན་ཚུན་གུ་ཡངས་པོའི་སྒོ་ནས་བདེན་པ་བརྡར་ནས་རྩོད་གླེང་བྱས་ཚེ་དེ་ནི་དངོས་གནས་སྐྱིད་པོ་ཞིག་རེད། ང་ཚོས་ག་དུས་ཡིན་ཡང་བདེན་པ་བཤད་ཚེ་ཁས་ལེན་བྱེད་རྒྱུར་ཧ་ཅང་དགའ། ཁྱེད་ཀྱིས་བཤད་པ་ལྟར་ང་ཚོ་སྡོད་ས་དག་རྙིང་ཧྲུལ་དང་གོག་ཧྲུལ་གྱིས་ཁེངས་ཡོད་པ་བདེན་ནའང་། འདས་པའི་ལོ་འགའི་སྔོན་ལ་ཚད་རིམ་དྲུག་བདུན་ཅན་གྱི་ས་ཡོམ་གྱིས་ང་ཚོའི་འཚོ་བ་ལ་གཏོར་བརླག་བྱས་མ་མྱོང་བ་ཕར་ཞོག ཐ་ན་སྒེའུ་ཁུང་གི་ཤེལ་སྒོ་ཙམ་ལ་ཡང་ཆག་སྐྱོན་བྱུང་མ་མྱོང་བས། རང་བྱུང་ས་ཡོམ་གྱི་འཇིགས་པ་དེ་ཚོ་ནི་ངས་བསམ་ན་ང་ཚོ་དང་འབྲེལ་བ་གཏན་ནས་མེད་པ་ལྟར་ཉིན་རེ་འཚོ་བའི་ཁྲོད་ང་ཚོ་བློ་བདེ་བག་ཕེབས་ཀྱིས་གནས་ཡོད། ཡིན་ཡང་ཕྱོགས་གཅིག་ནས་བལྟས་ན་ས་མཐའི་ཁྱིམ་གཞི་གཡར་མ་འདིའི་ནང་ལ་ཡང་ཁྱེད་ཀྱིས་བཤད་པ་ལྟར་དེ་འདྲའི་སྐྱེལ་སྙིང་བྲོ་བའི་འཚོ་བ་སྐྱིད་པོ་ཞིག་མ་རེད། འོན་ཀྱང་བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་ལ་རོལ་ཆོག་པའི་རང་དབང་གི་བར་སྟོང་ཡངས་པོ་ཞིག་མ་རག་བར་དུ་ང་ཚོས་འདི་ནས་སྙིང་སྟོབས་དང་ཆོད་སེམས་བརྟན་པོའི་ཐོག་མུ་མཐུད་འཚོ་གནས་བྱ་རྒྱུ་འདི་ཤི་བོ་ཚོའི་ཞལ་ཆེམས་ཡིན་ལ། གསོན་པོ་ཚོའི་རེ་བའང་ཡིན་པས་ན། འདི་ནི་འབྱུང་འགྱུར་འགྲོ་བ་མིའི་རིགས་ཀྱི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ནང་གསེར་གྱིས་འབུར་དུ་དོད་ནས་འབྲི་འོས་པའི་གཟི་བརྗིད་ཅན་གྱི་ལེའུ་ཞིག་ཅིས་མ་ཡིན། དེར་བརྟེན་འདིའི་ཐད་ལ་ང་ཚོ་བློ་སྟོབས་ཀྱིས་ཁེངས་ནས་བསྡད་ཡོད་པས། དུས་ནམ་ཡང་ཕྱིར་སྣུར་བྱ་སྲིད་པ་ཞིག་མ་རེད།
“ཏཱ་ལའི་ངོ་ལོག་བྲོས་བྱོལ་མ་བྱས་གོང་། དམངས་གཙོ་དང་འདེམ་བསྐོ། མགྲིན་ཚབ་སོགས་རྩ་བ་ནས་དྲན་མྱོང་མེད་ལ། ད་ཆ་དེ་དག་ལ་ཧ་ཅང་དགའ་བོ་བྱེད་པ་འདི་ནད་ཡོད་པ་མིན་ན་གདོན་འདྲེ་ཞུགས་པ་ཡིན་རྒྱུ་རེད།” ཟེར། ཨ་ཨ། ཁྱེད་རང་འདི་འདྲའི་ལྐུགས་རྟགས་ཚ་བའི་སྐད་ཆ་ཞིག་བཤད་རྒྱུར་ངོ་མི་ཚ་ནའང་ང་རང་དངོས་གནས་ཉན་རྒྱུར་ངོ་ཚ་ཡི་འདུག ཐུགས་རྗེས་གཟིགས། ངས་ཁྱེད་ལ་ཞུ་བ་འཐེན་ཆོག “ནད་ཡོད་པ་མིན་ན་གདོན་འདྲེ་ཞུགས་པ་ཡིན་རྒྱུ་རེད་”ཅེས་རིག་གནས་གསར་བརྗེའི་གཡོན་ཐལ་གྱི་སྐད་ཆ་ཤི་བོ་དག་དྲུད་ཡོང་ནས་མི་ལ་གཤེ་ཞིང་སྤྱོས་ནས་དམའ་འབེབ་བཏང་ན་ཕན་ཐོགས་ག་རེ་ཡོད་དམ། འདི་འདྲའི་ཚིག་ངན་གྱིས་དམའ་ཕབ་ནས་ཕན་ཚུན་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་ཚེ། ཁྱོད་མ་དགོས་ངས་ཀྱང་འདི་ནས་ཁྱེད་ཀྱིས་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་དམའ་འབེབ་བྱེད་སྟངས་ལས་ལྡབ་བརྒྱ་འགྱུར་གྱིས་ཚིག་ངན་སྤྱད་ནས་དམའ་འབེབ་གཏོང་ཤེས་ཀྱི་ཡོད། འོན་ཀྱང་དེས་ཅི་ཞིག་ལ་ཕན་གྱི་རེད་དམ། ངས་ནམ་རྒྱུན་ནད་དང་གདོན་འདྲེ་ནི་མི་བཟང་དོན་བཟང་ལ་གནོད་པ་སྐྱེལ་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ལ། ཁྱེད་ཀྱི་སྐད་ཆས་བཤད་ན། ནད་དང་གདོན་འདྲེ་ཞུགས་དངོས་མ་ནི་གུང་ཁྲན་ཏང་ལ་ཞུགས་ཡོད་པ་འདྲ་སྟེ། གུང་ཁྲན་ཏང་གི་གནམ་འོག་ན་མི་བཟང་ཚར་གཅོད་དང་དོན་བཟང་བཀག་འགོག་བྱེད་ཀྱིན་པ་འཛམ་གླིང་ཀུན་གསལ་མ་ཡིན་ནམ། འོན་ཀྱང་ངས་འདི་ནས་ཁྱེད་ལ་ཚིག་ངན་གྱིས་གཤེ་ཞིང་སྤྱོས་པ་ལས་དོན་དངོས་བགྲང་ནས་རྩོད་གླེང་བྱེད་རྒྱུ་རྩ་དོན་དུ་བཟུང་ཡོད།
ྋགོང་ས་ཏཱ་ལའི་བླ་མ་མཆོག་བོད་དུ་བཞུགས་ཡོད་པའི་སྐབས་ནས་ཆབ་སྲིད་བཅོས་བསྒྱུར་ཐད་དགོངས་བཞེས་ཟབ་མོ་གནང་ཡང་རྒྱ་ནག་དམར་ཕྱོགས་གཞུང་གིས་དེར་བཀག་འགོག་རབས་དང་རིམ་པས་བར་ཆད་བཟོས་ཡོད། ཕྱི་ལོ་ ༡༩༥༤ སྔར་སྲོལ་བོད་ཀྱི་འགྲོ་སྟངས་དེ་བཅོས་བསྒྱུར་ཆེད། ལེགས་བཅོས་ལས་ཁུངས་གསར་དུ་བཙུགས་ནས་དོན་ཚན་ལྔ་འཁོད་ཀྱི་ལེགས་བཅོས་གནང་ཕྱོགས་ཐད་བཀའ་རྒྱ་སྩལ་ཡོད་པ་དེར་ཁྱེད་ཀྱིས་འགྲེལ་བརྗོད་དང་ངོས་འཛིན་ཅི་འདྲ་གནང་རྩིས་ཡིན་ནམ། གལ་སྲིད་ཁྱེད་ཀྱིས་ངའི་སྐད་ཆ་འདི་དག་མི་བདེན་པར་སྙམ་ན། ངེད་གཉིས་མཉམ་དུ་ད་དུང་ཕྱི་ལོ་ ༡༩༥༩ ཟླ་ ༦ ཚེས་ ༢༠ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་གསར་པར་གསར་འགོད་གསལ་བསྒྲགས་གནང་བ་དེའི་ནང་གི་གསུང་ཚིག་དུམ་བུ་ཞིག་ལ་བལྟ་བར་བྱ།
“ང་ཚོའི་སྤྱི་ཚོགས་དེ་གནའ་བོའི་སྤྱི་ཚོགས་ཤིག་ཡིན་པ་དང་། བོད་མི་མང་གི་ཁེ་ཕན་གྱི་ཆེད་དུ་འཕྲལ་དུ་འགྱུར་བ་གཏོང་དགོས་པའི་གནས་ཚུལ་ཐད་ང་ཚོའི་ངོས་ནས་སྦས་གསང་བྱ་རྒྱུའི་འདོད་པ་མེད། འདས་པའི་ལོ་དགུའི་རིང་ངོས་དང་ངོས་ཀྱི་གཞུང་གི་ངོས་ནས་བསྒྱུར་བཅོས་ཁག་ཅིག་དགོས་པའི་རེ་འདུན་ཡང་བཏོན་ཡོད། འོན་ཀྱང་རེ་འདུན་ནམ་བཏོན་ལ་མི་མང་གི་འདོད་མོས་ཡོད་མེད་ལ་མ་ལྟོས་པར་རྒྱ་མིའི་ངོས་ནས་རེ་འདུན་དེ་དག་ལ་ཤུགས་ཆེན་པོས་དགག་པ་བྱས། མཐར་སྤྱི་ཚོགས་དང་། དཔལ་འབྱོར་གྱི་གནས་སྟངས་ཐད་མི་མང་ལ་ཕན་པ་གང་ཡང་མ་འགྲུབ། ངོས་ནས་དམིགས་བསལ་གྱིས་ས་བདག་ལམ་ལུགས་ལ་དུས་འགྱངས་མེད་པར་འགྱུར་བ་ཤུགས་ཆེ་དགོས་པ་དང་། གཞུང་གི་ས་བོག་གཏོང་ལམ་ལུགས་བརྒྱུད་བདག་ཏུ་བཟུང་བའི་གཞིས་ཁག་ཆེ་བ་རྣམས་ཞིང་པ་ཚོར་བགོ་འགྲེམས་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ནའང་། རྒྱ་ཡི་དཔོན་རིགས་ཚོས་ཚུལ་མཐུན་དང་། རྒྱུ་མཚན་ལྡན་པའི་བསྒྱུར་བཅོས་འདིར་དངོས་སུ་དགག་པ་བྱས།”
གསུང་ཚིག་དུམ་བུ་འདི་ལ་ལྟོས་དང་ཅི་འདྲ་འདུག་གམ། ཁྱེད་ཀྱིས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་གསུང་ཚིག་དུམ་བུ་འདི་དག་ནག་གསུབ་གཏོང་འདོད་ཀྱང་དེབ་ཐེར་ངོས་སུ་འབུར་དུ་དོད་ནས་བྲིས་ཡོད་པས་ལོ་རྒྱུས་ཀྱིས་ཁྱེད་ལ་ནག་གསུབ་གཏོང་དུ་འཇུག་གམ། དེ་ནི་དཔེ་སྲིད་པ་ཞིག་མ་རེད།
“རང་བསྲེགས་གཏོང་མཁན་ཚོའི་སྐོར་ལ་ཏཱ་ལའི་ཡིས་རྒྱུན་ཆད་མེད་པར་ཁོ་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཞུ་ཞེས་བརྗོད་ཀྱི་ཡོད་པ་མ་ཟད། ཁོ་ཚོར་སྨོན་ལམ་རྒྱག་བཞིན་ཡོད། ཏཱ་ལའི་ཡི་ཆོས་ལུགས་ཀྱི་གོ་སའི་སྟེང་ནས་གཞན་གྱི་རྗེས་སུ་ཡི་རང་དང་བསྔོ་བ་སྨོན་ལམ་བརྒྱབ་ན། དད་ལྡན་མང་ཚོགས་ལ་རང་བསྲེགས་གཏོང་མཁན་རྣམས་མིག་དཔེ་རུ་བཟུང་ནས་རང་བསྲེགས་བྱེད་དགོས་པའི་བརྡ་སྟོན་བཞིན་པ་རེད།” ཟེར་བའི་སྐད་ཆ་ཛོར་བོ་འདི་ཐོས་ཙམ་གྱིས་ཀྱང་སྐྱུག་བྲོ་དགོས་པའི་མདོག་ཉེས་ག་འདྲ་ཞིག་མི་འདུག་གམ། སྐད་ཆ་འདི་ལ་ལན་འདེབས་བྱེད་དགོས་པའི་ལྗིད་ཁོག་གཏན་ནས་མི་འདུག་ནའང་། ཚེ་སྲོག་དཀྱིལ་སྙིང་དུ་འཛིན་ཅིང་སེམས་ཅན་ཐམས་ཅད་མ་རུ་ལྟ་བའི་ནང་བསྟན་ཆོས་ལུགས་པ་ཞིག་ལ་མཚོན་ནས་བཤད་ན། ཚེ་སྲོག་ལ་བསྔོ་སྨོན་བྱས་པ་དེ་ནི་ནང་བསྟན་ཆོས་ལུགས་ཉམས་སུ་ལེན་མཁན་ཞིག་གི་འགན་འཁྲི་ཡིན་པ་དང་། རང་གི་འགན་འཁྲི་དང་ལེན་གྱིས་ལག་བསྟར་བྱས་པ་དེ་ནི་རང་བསྲེགས་བྱེད་དགོས་པའི་བརྡ་སྟོན་བཞིན་པ་རེད་ཟེར་ན་ནི་དེ་ལས་དགོད་བྲོ་བའི་བཤད་སྲོལ་ཞིག་གང་ན་ཡོད་དམ། ཚེ་སྲོག་ཡོད་ཚད་འདྲ་མཉམ་དུ་ལྟ་ཞིང་ “སྟོང་ཉིད་སྙིང་རྗེ་”སྙིང་པོ་ཅན་གྱི་ནང་བསྟན་ཆོས་ལུགས་ཀྱི་མིག་ལམ་དུ་ཚེ་སྲོག་ལ་བཟང་ངན་ཡག་བཙོག་གི་རྐྱ་བཀར་ནས་བསྔོ་སྨོན་གནང་མི་གནང་གི་དབྱེ་མཚམས་འབྱེད་སྲོལ་ཞིག་བྱུང་མྱོང་མེད་པར་མ་ཟད་། དེ་འདྲ་ནི་དུས་ནམ་ཡང་འབྱུང་མི་སྲིད་པའི་ཤེས་བྱ་ཞིག་ཀྱང་ཡིན་ལ། ཀུན་སྤྱོད་ཐོག་ནས་ཀྱང་ཚེ་སྲོག་རང་ལྡོག་ལ་དབྱེ་འབྱེད་གནང་ས་ཞིག་གཏན་ནས་མེད། ཡིན་ཡང་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་རང་ལུས་མེ་བསྲེགས་བཏང་བར་རྗེས་སུ་ཡི་རང་ཞུས་པ་རེད་ཅེས་བཤད་པ་ཙམ་གྱིས་མི་ཆོག་པར་ག་དུས་གང་དུ་གང་ལ་གང་འདྲ་བྱས་ནས་གསུངས་པ་རེ་རེ་བཞིན་ཁུངས་དང་བཅས་བཤད་རྒྱུ་ཡོད་དམ།
རང་ཚིག་སྔ་ཕྱི་འགལ་བའི་སྐད་ཆ་འདི་ཚོ་ལྟོས་དང་། ཐ་ན་རྫུན་ཡང་བཤད་ཤེས་ཀྱི་མི་འདུག ཨ་རི་སོགས་ཀྱི་ཁེ་ཕན་དང་འབྲེལ་ཚེ་ཚེ་སྲོག་ལ་གནོད་ནའང་། ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཅི་ཡང་མི་གསུང་ཚུལ་དང་། ཉེ་ཆར་ཨ་ཧྥུ་གྷན་གྱི་ནང་བུད་མེད་དང་བྱིས་པའི་དམར་གསོད་ཀྱི་དོན་རྐྱེན་ཐད། ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཚིག་གཅིག་ཀྱང་གསུང་མི་ཕོད་ཚུལ་བཤད་པའི་སྐད་ཆ་དེ་ནི་བདེན་པ་གཏན་ནས་མ་རེད། ཨ་ཧྥི་གྷན་དང་ཨེ་རག་ལ་དམག་འཐབ་མ་བྱས་གོང་ནས། ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཨ་རིའི་སྲིད་འཛིན་བྷུ་ཤུས་ལ་དངོས་སུ་དམག་འཐབ་དང་ཞི་མོལ་གཉིས་ལས་ཞི་མོལ་གྱི་ལམ་ཁ་གདམ་དགོས་པའི་བཀའ་མོལ་གནང་བ་འཛམ་གླིང་ཡོང་གྲགས་ཡིན་ཡང་། ད་དུང་འདི་ལྟར་བཤད་པ་ནི་ཁྱེད་ཀྱི་སྐད་ཆས་བཤད་ན་སྨྱོ་ཧམ་ཆེན་པོ་ཐོག་ནས་དོན་དངོས་ལ་བསྙོན་འདིང་བ་ཟེར་བ་དེ་ཡིན་པར་མ་ཟད། ད་དུང་འདི་ལྟར་བཤད་པའི་སྐད་ཆ་འདིའི་དམིགས་ཡུལ་ངོ་མ་གང་ཡིན་མི་རྣམས་ཀྱིས་རྟོག་ཞིབ་ཧ་ཅང་ནན་པོ་བྱ་དགོས་པ་ཞིག་ཀྱང་ཡིན།
“༢༠༠༨ ལོར་ཟླ་ ༥ ཚེས་ ༡༢ ཉིན་གྱི་སི་ཁྲོན་ཝུན་ཁྲོན་ས་ཡོམ་ཆེན་པོ་བྱུང་ནས་མི་མང་པོ་ཤི་རྨས་ཐེབས་པ་དང་། བོད་རིགས་མི་ཉུང་བ་ཤི་གསོན་ཧ་མ་གོ་བའི་སྐབས་དེར། ཏཱ་ལའི་འཇར་མན་དུ་སོང་ཞིང་། མིའི་རིགས་ཀྱི་འཇིགས་པ་ཆེན་མོ་འདིའི་སྐོར་ཚིག་གཅིག་ཀྱང་མ་བཤད་ལ། ལྷག་པར་དུ་ལུས་དང་སེམས་ཀྱི་སྡུག་བསྔལ་ཚད་མེད་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ལའང་སྙིང་རྗེ་རྩ་བ་ནས་མཚོན་མེད་པ་རེད། གནས་ཚུལ་ཤེས་རྟོགས་མཁན་ཚོས་ཏཱ་ལའི་སྐབས་དེར་དགའ་ཚོར་ཆེན་པོ་སྐྱེ་བཞིན་པ་དེས་ངོ་ཚ་བཞག་ཡོད་པའི་ལྟ་བ་འཛིན་གྱི་ཡོད།” ཁྱེད་ཀྱི་སྐད་ཆ་འདི་བདེན་མིན་ང་ཚོས་མཉམ་དུ་ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༥ ཉིན། ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་འཇར་མུ་ནའི་ཧྤེ་རན་ཁེ་ཧྤེ་ཌེའི་ནང་གསར་འགོད་པ་ཚོར་གནང་བའི་བཀའ་སློབ་དུམ་བུ་ཞིག་དང་དེའི་བརྒྱུད་རིམ་གྱི་གསར་འགྱུར་ཞིག་ལ་བལྟ་བར་བྱ།
“བཙན་བྱོལ་བོད་མིའི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མས་(ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༥)རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་ནང་ས་ཡོམ་གྱི་གནོད་འཚེའི་འོག་ཉུང་མཐར་རྒྱ་མི་ཁྲི་གཉིས་ཙམ་འདས་གྲོངས་སོང་བ་དག་གི་ཆེད་དུ་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་ཞུས་ཡོད་པའི་བཀའ་སློབ་གནང་སོང་།
ཁོང་འཇར་མུ་ནའི་ཧྤེ་རན་ཁེ་ཧྤེ་ཌེའི་ནང་ཉིན་ལྔའི་རིང་གཟིགས་སྐོར་དུ་ཆིབས་སྒྱུར་བསྐྱངས་ཤིང་། དེ་ནི་ཕྱི་ཟླ་ ༣ པའི་ནང་བོད་ནང་རྒྱ་ནག་སྲིད་གཞུང་གིས་བོད་མི་ཁྱོན་ཆེ་འཇུ་བཟུང་བཀག་ཉར་དང་བསད་རྨས་ཚབས་ཆེ་བཏང་བ་མ་ཟད། རྒྱ་ནག་སྲིད་གཞུང་གིས། ྋགོང་ས་ཏཱ་ལའི་བླ་མར་ཡར་ལངས་ཞི་རྒོལ་དེར་འགན་ཁྱེར་དགོས་ཚུལ་གྱིས་ཉེས་མེད་སྐྱོན་འཛུགས་བྱས་པའི་རྗེས་སུ་ཡོ་རོབ་ནང་ཕེབས་པ་ཐོག་མ་དེ་ཆགས་ཡོད། ཁོང་གནམ་གྲུ་ལས་བབས་མ་ཐག་གསར་འགོད་ལྷན་ཚོགས་སར་དགོངས་པ་ཙམ་ཡང་མ་བཞེས་པར་ཐད་ཀར་གསུངས་དོན་“ས་ཡོམ་གྱི་གནོད་འཚེའི་འོག་འདས་གྲོངས་སུ་སོང་བའི་རྒྱ་རིགས་སྤུན་ཟླ་དེ་དག་ཀྱང་ང་ཚོ་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན་པ་མ་ཟད། སྡུག་བསྔལ་ཡོད་པ་ཡང་གཅིག་མཚུངས་རེད། ས་ཡོམ་བརྒྱབ་པའི་ཡིད་སྐྱོའི་གནས་ཚུལ་དེ་དག་ང་ཚོས་རྡ་རམ་ས་ལར་གོ་ཐོས་བྱུང་ལ། སྐབས་དེ་དུས་བརྒྱབ་པའི་པར་ཡང་མཐོང་བྱུང་བས་ཧ་ཅང་གི་བློ་ཕམ་བྱུང་། དེར་བརྟེན་དེ་རིང་དང་སང་ཉིན་གང་རུང་ཞིག་ལ་ཡིན་པ་ཡོད། ང་ཚོས་རྡ་རམ་ས་ལར་འདས་གྲོངས་སོང་བའི་རྒྱ་རིགས་སྤུན་ཟླ་དེ་དག་གི་ཆེད་དུ་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་ཞུས་ཡོད་”ཅེས་གསུངས་སོང་།” ༡༠
འདི་ནི་ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༦ ཉིན་ཐོན་པའི་སྐབས་དེའི་གསར་འགྱུར་ཞིག་རེད་ལ། ད་དུང་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་“རྐྱེན་ངན་གོད་ཆགས་ཀྱི་འོག་སྡུག་བསྔལ་གྱིས་མནར་བ་ཚོ་དང་ངོ་ཐུག་གིས་སྡུག་བསྔལ་མཉམ་མྱོང་དང་སྨོན་ལམ་རེ་འདེབས་ཐུབ་ན་སྙམ་པའི་རེ་བས་དེ་སྔོན་ཟི་ཁྲོན་དུ་གོད་ཆགས་བྱུང་སྐབས་འགྲོ་འདོད་བྱུང་ཡང་ཐབས་ཤེས་བྲལ” ༡༡ འདི་ནི་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒ་སྐྱེ་རྒུ་མདོའི་ས་ཡོམ་སྐབས་སུ་གསར་འགོད་གསལ་བསྒྲགས་སྐབས་གནང་བའི་བཀའ་སློབ་དུམ་བུ་ཞིག་རེད། འདི་དང་འཇར་མན་དུ་གནང་བའི་བཀའ་སློབ་དེ་ལས་ང་ཚོས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཅི་ཡང་མ་གསུངས་པ་དང་དགྱེས་ཚོར་ཆེན་པོ་སྐྱེས་ཡོད་མེད་གསལ་པོ་མཐོང་གི་འདུག སྙུག་ཐོགས་པའི་སྐད་ཆ་དེ་ལྟར་བཤད་པ་ནི་བསམ་གཟས་ནས་རྒྱ་ནག་མི་མང་དང་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་བར་འགལ་བ་བཟོ་ཐབས་ཀྱི་གཡོ་གཏམ་ཁོ་ན་ཡིན་པས། དེ་ལ་བདེན་པའི་ཆ་ཙམ་ཡང་མེད་པ་དང་། ད་དུང་དེར་མཐུད་ནས་ངོ་ཚ་མེད་པའི་སྐད་ཆ་གཞན་ཞིག་བཤད་པ་ནི། “མཚོ་སྔོན་ཡུལ་ཤུལ་ས་ཡོམ་སྐོར་ལ་ཏཱ་ལའི་ཡིས་ཆོས་འགའ་བཏོན་པ་ཕུད། སྒོར་གཅིག་གིས་ཀྱང་རོགས་སྐྱོར་བྱས་མེད་ལ། ཀྲུང་དབྱང་སྲིད་གཞུང་གི་དངུལ་ཕོན་ཆེན་པོས་རོགས་སྐྱོར་བྱས་པར་བརྟེན་བོད་རིགས་སྤུན་ཟླས་ད་གཟོད་ཁྱིམ་གཞིས་བསྐྱར་བསྐྲུན་བྱེད་ཐུབ་པ་བྱུང་།” ཡོད་ཚུལ་བཤད་པ་དེ་ཡང་བདེན་པ་རྩ་བ་ནས་མིན། “ད་རེས་ས་འགུལ་གྱི་གོད་ཆགས་བྱུང་སའི་ས་ཁུལ་མཚོ་སྔོན་ཞིང་ཆེན་ནི་ངོས་དང་པཎ་ཆེན་སྐུ་གོང་མ་གཉིས་ཀའི་སྐྱེས་ཡུལ་ཡིན་སྟབས། ངོས་རང་ངོ་བསྐྱོད་ཀྱིས་མང་ཚོགས་ཀྱི་རེ་འདོད་བསྐངས་ཏེ་སེམས་གསོ་བྱ་རྒྱུའི་འདུན་པ་ཤིན་ཏུ་ཆེ། མཐའ་དོན་རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་ཡོངས་ལ་ཉེན་སྐྱོབ་རོགས་རམ་ས་གནས་ས་ཐོག་ཏུ་ཡོང་བའི་རེ་སྐུལ་” གནང་བར་མ་ཟད། སྐྱེ་རྒུ་མདོར་ས་གཡོའི་གོད་ཆགས་བྱུང་བར་སྩལ་བའི་སེམས་གསོའི་གསུང་འཕྲིན་ནང་དུ་ “ང་རང་གི་ངོས་ནས་ཀྱང་ཕན་གྲོགས་ཇི་ལྟར་བྱ་རྒྱུ་ཡོད་པ་རྣམས་གང་ཐུབ་ཐབས་ཤེས་འབད་བརྩོན་བྱ་རྒྱུ་ཡིན། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ལ༎” ༡༢
འོན་ཀྱང་རྒྱ་ནག་གཞུང་ཕྱོགས་ནས། ྋགོང་ས་མཆོག་གིས་ཐུགས་རེ་གནང་བ་དེར་ཡ་ལན་གཏན་ནས་གནང་མེད་སྟབས། ཁོང་གི་ཐུགས་དགོངས་ཅི་བཞིན་བསྒྲུབས་ཐུབ་མེད་པ་དང་། བདག་གིས་བལྟས་ན་དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ཕྱོགས་ལ་ཡོད་པ་ལས། ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་གཏན་ནས་མེད། ད་ལྟ་སྐྱེ་རྒུ་མདོའི་མི་མང་ལ་སྡོད་ཁང་ག་འདྲ་བརྒྱབ་ཡོད་མེད་ང་ཚོས་བརྒྱུད་ལམ་ཁག་ནས་གསལ་པོ་ཤེས་ཀྱི་འདུག གཞན་ནས་འབྱོར་བའི་རོགས་རམ་གྱི་དངུལ་སོགས་ས་གནས་མང་ཚོགས་ཀྱི་ལག་ཏུ་མ་བབས་པར་བརྟེན། ན་ནིང་མང་ཚོགས་ཀྱིས་འཕྲེད་དར་འཕྱར་ནས་ངོ་རྒོལ་བྱས་ཡོད་པ་དང་། ཉིན་ཤས་སྔོན་ཏེ། “ཟླ་ ༤ ཚེས་ ༡༠ ཉིན་སྐྱེ་རྒུ་མདོར་མང་ཚོགས་སྡོད་ཁང་ཆེད་གསར་རྒྱག་བྱེད་བཞིན་པའི་ཐོག་བརྩེགས་གསུམ་ཅན་གྱི་ཁང་པ་ཞིག་རྡིབ་སྐྱོན་བྱུང་སྟེ་ཉུང་མཐར་རྒྱ་རིགས་ལས་མི་གྲངས་ལྔ་ཙམ་ལ་འཆི་སྐྱོན་བྱུང་བའི་གནས་ཚུལ་བྱུང་ཐོན་འདུག་ཀྱང། ས་གནས་འབྲེལ་ཡོད་ཚན་པས་གནས་ཚུལ་དེ་ཕྱི་ཕྱོགས་སུ་བརྒྱུད་བསྒྲགས་བྱེད་མི་ཆོག་པའི་བཀག་འགོག་བྱས་འདུག” པ་མི་ཚང་མས་མཁྱེན་གསལ་རེད། ༡༣ ང་ཚོ་ལུས་པོ་ཐག་རིང་དུ་ཡོད་ཀྱང་སེམས་པ་ནམ་ཡང་སྐྱེ་རྒུ་མདོའི་མི་མང་དང་མཉམ་དུ་ཡོད་པས། ཁྱེད་ཅག་གིས་མི་མང་ལ་སྡོད་ཁང་ག་འདྲ་རྒྱག་གི་ཡོད་མེད་གསལ་པོ་ཤེས་རྟོགས་ཐུབ་ཀྱི་འདུག དངོས་གནས་འགྲོ་བ་མི་རྣམས་ཤ་སྐྱི་འདར་དགོས་པའི་ཁྱོད་ཀྱི་འཁྱོག་བཤད་འདི་སྐབས་དེའི་དངོས་ཡོད་གནས་ཚུལ་རྣམས་ཡིག་ཚོགས་མ་འཛེམས་པར་ཧེ་བག་སྤུ་ཙམ་ཡང་མེད་པའི་ལུང་འདྲེན་གྱིས་གསེད་བཀྲོལ་མཐིལ་ཕྱིན་བྱས་པ་འདིས་སུས་རྫུན་བཤད་ཡོད་པ་དང་སུས་བདེན་པ་བཤད་ཡོད་པ་ནི་བློ་མིག་ཤིན་ཏུ་གསལ་ཞིང་དྲང་བདེན་ལ་དགའ་བའི་རྒྱ་མི་རིགས་དང་བོད་མི་རིགས་ཀྱིས་ཤན་འབྱེད་གནང་ཐུབ་རྒྱུར་བདག་ལ་ཡིད་ཆེས་ཧ་ཅང་བརྟན་པོ་ཡོད།
ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༢ ཉིན་རྒྱ་ནག་ཟི་ཁྲོན་ས་ཡོམ་གྱི་གོད་ཆགས་ལ་གདུང་སེམས་མཉམ་བསྐྱེད་ཆེད། ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༤ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག ྋགོང་ས་ཏཱ་ལའི་བླ་མ་མཆོག་དབུ་བཞུགས་ཀྱིས་སེར་སྐྱ་མང་ཚོགས་སྟོང་ཕྲག་མང་པོས་བསྔོ་སྨོན་གསོལ་འདེབས་གཞི་རྒྱ་ཆེན་པོ་གནང་སྐབས། བཙན་བྱོལ་གཞུང་གི་སྲི་ཞུའི་ལས་ཀྱི་སྣེ་མོར་གཏོགས་པ་ཚང་མ་མཉམ་ཞུགས་གནང་ཡོད། ཁྱེད་ཀྱི་སྐད་ཆ་དང་སྐབས་དེའི་དོན་དངོས་གནས་ཚུལ་ཚང་མ་སྦ་གསང་མེད་པར་ཕྱི་གསལ་ནང་གསལ་གྱིས་བཤམས་པ་འདི་བདག་གིས་བློ་མིག་ཤིན་ཏུ་གསལ་པོ་ཡོད་ཅིང་རླབས་ཆེ་བའི་རྒྱ་མི་རིགས་ཚོས་དོན་དངོས་ཀྱི་གནས་ཚུལ་ཤེས་རྟོག་བྱེད་པའི་ཐོབ་ཐང་ལ་ཧ་ཅང་གུས་ཞབས་དང་གཙི་བཀུར་ཡོད་པའི་ཐོག་ནས་དྲོད་མ་ཡལ་བའི་སྐབས་དེའི་ཚ་སོབ་སོབ་ཀྱི་གནས་ཚུལ་འདི་བོད་རྒྱའི་མི་རིགས་ལ་འབུལ་རྒྱུར་འབད་བརྩོད་བྱས་པ་ཡིན། ད་དུང་སྐབས་དེར། ྋགོང་ས་ཏཱ་ལའི་བླ་མ་མཆོག་སྐུ་དངོས་ཀྱིས་སི་ཁྲོན་ས་ཡོམ་གྱི་གོད་ཆགས་ཕོག་པའི་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཆེད་དངོས་སུ་ས་གནས་དེར་ཕེབས་འདོད་ཡོད་པའི་ཐུགས་རེ་ཧ་ཅང་ཆེན་པོ་གནང་ནས་དེའི་སྐོར་ལན་མང་པོ་གསུངས་མྱོང་ཡང་རྒྱ་ནག་གཞུང་གིས་ཨ་ལན་བརྡ་ལན་གཅིག་ཀྱང་བྱས་མེད།
ད་དུང་བྱུས་ཏོག་ཧ་ཅང་ཚ་བའི་ཁྱེད་ཀྱི་ཁ་བདག་མེད་དེ་ནོ་བྷེལ་ཞི་བདེ་གཟེངས་བསྟོད་ཀྱི་བྱ་དགའི་རྟགས་མའི་སྟེང་ལ་ཡང་བསྲིངས་བྱུང་བར་བརྟེན་ངས་ཀྱང་ནོ་བྷེལ་གཟེངས་བསྟོད་ཀྱི་བྱ་དགའི་སྐོར་ལ་ད་ལྟ་འཛམ་གླིང་སྟེང་གི་སྙན་གྲགས་ཅན་དང་གཙི་འཇོག་ཡོད་སའི་མི་ཞིག་གི་སྐད་ཆ་ཞིག་དྲན་གསོས་བྱུང་། ཁོང་གིས་མི་ལ་ལའི་མི་ཚེ་ལ་ནོ་བྷེལ་གཟེངས་བསྟོད་ཀྱི་བྱ་དགའི་རྟགས་མས་འོད་མདངས་དང་སྙན་གྲགས་རྒྱུས་སུ་བཅུག་པ་དང་། མི་ལ་ལས་ནོ་བྷེལ་ཞི་བདེ་གཟེངས་བསྟོད་ཀྱི་བྱ་དགའི་རྟགས་མར་གཟི་བརྗིད་དང་འོད་ཟེར་བསྣན་ཡོད་ཅེས་བཤད་ནས། ྋགོང་ས་ཏཱ་ལའི་བླ་མ་མཆོག་ནི་ཞི་བདེ་གཟེངས་བསྟོད་ཀྱི་བྱ་དགའི་རྟགས་མར་གཟི་བརྗིད་དང་འོན་ཟེར་སྣོན་མཁན་དེ་ཡིན་པའི་སྡོམ་ཚིགས་གཞོམ་གཞིག་མེད་པ་ཞིག་གནང་ཡོད་པས། ངས་ཁྱེད་ལ་འདིའི་ཕན་ལ་སྤྲོས་པའི་སྐད་ཆ་ཅི་ཡང་བཤད་རྒྱུ་མིན།
“དྲ་དམངས་རྣམས་ཀྱིས་ཁྱེད་རང་གླེང་མི་འདོད་པའི་རྒྱུ་མཚན་ཅི།”ཟེར་ནས་རྐུན་རྒྱབ་ཇག་ལང་བྱེད་དུ་འཇུག་རྩིས་འདི་ལ་ངས་རྒྱ་ནག་སྐམ་ས་ཆེན་པོའི་མི་མང་སྟོང་ཕྲག་མང་པོ་རྒྱ་གར་དུ་ཡོང་ནས། ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་ཁ་དང་། གསུང་ཆོས་ཞུས་དང་ཞུ་མུས་དེ་དག་ཀུན་གྱི་མིག་ལམ་དུ་ཁྲ་ཆིལ་ལེར་བསྟན་ནས་ཁྱེད་ཀྱི་སྐད་ཆ་དེ་དག་རྫུན་ཡིན་པའི་སྒྲུབ་བྱེད་དུ་འགོད་རྒྱུ་མིན། ཁྱེད་ཀྱིས་ཡིན་མདོག་ཁ་བོས་བཤད་པའི་སྐད་ཆ་འདི་ལས་དགོད་བྲོ་བ་ཞིག་གང་ན་ཡོད་དམ། ཁྱེད་ཀྱིས་རང་ཉིད་ནི་འཛམ་གླིང་སྟེང་ཆེས་སྤྱང་གྲུང་དོད་ཤོས་ཀྱི་མི་དེ་ཡིན་བསམ་ཡོད་པ་འདྲ་ཡང་། ད་ལྟ་ནི་འཛམ་གླིང་གི་མི་ཚང་མས་གུང་ཁྲན་ཏང་གི་གནམ་འོག་ན་དྲ་དམངས་ལ་རང་དབང་ཡོད་མེད་གསལ་པོ་ཤེས་ཡོད་པས་ངས་བལྟས་ན་ཁྱེད་ཀྱིས་འདི་ནས་ད་ལྟ་རྫིག་ཉམས་དང་ཡིན་མདོག་སྟོན་རྒྱུ་འདི་ཕྱིས་དྲགས་པ་རེད་སྙམ། ཁྱེད་ཀྱིས་བཤད་པའི་དྲ་དམངས་ཟེར་བ་དེ་ “ཟུར་ལྔ་ཚོགས་པ་”ལ་ཟེར་བ་ཡིན་ན། རྒྱལ་སྤྱི་ལྟ་ཅི། རྒྱ་ནག་ནང་ལོག་གི་མི་ཚོས་ཀྱང་འཕྱ་སྨོད་བྱེད་སའི་རུལ་བསུངས་ཀྱི་རུ་ཚོགས་ཤིག་ཡིན་སྟབས། ད་ལྟ་མི་ལ་ལས་ཁོ་ཚོར་མངན་བགྲང་ནས་ཏང་གི་རྒྱུག་ཁྱི་ཞེས་འབོད་ཀྱིན་ཡོད། འོན་ཀྱང་ངས་འདི་ནས་ང་རང་གི་མྱོང་བ་གཞི་ལ་བཞག་ནས་ཁྱེད་ལ་སྐད་ཆ་ཚིག་གཅིག་བཤད་ན། ཆུ་ཚོད་ཁོམ་དུས་ངས་ཁེའུ་ཁེའུ་བརྒྱུད་ནས་རྒྱ་ནག་སྐམ་སའི་མི་དམངས་ཚོར་གླེང་མོལ་བྱས་པ་ཡིན། ཕྱི་ལོ་ ༢༠༠༨ བརྒྱད་ཀྱི་ལོར་རྒྱ་ནག་གཞུང་གིས་ཧ་ལས་པའི་འཁྱོག་བཤད་ཀྱིས་སོ་སོའི་མི་མང་རྣམས་ཤི་མི་ཤི་མགོ་སྐོར་བཏང་ཡོད་པར་བརྟེན། ལོ་དེའི་གཡས་གཡོན་ལ། ྋ གོང་ས་ཏཱ་ལའི་བླ་མའི་སྐོར་ནས་སྐད་ཆ་བཤད་ཚེ་ཁོང་ཚོས་ྋགོང་ས་མཆོག་ལ་ཁ་བྲལ་རིང་ལུགས་པ་ཟེར་ནས་ཁ་རྡུང་གཏོང་གི་འདུག་ནའང་། དེང་སང་ནི་ལོ་ངོ་བཞིའི་གོང་གི་གནས་ཚུལ་དང་རྦད་དེ་མི་འདྲ་བའི་འགྱུར་བ་ཧ་ཅང་ཆེན་པོ་སོང་ཡོད། རྒྱུ་མཚན་གང་ཡིན་ཞེ་ན། བདག་གིས་ཁོང་ཚོ་ལ་ྋགོང་ས་ཏཱ་ལའི་བླ་མའི་སྐོར་ལ་ལྟ་ཚུལ་ཅི་ཡོད་ཀྱི་སྐད་ཆ་དྲིས་ཚེ་ཁོང་ཚོས་ཁ་གཅིག་གྲག་གིས། ྋགོང་ས་ཏཱ་ལའི་བླ་མ་མཆོག་ནི་རྒྱ་ནག་གཞུང་གིས་བཤད་པ་ལྟར་མ་ཡིན་པར་མི་བཟང་པོ་ཞིག་རེད་ཅེས་ངོས་འཛིན་གཅིག་གྱུར་གནང་གི་འདུག བདག་གིས་གླེང་མོལ་བྱེད་སའི་ཁོངས་སུ་མི་དམངས་དཀྱུས་མ་དང། མཐོ་འབྲིང་དང་སློབ་ཆེན་གྱི་སློབ་མ་སོགས་བསྡུས་ཡོད། དེར་བརྟེན་ཁྱེད་ཀྱིས་དྲ་དམངས་མི་ཉུང་བས་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་ངོ་རྒོལ་བྱེད་ཀྱིན་ཡོད་ཅེས་པའི་སྐད་ཆ་དེ་བདེན་པ་ཡིན་ཡང་། ངོ་རྒོལ་བྱེད་མཁན་དེ་ཚོས་རྒྱ་ནག་གི་བདེན་སྐྱོང་དྲ་དམངས་རྣམས་དུས་ནམ་ཡང་མཚོན་མི་ཐུབ་པ་འདི་ཁྱེད་ཀྱིས་གསལ་པོ་ཤེས་དགོས་པ་ཞིག་ཡིན། ཁྱེད་ཀྱིས་“དྲ་དམངས་རྣམས་ཀྱི་སྐད་སྒྲས་དམངས་ཀྱི་སེམས་འདུན་མཚོན་”ཟེར་བའི་སྐད་ཆ་འདི་བདེན་པ་ཡིན་ཡང་། ཁྱེད་ཀྱིས་བཤད་པའི་ “ཟུར་ལྔ་ཚོགས་པ་”ལ་ད་དུང་དྲ་དམངས་ཀྱི་སེམས་འདུན་མཚོན་པར་མི་ཆོས་ཀུན་སྤྱོད་ཀྱི་ཐོག་ནས་ལྡང་གི་མེད་པ་རེད། ཁོང་ཚོའི་ལག་ཏུ་ཟུར་ལྔ་བབས་ཚེ་སྡིག་པ་མིག་བཙུམས་ཀྱིས་དྲང་བདེན་དང་འགྲོ་བ་མིའི་ཀུན་སྤྱོད་ཀྱི་འོས་འགན་མཐའ་དག་ལ་རྒྱབ་འགལ་བྱེད་ཀྱིན་ཡོད་པས། ཁོང་ཚོ་ལྟ་བུས་རྒྱ་ནག་གི་བདེན་སྐྱོང་དྲ་དམངས་ཀྱི་སེམས་འདུན་མཚོན་ཐུབ་ཚུལ་བཤད་ཚེ། རྒྱ་ནག་གི་བདེན་སྐྱོང་མི་མང་ལ་དེ་བས་དམའ་འབེབ་བྱེད་སྟངས་ཤིག་དང་། དེ་བས་མཐོང་ཆུང་བྱེད་སྟངས་ཤིག་གང་ན་ཡོད་དམ། ད་དུང་ཁོང་གིས་“སྨྱུག་ཐོགས་པ་ངའང་དྲ་དམངས་ཤིག་ཡིན་ལ། ངས་འདིར་འདྲི་འདོད་པ་ནི་དྲ་དམངས་རྣམས་ཀྱིས་ཁོ་རང་གླེང་མི་འདོད་པའི་རྒྱུ་རྐྱེན་ཤེས་ཀྱི་ཡོད་དམ།” ཟེར། ཧ་ཧ། ཨ་ཅང་ཅང་། དེ་ནི་གོང་དུ་བཤད་མ་ཐག་གི་ཟུར་ལྔ་ལ་བརྟེན་ནས་མ་ཡིན་ནམ། བཤད་པ་ནོངས་ཐོག་ཏུ་ཁེལ་བར་ཁོང་ཁྲོ་མ་ལང་རོགས་ཞུ་བ་ཡིན།
ཁྱེད་ཀྱིས་གང་ཞིག་ནས་འདིར་དྲུད་ཡོང་བའི་ “ཟུར་ལྔའི་ཚོགས་པ” འི་ “དྲ་དམངས་ཤིག་གིས་བྲིས་པའི་ཚིག་དུམ་” དེ་ལ་ངས་བལྟས་ཟིན། ཁྱེད་ཀྱིས་དཀའ་ལས་བརྒྱབ་ནས་བྲིས་པའི་དྲི་བ་བདུན་པོའི་མགོ་ནས་མཇུག་བར་བཤད་བཤད་པོ་ཚང་མ་དྲ་དམངས་དེའི་སྐད་ཆས་ཆུ་ནང་ལ་ཕྱེན་བཏང་བ་ལྟར་བཟོས་འདུག་པས། དེ་ནི་དངོས་གནས་ཕངས་པ་ཞིག་རེད། ཁྱེད་ཀྱིས་ནུས་པ་ཡོད་ཚད་བཏོན་ནས་འཕག་འཚག་བརྒྱབ་པའི་གྲུབ་འབྲས་སུ་ཡིག་འབྲུ་སུམ་སྟོང་དགུ་བརྒྱ་ཅན་གྱི་རྩོམ་ཁྱོག་འདི་དེ་ལྟར་དྲ་དམངས་དེའི་སྐད་ཆ་ཚིག་གཅིག་གིས་ཐལ་བའི་རྡུལ་དུ་བརླགས་པར་མ་ཟད། དྲ་དམངས་དེས་འགྲོ་བ་མིའི་རིགས་ཀྱི་རང་དབང་གི་མཚོན་རྟགས་སུ་བརྩི་བའི་རང་དབང་ལྷ་མོ་ལ་འདྲེ་མོ་ཟེར་ནས་དམའ་འབེབ་སྟངས་ལ་བལྟས་ན། རྒྱ་ནག་ནི་འཛམ་གླིང་སྟེང་དུས་རབས་གསར་པའི་བཀས་བཀོད་རྒྱུད་འཛིན་དང་སྒེར་གཅོད་པ་གསར་པ་ཞིག་ཏུ་གྱུར་བའི་དཔང་རྟགས་ཤིག་མི་རྣམས་ཀྱི་མིག་ལམ་དུ་བསྟན་དགོས་ཚེ། ཁྱེད་ཀྱིས་ལུང་འདྲེན་བྱས་པའི་དྲ་དམངས་དེའི་སྐད་ཆ་འདི་ལས་ཁུངས་བཙན་གྱི་དཔང་རྟགས་ཤིག་གང་ནས་རྙེད་དམ།
བདག་གིས་ཁྱེད་ལ་འདི་ལྟར་ལན་བཏབ་པའི་རྒྱུ་མཚན་ནི་རྒྱ་ནག་མི་མང་གིས་སྔར་ལས་ལྷག་པའི་བོད་ཀྱི་གནད་དོན་འདི་གསལ་རྟོགས་ཡོང་ཕྱིར་དང་། ྋགོང་ས་མཆོག་སྐུ་དངོས་ཀྱི་ཐུགས་དགོངས་ངོ་ཐོག་ཅི་བཞིན་གསལ་རྟོགས་གཏིང་ཟབ་ཡོང་བའི་ཆེད་དུ་ཡིན། ང་ཚོ་བོད་པ་ལ་འདི་འདྲའི་གཏམ་དཔེ་ཞིག་ཡོད་དེ། “སངས་རྒྱས་ལ་ཉེ་རིང་མེད་ཀྱང་། ཀུན་དགའ་བོ་རང་ཕྱོགས།”ཟེར་བ་ལྟར་རྒྱ་ནག་གི་བདེན་སྐྱོང་དྲ་དམངས་ནི་དུས་ནམ་ཡང་དྲང་བདེན་གྱི་ཕྱོགས་སུ་བློ་སྟོབས་ཆེན་པོས་བཞེངས་ཡོད་ཀྱང་། “ཟུར་ལྔ”འི་ཆེད་མི་ཆོས་ཀུན་སྤྱོད་ནི་འཕོངས་ཕྱིས་ཀྱི་གཙང་ཤོག་ལྟར་དོར་ནས་དྲང་བདེན་ནག་གསུབ་གཏོང་བའི་བགྱི་བ་ལྷུར་ལེན་གྱིས་ཆུ་ཚོད་ཉེར་བཞིའི་རིང་དྲ་ཐོག་ན་གཞི་བདག་འདུར་འདུར་གྱིས་ཁོམ་ལོང་བྲལ་བའི་སྐུ་ཉིད་ཐེ་བའི་ “ཟུར་ལྔ་ཚོགས་པ”འི་ཚོགས་མི་ཚོས་དྲ་ཐོག་ཏུ་སྤུང་བཞིན་པའི་ཁྱིམ་ཕྱགས་ལྟ་བུའི་སྐད་ཆ་དེ་ཚོར། ཡིད་ཆེས་བྱེད་མཁན་སུ་ཡང་མེད་པ་ཤེས་བཞིན་དུ། ད་དུང་ཨུ་ཚུགས་དང་འུར་གྱིས་སྒྲོག་པ་འདི་ལས་དགོད་བྲོ་བ་ཞིག་གང་ན་ཡོད་དམ། ངས་འདི་ནས་སྙུག་ཐོགས་པ་ཐེ་བའི་ “ཟུར་ལྔ་ཚོགས་པ”འི་དྲ་དམངས་ཚོ་ལ་བཀའ་འདྲི་ཞུ་རྒྱུར། ཁྱེད་ཚོ་རང་ཉིད་ཀྱང་རང་ཉིད་ཀྱི་སྐད་ཆ་འདི་ལ་ཡིད་ཆེས་ཡོད་དམ།
ཟུར་ལྟ།
༡ http:/bod.asia./2012/02
༢ <<བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས།>> ཤོག་ངོས་ ༡༡༦
༣ <<བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས།>> ཤོག་ངོས་ ༡༡༦
༤ <<བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས།>> ཤོག་ངོས་ ༡༠༥ ནས ༡༠༦ བར།
༥ http:/bod.asia/2011/11
༦ http://www.gyalwarinpoche.com/newsdetail.php?recordID=111
༧ http://www.gyalwarinpoche.com/newsdetail.php?recordID=126
༨ http://www.gyalwarinpoche.com/newsdetail.php?recordID=107
༩ http://bod.asia/2009/11
༡༠ http://www.dalailama.com/news/post/224-dalai-lama-in-germany-sad-about-china-quake
༡༡ http://www.gyalwarinpoche.com/newsdetail.php?recordID=27
༡༢http://www.gyalwarinpoche.com/newsdetail.php?recordID=24
༡༣ http://bod.asia/2012/04
ཡག་པོ་བྲིས་འདུག། དགའ་བསུ་ཡོད
ཨ་མའི་བུ་ཟེར་ནོ་ཨ་ཁུ་ཤེར་རབ་ཁྱེད་རེད་འདུག རྫུན་བཤད་མཁན་གྱི་རྫུན་རྐུབ་མ་རྡོལ་ན་རྫུན་བཤད་མཁན་དེའི་རང་ཉིད་བདེན་པར་རློམ་སྟེ་ཧམ་པ་ཅེ་ཆེ་སོང་ནས་དེ་བས་ཀྱང་རྫུན་བཤད་ངེས་ཡིན་པས་ཁྱེད་ཀྱིས་ཁོའི་རྫུན་རྐུབ་རྡོལ་བའི་དཔྱད་རྩམ་དེ་ལ་རིན་ཐང་ཧ་ཅང་ཆེན་པོ་འདུག
ཨ་མའི་བུ་ཟེར་ནོ་ཨ་ཁུ་ཤེས་རབ་ཁྱེད་རེད་འདུག རྫུན་བཤད་མཁན་གྱི་རྫུན་རྐུབ་མ་རྡོལ་ན་རྫུན་བཤད་མཁན་དེའི་རང་ཉིད་བདེན་པར་རློམ་སྟེ་ཧམ་པ་ཅེ་ཆེ་སོང་ནས་དེ་བས་ཀྱང་རྫུན་བཤད་ངེས་ཡིན་པས་ཁྱེད་ཀྱིས་ཁོའི་རྫུན་རྐུབ་རྡོལ་བའི་དཔྱད་རྩམ་དེ་ལ་རིན་ཐང་ཧ་ཅང་ཆེན་པོ་འདུག
བཀླགས་བཞག་་་ངོ་མར་ཁ་གཏད་གཅོག་དགོས་ངེས་ཤིག་ཏུ་གྱུར་ཡོད་པས་ན་་་་ཉིད་ལ་ཐུགས་རྗེ་ཡོད་་་
ངར་བ་ཞིག་གི་ཚུགས་ཀ་མེད་ཀི་ན་ཡུམ། ངའི་འཛིན་གྲོགས་དཔེ་མེད་པོ།
རྗེས་ནས་ཀློག་གི་ཡིན།་ཧ་ཅང་མང་པར་བརྟེན་དེ་རིང་ཀློག་ཁོམ་མ་ཡོད་ཐལ
ཐུགས་རྗེ་ཆེ། ཞིབ་ཀློག་ཅིག་མ་ཐུབ་ཐལ། ཁོམ་པ་ཡོད་དུས་ཤིག་ལ་ཞིབ་ཀློག་བྱེད་ངེས་ཡིན། ངའི་རེ་བ་ལ་འདི་ཡིག་རིགས་གཞན་གྱི་ཐོག་འགོད་ཐུབ་ན་དགེ་མཚན་ཆེ་བར་སྣང་། འདི་ལྟ་བུའི་དཔྱད་རྩོམ་བྲིས་ན་ཀློག་པ་པོ་དག་གི་སྤྱན་སྔར་ཁུངས་གསལ་བོ་སྟོན་རྒྱུ་གལ་ཆེ།
ཨ་ཁུ་ཤེར་རྒྱམ་ཚང་ནས་རྩོམ་པ་པོ་དག་གིས་སྨྱུག་ཁ་ནང་ཚགས་ཁོ་ན་ལས་འུ་ཚོའི་ཁ་གཏད་ངོ་མར་འཛུགས་དགོས་པའི་མིག་དཔེ་བཟང་པོ་ལན་དུ་མར་བཞག་པ་ལ་མེ་ཏོག་གི་ཕྲེང་བ་ཞིག་བབས་ཡོད།
ཆ་ཚང་ཞིག་ཀློག་ཁོམ་མ་ཡོད་ཐལ་་་་་ཁྱོད་ལ་རྫུན་ཕུག་གཏོར་བའི་སྙུག་རྩེ་ལྡན་གི་་་་ངོ་མས་རིན་ཐང་ཅན་གྱི་རྩོམ་ཡིག་བྲིས་གནང་འདུག་་་བཀའ་དྲིན་ཆེ་་་་ཨ་ཁུ་ལགས།
དེ་རིང་ཞིབ་ཀློག་ཅིག་བྱེད་མ་ཐུབ་མོད།་་་་རྗེས་ནས་དུས་ཚོད་སྟོང་པའམ་ཁོམ་པ་འདྲ་བྱུང་ན་དལ་གྱིས་ཀློག་གི་ཡིན།་་་་་བམ་ཀློག་ཁྲོད་ཀྱི་བསམ་ཚུལ་ཙམ་གླེང་ན་གནད་ལ་ཕིགས་ཤིང་།་་་བདེན་རྫུན་གྱི་དབྱེ་མཚམས་གསལ་བོར་ཕྱེས་ཏེ་རྫུན་གྱི་ཤོག་བུ་དགུ་བརྩེགས་དེ་བདེན་པའི་རིག་པའི་མདའ་མོས་རྩབ་ཧྲལ་བཏང་ནས་བདེན་པ་བྲལ་བའི་གཅེར་བུར་ཕུད་འདུག་་་་ཐུགས་རྗེ་ཆེ།་་་་རྗེས་ཕྱོགས་ཁྱོད་དང་ཁྱོད་འདྲ་བའི་སྨྱུག་ཐོགས་པ་ཚང་ནས་འདི་འདྲའི་རིག་པ་བརྡར་བའི་དྲང་བདེན་གྱི་སྐད་ཆ་རིང་མོ་ཡུན་ནས་ཡུན་དུ་གྲོལ་བར་ཞུ།
མི་སྐྱ་ ༢ ཀྱིས་རང་ལུས་མེར་བསྲེཊ།
འདོན་སྤེལ། ༢༠༡༢/༠༤/༡༩
དེ་རིང་རྔ་བ་ཁུལ་འཛམ་ཐང་བར་མ་ཡུལ་ཚོའི་མི་སྐྱ་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག
ད་ལྟ་རང་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དེ་རིང་ཕྱི་ཚེས་ ༡༩ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡ ཡས་མས་སུ་ཇོ་ནང་འཛམ་ཐང་དགོན་བསམ་འགྲུབ་ནོར་བུའི་གླིང་གི་ཉེ་འཁྲིས་སུ་འཛམ་ཐང་བར་མ་ཡུལ་ཚོའི་ཕ་དགེ་སྐོར་སྲུང་མཐར་དང་མ་པད་ནེ་གཉིས་ཀྱི་བུ། རང་ལོ་ ༢༠ ཡས་མས་ཡིན་པའི་ཆོས་འཕགས་སྐྱབས་ལགས་དང་། མ་སེམས་སྐྱེད་ཀྱི་བུ་རང་ལོ་ ༢༠ ཡས་མས་ཡིན་པའི་བསོད་ནམས་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག
ངོ་མ་དུས་སུ་བབ་པའི་ཆར་དང་གནད་ལ་ཕོག་པའི་ལན་རེད་འདུག ངས་རྗེ་ཆེ་ཞུ འདི་ལྟར་ང་ཚོས་འགན་རེ་ཁུར་ནས་བྱེད་པར་འཚལ།
ཞིབ་ཀློག་ཅིག་བྱས་པ་ཡིན།བདེན་པ་བདེན་སར་བསྐྱལ་འདུག་་ཐུགས་རྗེ་ཆེ།
རྩོམ་པ་པོ་ཐེ་ཤེར་ལགས།
ཉིད་ཀྱི་དྲི་ལན་རྩོམ་ཡིག་འདི་ཁོ་བོས་ལན་གསུམ་ཞིབ་མོར་བཀླགས་ཡིན། འདི་ནི་དངོས་གནས་དོན་གནད་གཙོར་བཟུང་བྱས་ཡོད་པའི་མ་ཚད་གནས་ལུགས་དྲང་བརྗོད་དང་། དཔྱད་ཞིབ་མཐིལ་ཕྱིན་གྱི་ཚད་ལྡན་རྩོམ་ཡིག་ཅིག་ཏུ་མཐོང་སོང་། ཨ་མའི་བུ། རིག་པའི་བུ། ཁྱེད་ནི་མིང་དོན་མཚུངས་པའི་སྙུག་འཛིན་པ་ཞིག་རེད་ཅེས་བརྗོད་འདོད་བྱུང་།
བཀླགས་ཟིན།
ཨ་རོགས་ཐེ་ཤེར། ཁྱོད་ལ་ངོ་མ་མི་རིགས་ཀྱི་ལ་རྒྱ་དང་། དྲང་བདེན་གྱི་སེམས་པ་ཞིག་ཡོད་པ། སྨྱུག་རྩེ་འགུལ་ཐེངས་གཅིག་གིས་ཤེས་སོང་།
ཐུགས་རྗེ་ཆེ། དུས་བསྟུན་རྩོམ་ཡིག་འདི་འདྲ་ངོ་མ་བཟང་།
དེ་ནི་རྩོམ་པ་པོའི་ལས་འགན་རེད།
སྤྱི་ཚོགས་ཀྱི་འགན་འཁྱེར་འདུག
ཨ་མའི་བུ་ཁྱོད་བཟང་།
བམ་བཀླགས་གཅིག་བྱས་པ་ཡིན་དཔེ་ཡག་པོ་མཐོང་སོང་འདི་འདྲའི་རིགས་ལ་ངེས་པར་བརྡ་ལན་ཡག་རེ་སྐྲད་དགོས་པས་གནད་ལ་ཁེལ་བ་སྙམ། ཐུགས་རྗེ་ཆེ་་་་་་
གནད་ལ་ཐེག་པ་དང་། དུས་སུ་སྨིན་པ། གཞན་དྲིང་མི་འཇོག་པ་ཞིག་བྲིས་འདུག་པས་དགའ་བསུ་ཞུ།
ཨ་མའི་བུ་ངོ་མ་ཁྱོད་འདྲ་བོ་ལ་ཟེར་གི་ཡོད་རེད། བཀའ་དྲིན་ཆེ།
གྲོགས་པོ་ཤེས་རབ་ལགས་ཀྱིས་ཡག་པོ་བྲིས་ཡོད་ཤག་རེད་འདི་འདྲ་ཞིག་དགོས་ནས་ཡོད་ཐལ། ཞིབ་ཀློག་བྱེད་རྒྱུའི་ཆུ་ཚོད་མ་བྱུང་། ཀློག་མཚམས་ལྟ་ཚུལ་གསར་པ་ཡོད་ན་བརྗོད་ཆོག
खून भी दे सकते हैं, जीवन भी दे सकते हैं,
हमारे देश कभी नहीं दे सकता.
ལོག་སྨྲ་ཚར་གཅོད་ལགས།་་་རབ་ཡིན་ན་དྲང་ངོས་འདིར་ཧིན་རྡུ་གཅིག་པུ་མ་བཀོད་པར་བོད་ཧིན་ཤན་སྦྱར་བྱས་ནས་བཀོད་པ་དགེ་མཚན་ཆེ་སྙམ།་་གང་ལ་ཟེར་ན་ང་དང་ང་འདྲ་བ་ཧིན་རྡུ་མི་ཤེས་མཁན་ཚོས་དེའི་དོན་ཅི་ཡིན་ཤེས་ཀྱི་མི་འདུག་པས་ཤན་སྦྱར་ཞིག་ཡོད་ན་བཟང་།
༡༩༽ ལོག་སྨྲ་ཚར་གཅོད་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༠ གི་ཆུ་ཚོད་ ༥ སྐར་མ་ ༡༢
खून भी दे सकते हैं, जीवन भी दे सकते हैं,
ཁྲག་ཀྱང་སྤྲད་ཐུབ་ལ། སྲོག་ཀྱང་གཏོང་ཐུབ་བགྱིད་རེད།
हमारे देश कभी नहीं दे सकता.
ང་ཚོའི་རྒྱལ་ཁབ་ནམ་ཡང་སྤྲད་ཐུབ་བགྱི་མ་རེད།
ལན་འདེབས་གནད་དུ་ཁེལ་བ་གནང་འདུག་པར་ཡི་རང་དང་། སྐུ་ཉིད་ཀྱི་དྲི་མེད་རྒྱལ་ཞེན་དང་ལྷག་བསམ་གྱིས་འདི་ལྟར་དུས་ནས་དུས་སུ་ལན་འདེབས་རྩོམ་འབྲི་གནང་བར་སྙིང་ནས་རྒྱབ་སྐྱོར་ཡོད། རེད་ཡ་་་་་དྲ་གྲོགས་ཚོ་་་་་་་ཐེ་བོ་ཤེར་རྒྱམ་ལྟ་བུའི་སྙུག་འཛིན་པ་དཔའ་བོ་ཁོང་ལྟ་བུ། བོད་མིའི་སྒྲིགས་འཛུགས་ཀྱི་ལན་འདེབས་ཚོགས་ཆུང་ནང་མེད་དུ་མི་རུང་བའི་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་གལ་ཆེན་ཞིག་ཏུ་འདོད་པས། འབྲེལ་ཡོད་རང་གཞུང་འདེམས་བསྐོ་ལྷན་ཁང་དང་བཀའ་ཤག་ནས་ཐུགས་སྣང་མཛད་རྒྱུ་གནག་ཐོག་གཙེགས་ཁེལ་ལྟ་བུའི་དུས་སུ་བབ་ཡོད་པར་སེམས།
གྲོགས་པོ་ཤེལ་རྒྱམ་ལགས་དངོས་གནས་ཡག་པོ་བྲིས་འདུག དགག་ལན་འདི་འདྲ་ཞིག་འབྲི་མཁན་དཀོན་པོ་རེད། བརྗོད་བྱེད་ཀྱི་ཚིག་གི་ཆ་ནས་བལྟས་ན་དམའ་འབེབ་དང་ཚིག་མཚོན་ཁོ་ན་གཙོར་འདོན་མ་བྱས་པར་ལྷོད་ཤ་ཅན་། དོན་གྱི་ཆ་ནས་གནད་ལ་འཁེལ་བ་ཞིག་བྱུང་འདུག་སྙམ། ད་དུང་འདི་འདྲ་བ་ཞིག་དེ་སྔོན་ཡེ་རྡོར་ལ་ཟེར་པར་ཡང་དགག་ལན་ཚ་བོ་ཞིག་བྲིས་པ་ཡང་མཐོང་བྱུང་། གྲོགས་པོ་བརྩོན་འགྲུས་ཅན་དངོས་གནས་དགའ་བོ་བྱུང་། རྩོམ་ཡིག་འདི་ཚོ་བཙན་བྱོལ་སྒྲིག་འཛུགས་ཀྱི་ལན་འདེབས་ཚོགས་ཆུང་ནང་བཏང་ན་ཕན་ནུས་ཆེ་བར་མཐོང་།
གོང་དུ་ལོག་སྨྲ་ཚར་གཅོད་ཀྱིས་རྒྱ་གར་ཡི་གེ་ཞིག་མཆན་གྱི་ནང་དུ་བཀོད་འདུག དེ་ག་རེ་ལ་དགོངས་པ་ཡིན་ནམ། ཁྱེད་ཀྱིས་རྒྱ་གར་ལ་མཁས་འདོགས་བསྟན་པ་མིན་ན་དྲ་ཚིག་འདི་བོད་ཡིག་གི་དྲ་ཚིག་ཡིན་པ་མཁྱེན་པར་མཛོད་ཅིག འདི་ལྟ་ཀློག་བྱེད་མཁན་ཡང་བོད་རིགས་རྐྱང་པ་རེད། དེས་ན་ཁྱེད་ཀྱིས་འདིའི་ནང་རྒྱ་གར་ཡི་གེ་ཐར་ཐོར་རེ་བཀོད་པར་དགའ་བསུ་ཞུས་ན་མི་འདོད་ཀི
བཀླགས་ཟིན་པ་ཡིན། རྗེས་སུ་དུམ་ཚན་རེ་དྲ་ཐོག་བཏང་ན་བཟང་བར་སྙམ།
སྐུ་ཞབས་ཤེར་རྒྱམ་ལགས་ཀྱིས་བསྔགས་བརྗོད་ཅིག་ལ་རེ་ནས་རྩོམ་ཡིག་བྲིས་པ་མིན་པ་ངས་གསལ་བོ་ཤེས་ཀྱང་།
ད་ཐེངས་ཁྱོད་ལ་བསྟོད་པའི་མཐེ་བོང་མི་སྒྲེང་མཁན་མེད་པ་འདི་དགའ་འོས་པའི་གྲུབ་འབྲས་ཤིག་ཡིན་ལ། ཕྱིན་ཆད་གཡུལ་ངོའི་དམག་དཔོན་ཞིག་གི་ཚུལ་བཟུང་སྟེ་རྫུན་ཚིག་གི་པགས་པ་དམར་བཤུ་བྱ་བའི་གཞེན་སྐུལ་དུ།
སྙིང་ཉེ་བའི་ཀློག་མཁན་རྣམ་པར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ།
༄༅།། ཨ་ཁུ་དཀོན་མཆོག་ཤེས་རབ་ཁྱེད་ཀྱི་དངོས་འབྲེལ་གནས་ལ་འཁེལ་བའི་དགག་ལན་ཚ་ཐག་ཆོད་ཅིག་བྲིས་འདུག ། མི་ལོ་ལྔ་བཅུ་ལྷག་གསོ་སྐྱོངས་བྱས་པའི་བོད་མི་ན་གཞོན་དབྱིན་ཡིག་མཁས་པ་ཚོའི་ལག་ནས་འདི་འདྲ་བའི་དགག་ལན་བརྒྱ་ཕྲག་ཐོན་དགོས་ངེས་ཀྱང་ད་སྐབས་བྱུང་མ་སོང་།
ཨ་ཁུ་དཀོན་མཆོག་ཁྱེད་ལ་ཐུགས་རྗེ་ཆེ་ཞུ།