བྲོ་འཚལ།
བྲང་གི་འགྲོ་ཚོས་མིད་པ་ཕྲ་ཡང་འཕུར་བའི་བྱིའུ་ཆུང་བཙན་གྱིས་མིད།།
འཁོར་ལོ་རྣ་ཡི་མགོ་བོ་བསྒུར་ནས་ཁམ་བུ་ཚི་གུ་སྐག་སྐག་ཟས།།
འདུ་བྲལ་འདི་ཡིས་རལ་གྲི་འཆང་ནས་ལྷན་འཛོམས་སྐུད་པ་ཐག་སེ་བཅད།།
ས་ཆེན་འདི་ལ་གོམ་པ་སྤོ་བ་སྙིང་བོ་ཅི་ཡང་དབེན་པ་འདྲ།།
སྟོད་ཀྱི་རྫ་རི་སྨུག་པས་བཟུང་སྟེ་ལྷན་འཛོམས་དེ་ལ་དྲན་ཤིང་འགོད།།
སྨད་ཀྱི་ཆུ་མོ་ཤང་ཤང་བཞུར་ཏེ་གྱེས་བྲལ་འདི་ལ་སྐྱེལ་མ་བྱས།།
བར་གྱི་སྤང་ཐང་གདན་དུ་བཏིང་སྟེ་སླར་འཛོམས་ཤིག་ལ་བསུ་བ་བྱ།།
གངས་རིའི་དཀར་པོའི་ཁ་བཏགས་ཤིག་གིས་འུ་གཉིས་བརྩེ་བར་དཔང་བོར་བྱེད།།
འདུ་བྲལ་འདི་ཡི་རྒྱུ་མའི་ཁུགས་ནས་ཕྱི་འདངས་ཕྱིར་མིག་འཕེན་པའི་དུས།།
སྐྱོ་བ་སྐྱེས་པའི་མིག་ཆུ་བཞུར་བ་སྨད་ཀྱི་མཚོ་མོ་བཞིན་དུ་འཁྱིལ།།
ཕམ་ཤིང་ཕམ་པའི་སེམས་པ་དཀར་པོ་གངས་རི་ལས་ཀྱང་དཔངས་མཐོ་བས།།
དྲན་ཤིང་ཡིག་རིས་འདི་རུ་བཀོད་ནས་སེམས་པ་གཙང་མ་མཚོན་པར་བྱེད།།
ཆུང་ཆུང་བྱིས་པའི་དུང་སེམས་བར་ནས་འུ་གཉིས་གནས་གཞི་གཅིག་ཏུ་འཛོམས།།
སྣབས་དང་ཁ་ཆུ་ཕྱི་རེ་བར་ནས་ཁྱེད་དང་འུ་གཉིས་དཔུང་བ་གཤིབས།།
ང་དང་ཁྱོད་ཅེས་སྙིང་གཏམ་ཤོད་བཞིན་འཛུམ་པའི་མིག་གིས་ཕན་ཚུན་བལྟ།།
དགའ་བའི་དཔེ་ཁུག་མཉམ་དུ་འཁུར་ནས་སྤྲོ་བའི་གོམ་པ་མཉམ་དུ་སྤོས།།
མཐུན་པའི་སྙིང་གཏམ་ཕར་ཚུར་བཤད་དེ་ཁ་ཁོག་རྒྱུ་མ་འདྲེས་པར་བྱས།།
གང་ལ་བལྟས་ན་སྐྱིད་པའི་གླུ་དང་དགོད་སྒྲ་མང་པོས་ཁེངས་ནས་ཡོད།།
གང་དུ་སོང་ན་བརྩེ་སེམས་དྭངས་མས་རང་སེམས་དྲོན་མོ་བདེ་བའི་བསུ།།
གཡས་གཡོན་ཚང་མ་ཁྱོད་དང་ང་ཡི་མི་ལྷོད་བརྩེ་བའི་བདེ་སྐྱིད་ཅིག།
མདུན་རྒྱབ་ཚང་མ་ང་དང་ཁྱོད་ཀྱི་འགྱུར་མེད་དམ་བཅའི་བརྩེ་བ་ཞིག།
ད་དུང་མདུན་ན་ཡོད་ཡོད་སྙམ་ནས་ཁེར་རྐྱང་གོམ་པའི་ཁ་ཕྱོགས་ན།།
སྐྱིད་དང་བདེ་བའི་ཚོར་སྣང་ཞིག་གིས་རང་སེམས་ཕྲ་མོ་ལྷོད་ཀྱིས་བཟུང་།།
རེ་འདུན་ཟབ་མོས་སྤྲོ་སྣང་ཞིག་གིས་ཁེར་རྐྱང་མིག་ལ་འོད་སྣང་ལྡན།།
རེ་དོགས་རེས་མོས་སེམས་པ་ཞིག་གིས་རང་ལུས་དྲང་པོ་ཡར་འགྲེངས་ཏེ།།
སླར་འཛོམས་ཤིག་གི་སྨོན་ལམ་སྣེ་ན་ཁྱོད་ལ་ཡང་ཡང་བསྒུག་ནས་ཡོད།།
ཡ་ཡ་ཕལ་ཆེར་དེ་འདྲ་ཡིན་རྒྱུ་རེད།
ངོ་མ་ཡག་གི། སྙན་གི། ཚིག་སྦྱོར་བདེ་གི། སྙན་ངག་ཟེར་བ་དེ་འདྲ་ཞིག་ཡིན་རྒྱུ་སྙམ། མུ་མཐུད་དུ་འབྲི་ཐུབ་པའི་རེ་བ་ཡོད།
(བྲང་གི་འགྲོ་ཚོས་)མིད་པ་ཕྲ་ཡང་འཕུར་བའི་བྱིའུ་ཆུང་བཙན་གྱིས་མིད།།
(འཁོར་ལོ་རྣ་ཡི་མགོ་བོ་བསྒུར་ནས་ཁམ་བུ་ཚི་གུ་སྐག་སྐག་ཟས།།)
གོང་གི་གུག་རྟགས་ནང་གི་འདི་དག་ལ་རང་འགྲེལ་ཞིག་ཡོད་པར་ཞུ། གོ་མ་སོང་ཡང་ལྷག་མ་ཡོངས་སྙན་པོ་ཞེ་པོ་བྱུང་།
ངོ་མས་མ་གོ་བ་ཡིན་བྲོ་འཚལ་ལགས།
ཨོ་ཡ་གནམ་ལགས།་་་་བྲང་འགྲོ་་་་ཞེས་པ་ནི་སྦྲུལ་གྱི་མངོན་བརྗོད་རེད།་་་་དེ་ག་ནང་བཞིན་འཁོར་ལོ་རྣ་ཞེས་པ་་་་་ཕག་གི་མངོན་བརྗོད་ཀྱི་མིང་རེད།་་་་
བྲོ་འཚལ་སྲལ་ཐལ་ཨ་རོ། ད་ཡང་མངོན་བརྗོད་ཟེར་ནི་སྦྱང་དགོས་ས་རེད། ད་དཀའ་འི་ཡ། ཡིན་ན་ཡང་འདི་གཉིས་ཀ་བརྗེད་ས་མ་རེད། ཕག་པ་དང་སྦྲུལ།