འཇིགས་མེད་ཚེ་རིང་།
ཉེ་བའི་ཉིན་འགའི་སྔོན་གུས་པས་《༸གོང་ས་མཆོག་གིས་“སྲིད་དབང་གསོལ་བསྩལ་”གྱི་དགོངས་དོན་གླེང་བ། 》ཞེས་འཁོད་པ་ཞིག་བྲིས་ཤིང་། དེའི་ནང་དུ་༸གོང་ས་མཆོག་གིས་གྱོད་ཞིབ་ལས་ཁུངས་ལྟ་བུ་བཙུགས་གནང་སྟེ་མང་གཙོར་ལེགས་བཅོས་ཀྱི་སྔོན་འགྲོའི་ལས་དོན་གནང་ཡོད་པར་གླེང་སློང་བྱས་ཡོད། ཀློག་པ་པོ་པདྨ་མཚོ་ཟེར་བ་ཞིག་གིས་ཞབས་མཆན་བཞག་ནས་གྱོད་ཞིོབ་ལྷན་ཚོགས་(ལས་ཁུངས་)སྐོར་ཞིབ་གསལ་བཀོད་ཐུབ་ན་ཕན་རེ་ཡོད་པའི་སྐུལ་མ་བྱུང་བར་ངག་རྒྱུན་ལོ་རྒྱུས་ཀྱི་དཔེ་དེབ་དག་ལ་བལྟ་ཐུབ་ན་ཐུགས་ཕན་སོས་རེ་ཡོད་པའི་གསལ་བཤད་བྱས་པ་ཡིན། ཡ་མཚན་པ་ཞིག་ལ་ཞབས་མཆན་པ་མོས་ང་ལ་“ཀྱག་ཀྱག་”བྱས་པ་ཡིན་ཚུལ་དང་།(འདིའི་དོན་ནི་གུས་པར་ཉམས་ཚོད་བླངས་པའམ་གྱོད་ཞིབ་ལས་ཁུངས་ཀྱི་སྐོར་ཅི་ཙམ་ཤེས་ཀྱི་ཡོད་མེད་བལྟས་པའི་དོན་ཡིན། ) ངག་རྒྱུན་ལོ་རྒྱུས་ཁྲོད་དུ་གྱོད་ཞིབ་ལས་ཁུངས་སྐོར་ཁྱོན་ནས་མེད་ཚུལ་ཐེངས་གཉིས་ལ་ཨུ་ཚུགས་ཀྱིས་བཤད་བྱུང་བར་ང་ལ་ལམ་སེང་“མ་ཐོང་ཕྱིར་ན་མེད་པ་མིན།། ཁྱོད་ཀྱིས་མ་མཐོང་ཤེས་བྱ་མང་།” ཞེས་པའི་བོད་ཁྱིམ་སློབ་ཕྲུག་དག་གིས་ཡང་ཡང་སྐྱོར་གནང་བའི་བསླབ་བྱ་འདིས་ལན་འདེབས་བྱེད་པའི་བསམ་ཚུལ་བྱུང་ཞིང་། འོན་ཀྱང་། ལན་འདེབས་ཀྱི་བསམ་ཚུལ་མ་བཏོན་སྔོན་དུ་བོད་ཀྱི་ལོ་རྒྱུས་ཁྲོད་དུ་“ཆེས་མཐོའི་གྱོད་ཞིབ་ལས་ཁུངས་”དང་། “གྱོད་ཞིབ་ལས་ཁུངས་”ཞེས་པའི་མིང་བྱུང་མྱོང་བ་ལས་“གྱོད་ཞིོབ་ལྷན་ཚོགས་”ཞེས་པ་མེད་ཅིང་། “གྱོད་ཞིོབ་ལྷན་ཚོགས་”ཞེས་པ་འདི་དེ་སྔོན་གྱི་“ཁྲིམས་གཤེར་ལྷན་རྒྱས་”ཞེས་པ་དང་ཉེ་བའི་ཚིག་ཅིག་ཡིན་པས་དེ་གཉིས་གོ་དོན་གྱི་ཐད་ནས་ཐ་དད་པའི་གསལ་བཤད་བྱེད་རྒྱུ་དང་། མདོར་ན་གྱོད་ཞིབ་ལྷན་ཚོགས་ཞེས་པ་ཞིག་མེད་པ་རེད་ཅེས་ཞུ་འདོད་བྱུང་།
ཞིབ་ཏུ་བསམ་ན་“ ངག་རྒྱུན་ལོ་རྒྱུས་ནང་ན་གྱོད་ཞིབ་ལྷན་ཚོགས་(ལས་ཁུངས་)ཡོད་པ་མ་རེད། ཞེས་དང་། ཡིན་ནའང་གྱོད་ཞིབ་ལྷན་ཚོགས་(ལས་ཁུངས་)ངག་རྒྱུན་ལོ་རྒྱུས་ཁྲོད་མེད་པ་དེ་གཅིག་བྱས། ”ཅེས་པ་འདི་ནི་ཞབས་མཆན་ཁྲོད་དུ་གསལ་བཤད་བྱས་པ་ཙམ་གྱིས་མི་འགྲིག་པ་ཞིག་ཡིན་ཞིང་། འདི་ལོའི་ཆོ་འཕྲུལ་དུས་ཆེན་སྐབས་༸གོང་ས་མཆོག་གིས་གྱོད་ཞིབ་ལས་ཁུངས་ཀྱི་སྐོར་ཕྱིར་དྲན་གནང་སྟེ་མང་གཙོར་སྐུལ་འདེད་ཀྱི་ཐུགས་རེ་ སྐོར་བཀའ་སློབ་གནང་བ་ནི་༸གོང་ས་མཆོག་གི་གསུང་རྐྱང་ཞིག་ལས་དཔྱད་ཡུལ་གཞན་དག་མེད་པའི་ལྟ་ཚུལ་བཏོན་པ་ཞིག་རེད། བཤད་སྟངས་གཞན་དུ་སྨྲས་ན་༸གོང་ས་མཆོག་གིས་གྱོད་ཞིབ་ལས་ཁུངས་ཞེས་བོད་ཀྱི་ལོ་རྒྱུས་ཁྲོད་དེང་གི་སྐབས་སུ་གསར་བཟོ་བྱེད་པ་བཞིན་པར་སྨྲ་བའི་གོ་དོན་ཡང་ཡོད་སྲིད། གཞན་དུ་ན་ཁོ་བོར་དོགས་པ་ཆེ་དྲག་པའི་སྐྱོན་དུ་སྲིད་ཀྱང་། ཞབས་མཆན་པ་ཁོ་མོ་ལྟ་བུར་རང་ཉིད་ཚད་ཤིང་ཡིན་བསམ་པའམ། བདེན་པ་རྫུན་དུ་སྨྲས་ན་མི་མང་འཐོམས་དུ་འཇུག་ངེས་སྙམ་པའི་མ་སྨིན་པའི་བསམ་ཚུལ་ཞིག་ཡིན་སྲིད་མོད། རྒྱལ་ཁམས་ཀྱི་མིག་ལ་ཤེས་རབ་ཀྱི་སྤྱན་ཡོད་པའི་བཤད་རྒྱུན་བཟླས་པར་བསམ་ན་རང་གི་རྐང་བ་ས་ལ་མ་ཐུག་པར་ཡོད་པའི་མི་ཞིག་གམ། བཙན་བྱོལ་བོད་མིའི་བཤད་སྲོལ་ལྟར་ན་“ང་སངས་རྒྱས་”ཤིག་ཡིན་ཕྱིར་གུས་པས་ངག་རྒྱུན་ལོ་རྒྱུས་ཁྲོད་གསལ་བའི་གྱོད་ཞིབ་ལས་ཁུངས་ཀྱི་སྐོར་གཤམ་དུ་བཀོད་ནས་གོང་དུ་ངོས་འཛིན་བྱས་པའི་བསམ་ཚུལ་དག་ལ་དགག་སྒྲུབ་བྱེད་ཀྱི་ཡིན།
ངག་རྒྱུན་ལོ་རྒྱུས་མང་དག་ཅིག་གི་ནང་དུ་༸གོང་ས་མཆོག་གིས་ཕྱི་ལོ་༡༩༥༠ལོར་ཆོས་སྲིད་ལུགས་གཉིས་ཀྱི་ཕྱག་མཚན་བདག་གིར་བཞེས་དུས་བོད་ཀྱི་ཆབ་སྲིད་ནི་ནད་རོ་ཅན་གྱི་མི་ཞིག་དང་འདྲ་བར་ངོས་འཛིན་བྱེད་ཅིང་། ཆབ་སྲིད་ཀྱི་གཡོ་ཁྱོམ་དེའི་ཁྲོད་དུ་༸གོང་ས་མཆོག་གིས་མང་གཙོའི་ལེགས་བྱང་གི་ཕྱག་ལས་ཐོག་མ་ལེགས་བཅོས་ཚོགས་པ་རྩ་འཛུགས་གནང་ཡོད་ཅིང་། གྱོད་ཞིབ་ལས་ཁུངས་ནི་གསར་བརྗེའི་ལས་འགུལ་དེའི་ཁྲོད་ནས་ཐོན་པ་ཞིག་སྟེ་《ཡབ་གཞིས་གཡུ་ཐོག་ས་དབང་དམ་པ་བཀྲ་ཤིས་དོན་གྲུབ་མཆོག་གི་སྐུ་ཚེའི་བྱུང་བ་ཆེ་ལོང་ཙམ་མ་བཅོས་ལྷུག་པར་བརྗོད་པ་བཞུགས་སོ་》(ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་། )ཞེས་པར་“ ཕྱི་ལོ་༡༩༥༠ལོར་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་བ་ཆེན་པོས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བསྐྱེད་བཞེས་གནང་རྗེས་ཆབ་འབངས་མི་དམངས་ཀྱི་བདེ་ཐབས་དང་འབྲེལ་བའི་གཞུང་གི་ལམ་སྲོལ་ཁག་གཅིག་དུས་བསྟུན་ལེགས་བཅོས་བསྐྱངས་འགོི་ཚུགས་ཏེ་ཆེས་མཐོའི་གྱོད་ཞིབ་ལས་ཁུངས་གསར་འཛུགས་གནང་བའི་དོ་དམ་དུ་བསྐོ་བཞག་བྱུང་། ”(ཤོག་ངོས་༡༤ ) ཞེས་གསལ་ཡོད་པ་དང་། གྱོད་ཞིབ་ལས་ཁུངས་སྐོར་གྱི་དཔྱད་ཡུལ་འདི་ལས་སྲིད་ལུགས་ལེགས་བཅོས་ཀྱི་སྐོར་དེ་ཐད་ཀར་མི་མང་གི་ཁེ་ཕན་དང་གདོང་གཏུགས་པའང་མཐོང་ཐུབ།
ང་ཚོས་གོང་དུ་ལེགས་བཅོས་ཚོགས་པ་བཙུགས་ནས་རིམ་པས་གྱོད་ཞིབ་ལས་ཁུངས་བཙུགས་གནང་བ་ལས་བཙུགས་པའི་ལོ་ཁམས་གླེང་མེད་ཅིང་། ཞབས་མཆན་པ་པདྨ་མཚོ་ཞུ་བ་ལྟར་ན་དེ་ཉིད་༸གོང་ས་མཆོག་གིས་མ་གསུང་ན་ཤེས་ཐབས་མེད་པའི་བསམ་ཚུལ་ཡོད་སྲིད། འོན་ཀྱང་། པདྨ་མཚོ་ཟེར་བས་རྒྱལ་ཁམས་ཀྱི་མིག་དེ་ཕྱེས་ཡོད་ན་གོང་བཀོད་དེབ་ཀྱི་ནང་འདི་ལྟར་ཡོད་དེ་“ ཕྱི་ལོ་༡༩༥༤ ལོ་མཇུག་ཙམ་ལ་ལྷ་སར་ཆེས་མཐོའི་གྱོད་ཞིབ་ལས་ཁུངས་ཆེད་འཛུགས་གནང་བའི་གཙོ་བོའི་འགན་འཁུར་དོ་དམ་སྐུ་ངོ་ཞིང་གཤེགས་(གཡུ་ཐོག་བཀྲ་ཤིས་དོན་གྲུབ། )དེ་ཉིད་ལ་དྲག་འདེམས་ཀྱིས་བསྐོ་བཞག་གནང་བ་ལྟར་ལས་འཁུར་དབུ་འཛུགས་གནང་སྐབས་ནས་བཟུང་ངོ་ལས་ཆེ་ཕྲ་ཚང་མས་༸གོང་ས་མཆོག་གི་བླ་ན་མེད་པའི་བཞེད་དགོངས་དང་། གཞུང་སའི་མཚན་དོན། མི་དམངས་ཀྱི་ཕན་བདེ་བཅས་ལ་ལྷག་བསམ་རྣམ་དག་གིས་གྱོད་དོན་གང་ཞིག་ཀྱང་དགའ་ཉེ་ཕྱོགས་ལྷུང་དང་། དངུལ་དངོས་རྗེས་འབྲངས་སུ་མ་སོང་བར་་་་”(ཤོག་གྲངས་༣༠ནས་༣༡)ཞེས་སོགས་གསལ་ཡོད།
༸གོང་ས་མཆོག་གིས་ཀྱང་གྱོད་ཞིབ་ལས་ཁུངས་ཀྱི་སྐོར་འདི་ལོའི་ཆོ་འཕྲུལ་དུས་ཆེན་སྐབས་གློ་བུར་དུ་གསུངས་པ་ཞིག་མ་ཡིན་པར་ཕྱི་ལོ་༢༠༠༢ ཟླ་༦ ཚེས་ ༡༡ ལ་གཡུ་ཐོག་བཀྲ་ཤིས་དོན་གྲུབ་ལགས་ཀྱི་ལོི་རྒྱུས་དེབ་ཀྱི་ཆེད་བརྗོད་དུ་གནང་བའི་གསུང་འཕྲིན་གྱི་ནང་དུའང་“ ལྷ་སར་གྱོད་ཞིབ་ལས་ཁུངས་ཀྱི་འགན་ཁུར་ལེན་སྐབས་སུ་ཡང་ཁྲིམས་ལུགས་དྲང་པོས་གཞུང་བསྲངས་བགྱིས་པའི་ཆེ་བརྗོད་སྙན་གྲགས་བྱུང་། ” ཞེས་གྱོད་ཞིབ་ལས་ཁུངས་ཀྱི་གནས་ཚུལ་གསལ་ཡོད།
གོང་བརྗོད་ཞབས་མཆན་པས་རྒྱལ་ཁམས་ལ་ཡོད་པའི་ཤེས་རབ་ཀྱི་སྤྱན་ཞེས་གླེང་ཡོད་པ་དང་། ངེད་ཀྱིས་གོང་གི་གནས་ལུགས་དག་དྲངས་ནས་རྒྱལ་ཁམས་ལ་ཡོད་པའི་སྤྱན་ནི་འདིའོ་ཞེས་བསྒྲགས་ཞོར། འུར་གྱི་སྐད་མགོ་མཐོ་ན་མཁས་པ་ཡིན་མདོག་མདོག་དང་། སྒེར་གཅོད་གཏན་འབེབས་བྱས་ན་ཆེ་མཐོང་ཐོབ་མདོག་མདོག་བྱེད་པོ་དག་ལ་གཟས་ནས་གཏམ་མགོ་སྔ་མེད་པའི་ལབ་ལོབ་སྤངས་པའི་གཏན་ཚིགས་དང་། གང་བརྗོད་བསམ་ནས་བཤད་པའི་རྒྱུ་མཚན་བསྡུས་ཙམ་བཀོད་པ་འདི་ཡིས་རང་ངོ་རང་གིས་ཟིན་པའི་རྒྱུ་རུ་གྱུར་བའི་རེ་བ་ཡོད་པ་དང་། ལར་ནས་བོད་མདོ་སྨད་ཀྱི་གཏམ་དཔེ་ཞིག་ཏུ་“ སྐད་ཆ་བསམ་ནས་བཤད་དགོས།། རྩམ་པ་ལྡད་ནས་མིད་དགོས།། ”ཞེས་པ་ནི་སྤྱི་ཚོགས་ལ་འགན་འཁུར་བྱེད་འདོད་མཁན་དག་ལ་ནི་ལེགས་པའི་གཏམ་དུ་ངེས་སོ།། གུས་པ་དང་བཅས།
༢༠༡༡། ༥ །༦ ཉིན།
༼ཟུར་བཀོད། ༽ གཤམ་གྱི་འདི་དག་ནི་ཁ་བརྡ་དྲ་བར་བཀོད་པའི་《༸གོང་ས་མཆོག་གིས་“སྲིད་དབང་གསོལ་བསྩལ་”གྱི་དགོངས་དོན་གླེང་བ། 》ཞེས་པར་ཟུར་བཏོད་བྱས།
༣༽ འཇིགས་མེད་ཚེ་རིང་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༣ གི་ཆུ་ཚོད་ ༡༢ སྐར་མ་ ༢༩
པདྨ་མཚོ་ལགས་ཀྱིས་ངག་རྒྱུན་ལོ་རྒྱུས་ཀྱི་དེབ་དག་བཀླགས་པ་ཡིན་ན་གྱོད་ཞིག་ལས་ཁུངས་ཀྱི་ལས་དོན་གནང་ ཕྱོགས་སོགས་གསལ་ཙམ་མཁྱེན་པར་ཐུགས་ཕན་སོས་རྒྱུ་རེད་བསམ།
༥༽ པད་མ་མཚོ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༤ གི་ཆུ་ཚོད་ ༦ སྐར་མ་ ༢༦
འཇིགས་མེད་ཟེར་བ་ལགས།
ངག་རྒྱུན་ལོ་རྒྱུས་ནང་ན་གྱོད་ཞིབ་ལྷན་ཚོགས་ཡོད་པ་མ་རེད། ཁྱེད་ཀྱིས་སྨོན་ལམ་སྐབས་ཀྱི་བཀའ་སློབ་གང་ཟག་གསུམ་པས་བཤད་པ་ལྟར་མིན་པར། གང་ཟག་དང་པོས་བཤད་པ་ལྟར་བེད་སྤྱོད་བཏང་འདུག་པས། ངས་ཁྱེད་ལ་ཀྱག་ཀྱག་བྱས་པ་ཡིན། དགོངས་དག། མིའི་མིག་ལ་ཤེས་རབ་ཀྱི་དྲི་མ་ཡོད་པ་རེད་གདའ། ཧཧཧ
༧༽ འཇིགས་མེད་ཚེ་རིང་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༤ གི་ཆུ་ཚོད་ ༡༨ སྐར་མ་ ༥༦
པདྨ་མཚོ་ཞུ་བ་ལགས་ཀྱིས་ང་ལ་ཀྱག་ཀྱག་རྩ་ཆེན་ཞིག་གནང་འདུག ཧཧཧཧཧཧ
འོན་ཀྱང་། མཁྱེན་པ་ཡིན་ན་་་ལོ་རྒྱུས་དཔྱད་ཞིབ་དོན་གནད་ཀྱི་འཇུག་ཡུལ་བོང་བུས་ཀྱང་ལོས་གོ་སྙམ་པ་ཞིག་ག་དུས་ཡིན་ཡང་ཡོད་པ་མ་རེད།
ལྷག་པར་དུ་གང་ཟག་དང་པོས་བེད་སྤྱོད་གནང་བ་གསུམ་པའི་བེད་སྤྱོད་བྱེད་སྟངས་ཐད་རྩོམ་ཡིག་གི་འགྲོ་སྟངས་ ཤིག་གིས་གཏན་འཁེལ་དགོས་པ་དང་། ལྷག་པར་ཏུ་ལོ་རྒྱུས་ནི་དེ་ལྟར་ཡིན་པའི་གནས་དོན་སློབ་སྦྱོང་མང་ཙམ་གནང་ན་ མཁྱེན་ངེས་རེད།
༨༽ པད་མ་མཚོ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༥ གི་ཆུ་ཚོད་ ༣ སྐར་མ་ ༤༩
དོན་དག་ཚར་སོང་ དུས་ཚིག་གིས་ཡར་ཁྲིད་མར་ཁྲིད་བྱེད་པ་འདི་ཁྱེད་མ་གཏོགས་གཞན་ལའང་ངན་གོམས་ཡོད་ པ་རེད། ཡིན་ནའང་གྱོད་ཞིབ་ལྷན་ཚོགས་ངག་རྒྱུན་ལོ་རྒྱུས་ཁྲོད་མེད་པ་དེ་གཅིག་བྱས། དེ་ནས་གང་ཟག་དང་པོའི་རྣམ་དཔྱོད་དང་བཀའ་མོལ་གང་ཟག་གསུམ་པས་བེད་སྤྱོད་གནང་ ཕྱོགས་རྩིམ་རིག་གི་གཞུང་ལུགས་ལྟར་ན་འདི་འདྲ་ཡིན་དོགས་མེད། ཞིབ་མོར་གསུང་རྒྱུ་ལས་སྦུག་སྦུག་གིས་ཀུན་པོ་སྦུག་སྦུག་བཟོས་འདུག ཧཧཧ
དགོངས་སེལ་ཅིག་ཞུ་ཞོར་ནོར་བཅོས་བྱེད་རྒྱུ་ཡིན། ༼ཟུར་བཀོད་དུ་གཤམ་གྱི་འདི་དག་ནི་ཁ་བརྡ་དྲ་བར་བཀོད་པའི་《༸གོང་ས་མཆོག་གིས་“སྲིད་དབང་གསོལ་བསྩལ་”གྱི་དགོངས་དོན་གླེང་བ། 》ཞེས་པར་ཟུར་བཏོད་བྱས།༽ ཞེས་པར་༼གཤམ་གྱི་འདི་དག་ནི་ཁ་བརྡ་དྲ་བར་བཀོད་པའི་《༸གོང་ས་མཆོག་གིས་“སྲིད་དབང་གསོལ་བསྩལ་”གྱི་དགོངས་དོན་གླེང་བ། 》ཞེས་པའི་ཞབས་མཆན་ནས་ཟུར་བཏོད་བྱས།༽ཞེས་བཅོས་གནང་ཡོང་བ་ཞུ།
འཇིགས་མེད་ཟེར་བ་ལགས།
གུས་མོའི་གཏམ་དེ་རིན་དུ་བརྩིས་པ་ཐུགས་རྗེ་ཆེ། མ་གཞི་ནས་ནག་འདེད་འདྲ་བྱེད་ཀྱི་འདུག་བསམ་ན་དགོངས་དག
ཁྱེད་ཀྱི་གསལ་བཤད་འདི་ལ་ཚིག་གཅིག་མ་གཏོགས་དགོས་པ་མི་འདུག སྐུ་ངོ་གཡུ་ཐོག་དམ་པ་གྱོད་ཞིབ་པའི་འགོ་འདོམ་པར་བཞག་པ་༧གོང་ས་མཆོག་གི་ཞལ་ནས་གསུངས་སྟབས། ཁོང་གི་ལོ་རྒྱུས་ལ་ཉུལ་རྒྱུ་ནི་སུས་ཀྱང་ཤེས་ཚོད་རེད། ་ཡིན་ནའང་། གཡུ་ཐོག་དམ་པའི་བྱུང་བ་དེ་ལོ་རྒྱུས་དངོས་བྱུང་རེད་མ་གཏོགས། ངག་རྒྱུན་ལོ་རྒྱུས་ཀྱི་རྣམ་པར་བྲིས་མེད་པ་རེད། ཁོང་གི་སྲས་མོ་སྐུ་ཞབས་གངས་སྐྱིད་དུ་བཞུགས་བཞུགས་པས་དེ་ལ་བཀའ་འདྲི་ཞུས་ན་ལོས་འགྲིག་བསམ།
གཞན། ངག་རྒྱུན་ལོ་རྒྱུས་ཁྲོད་གྱོད་ཞིབ་ལྷན་ཚོགས་ཟེར་བ་དེ་ཡོད་པ་རེད་ཅེས་ཞུ་འདོད་བྱུང་ལ། དཔེ་མཛོད་ཁང་གི་དཔར་པའི་ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་གང་ཡང་རུང་བས་དེའི་སྐོར་གསལ་འདུག་ཅེས་ཡང་བསྐྱར་ཀྱག་ཀྱག་ཅིག་བྱེད་ཀྱི་ཡིན་ན། དགོངས་དག
འཇིགས་མེད་ཟེར་བ་ལགས།
གུས་མོའི་གཏམ་དེ་རིན་དུ་བརྩིས་པ་ཐུགས་རྗེ་ཆེ། མ་གཞི་ནས་ནག་འདེད་འདྲ་བྱེད་ཀྱི་འདུག་བསམ་ན་དགོངས་དག
ཁྱེད་ཀྱི་གསལ་བཤད་འདི་ལ་ཚིག་གཅིག་མ་གཏོགས་དགོས་པ་མི་འདུག སྐུ་ངོ་གཡུ་ཐོག་དམ་པ་གྱོད་ཞིབ་པའི་འགོ་འདོམ་པར་བཞག་པ་༧གོང་ས་མཆོག་གི་ཞལ་ནས་གསུངས་སྟབས། ཁོང་གི་ལོ་རྒྱུས་ལ་ཉུལ་རྒྱུ་ནི་སུས་ཀྱང་ཤེས་ཚོད་རེད། ་ཡིན་ནའང་། གཡུ་ཐོག་དམ་པའི་བྱུང་བ་དེ་ལོ་རྒྱུས་དངོས་བྱུང་རེད་མ་གཏོགས། ངག་རྒྱུན་ལོ་རྒྱུས་ཀྱི་རྣམ་པར་བྲིས་མེད་པ་རེད། ཁོང་གི་སྲས་མོ་སྐུ་ཞབས་གངས་སྐྱིད་དུ་བཞུགས་བཞུགས་པས་དེ་ལ་བཀའ་འདྲི་ཞུས་ན་ལོས་འགྲིག་བསམ།
གཞན། ངག་རྒྱུན་ལོ་རྒྱུས་ཁྲོད་གྱོད་ཞིབ་ལྷན་ཚོགས་ཟེར་བ་དེ་ཡོད་པ་རེད་ཅེས་ཞུ་འདོད་བྱུང་ལ། དཔེ་མཛོད་ཁང་གི་དཔར་པའི་ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་གང་ཡང་རུང་བར་དེའི་སྐོར་གསལ་འདུག་ཅེས་ཡང་བསྐྱར་ཀྱག་ཀྱག་ཅིག་བྱེད་ཀྱི་ཡིན་ན། དགོངས་དག
པདྨ་མཚོ་བཏགས་པ་ལགས། ངས་ཀྱང་ཁྱོད་ཀྱིས་རང་ཉིད་ཚད་ཤིང་ལ་བཟུང་བའི་ལྟ་ཚུལ་དེ་དོར་ན་བསམ་ནས་གྱོད་ཞིབ་ལས་ཁུངས་དང་ཉེ་བའི་གཡུ་ཐོག་པའི་ལོ་རྒྱུས་ལས་འདིར་དྲངས་པ་ཡིན་ཡང་། ཁྱོད་ཀྱིས་ད་དུང་མང་རབས་ཟེར། དེ་དག་འདི་རུ་འདྲེན་བཀོད་ཅིག་གནོངས་དང་། དེ་ནས་ངེད་གཉིས་ག་ལེར་བགློ་གླེང་གནང་ཆོག་པ་རེད།
ྱོད་ལ་ད་དུང་ངས་ལམ་སྟོན་ཅིག་བྱེད། དངོས་བྱུང་མིན་པའི་ལོ་རྒྱུས་ཤིག་ས་འཛམ་པོའི་གླིང་དུ་ཡོད་པ་མ་རེད་ལོ།
པད་མ་མཚོ་ཞེས་པ་ནི་ཁྱེད་འགྲམ་གྱི་དགེ་ཆོས་སྤྲུལ་རྗུན་རེད་ད།
བཀྲ་ཤིས་ཚེ་རིང་ལགས། དཀྲུག་ཤིང་མ་རྒྱག ཁྱེད་མི་ཁ་ཤས་ཀྱི་འཇིགས་མེད་ཟེར་བ་རེད་ཟེར་གྱི་ཡོད་པ་འདིར་ཁྱེད་ནང་བཞིན་བྲིས་ན་མི་ཉན་ཀ།
འཇིགས་མེད་ཟེར་བ་ལགས།
ལམ་སྟོན་བྱས་ཆོག་མོད་ཆུ་ཚོད་ཞེ་པོ་ཅིག་མེད། ཡིན་ནའང་ལེགས་བཅོས་སྤྱི་ཚོགས་ཚུགས་རིམ་གྱི་ནང་དོན་ཧྲིལ་བོ་ཅིག་ཀློག་དང་། དེ་ནས་གཞན་གྱི་ལམ་སྟོན་བྱས་ཆོག།
ཨོ། ངག་རྒྱུན་ལོ་རྒྱུས་ཟེར་བ་འདི་ངག་རྒྱུན་ཞེས་པའི་ཚིག་གཅིག་ལོ་རྒྱུས་ཀྱི་མགོར་འཇོག་དགོས་དོན་ལ་རྒྱུ་མཚན་ངེས་ཅན་ཡོད་པ་རེད། ངག་ནས་ངག་བརྒྱུད་ཏེ་ཐོན་ཚད་ཚང་མ་དངོས་བྱུང་ཡིན་པའི་ངེས་པ་ཁྱོན་ནས་མེད། དེ་ཁྱེད་ཀྱིས་མིག་འཛམ་བུ་གླིང་ལ་ཕྱེ་དགོས་པའི་རྟགས་རེད་དོ།
བཀྲ་ཤིས་ཚེ་རིང་ཟེར་བས་གང་བཤད་ཀྱང་མི་སྐྱོན་གི། གལ་སྲིད་གུས་མོ་ཤེས་འདོད་ན་རྡོ་རྗེ་དབང་ཕྱུག་ལགས་སུ་སྐད་ཆ་དྲིས་ན་རྒྱུ་མཚན་ཡོད་ཚེ་གསུངས་བར་སེམས། གང་ལྟར་ང་སུ་ཡིན་མིན་མི་གཙོ་གི གཙོ་བོ་ངས་ཁྱེད་ལ་གླེང་བཏབ་སྨ་འབེབ་བྱས་ཡོད་ན་ཁག་མེད། དེ་མིན་གང་ཟག་ལ་མ་རྟོན་དོན་ལ་རྟོན་ན་དེས་འགྲིག་གི་རེད། སྐད་ཆ་ཤོད་ལོ།
ང་ལ་མི་སུ་ཡིན་མིན་གྱི་ཁྱད་པར་ཁྱོན་ནས་མེད། ལྷག་པར་དུ་གུས་པའི་གྲོགས་ཆོས་འབྱོར་ལགས་ཡིན་རྒྱུ་རེད་བསམ་པ་མེད། གང་གིས་ཟེར་ན་ཁོང་ནི་ངའི་སེམས་ནས་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་ལ་རྒྱུས་ཡོད་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། པདྨ་མཚོ་ཟེར་བ་ནི་མོ་རང་གིས་བཤད་པ་བཞིན་གྱི་ཚིག་གིས་ཡར་ཁྲིད་མར་ཁྲིད་བྱེད་པ་འདི་ཁྱེད་མ་གཏོགས་གཞན་ལའང་ངན་གོམས་ཡོད་པ་རེད། ཅེས་པའི་ནང་དུ་འདུ་བ་ཞིག་རེད་པས་རྩོད་པའི་དགོས་པ་ཅང་མཐོང་གི་མི་འདུག་ལ་ང་ལ་ལེགས་བཅོས་ཚོགས་པ་ནས་རིམ་པས་གསར་བརྗེའི་ལས་དོན་གྱི་གནས་སྟངས་སློབ་ཁྲིད་བྱེད་པའི་ཁོམ་པའང་མི་འདུག
ངས་རྡོར་དབང་ལགས་སུ་ཆོག་མཆན་ཞུས་ནས་མཆན་བུ་འདེབས་ཀྱི་ཡོད་ལ། རང་གི་སྡོད་གནས་དང་མིང་ཁ་པར་སོགས་ཀྱང་མཁྱེན་གྱི་ཡོད་པས། ཁྱེད་ཅག་མེད་ནས་མུག་སོང་ན་མ་གཏོགས་བློ་གཡེང་གཏན་ནས་མི་དགོས། པདྨ་མཚོས། ཧཧཧཧ
འཇིགས་མེད་ཟེར་བ་ལགས།
སྙིང་བསྡུས་ཁ་གསལ་གོ་བདེར་ཁྱེད་ལ་སྟོན་པར་བྱ་ན།
ལེགས་བཅོས་སྤྱི་ཚོགས་ཚུགས་དུས། ༡༩༥༤ ལོ།
ལེགས་བཅོས་སྤྱི་ཚོགས་ཀྱི་གྲུབ་ཆ། བཀའ་ཤག་གིས་འགོ་འདོམ་བཀའ་བློན་ ༡ དང་འཐུས་མི་སེར་སྐྱ་མི་གྲངས ༥༠ ཡོད།
ལེགས་བཅོས་སྤྱི་ཚོགས་ཀྱི་རྒྱུན་ལས། མཁན་དྲུང་ཐུབ་བསྟན་ཆོས་འཕེལ། རྩིས་དཔོན་རྣམ་སྲས་གླིང་པ། ཀུན་གླིང་ཛ་སག་འོད་ཟེར་རྒྱལ་མཚན། ལས་བྱ་དྲུང་རིགས་སེར་སྐྱ་དང་གདན་ས་སེ་འབྲས་དགའ་གསུམ་གྱི་འཐུས་མི་བཅས་མི་གྲངས ༣༠ ཡོད།
ལེགས་བཅོས་སྤྱི་ཚོགས་ཀྱི་བཅོས་ཡུལ། ༡ ཕ་ཚེ་བུ་རབས་སུ་བརྒྱུད་འཛིན་ཆོག་པའི་ས་ཁང་བདག་ཐོབ། ༢ བླ་བྲང་ཆེ་གྲས་བཀྲས་ལྷུན་དང་ས་སྐྱ་སོགས་ཀྱིས་མཚོན་ཆོས་ལུགས་བོན་དང་བཅས་པའི་ཆོས་གཞིས་བདག་དབང་། ༣ གཞུང་ཞབས་ཁྱིམ་ཚང་མི་ཉུང་བར་སྲ་བརྟན་ཕ་གཞིས་ས་ཞིང་རྒྱ་ཁྱོན་ཅི་རིགས་ཀྱི་བདག་དབང་ཡོད་པ། ༤ མངའ་ཁུལ་རྫོང་གཞིས་དཔོན་རིགས་གཏན་ནས་ཡིན་པ། ༥ ས་གནས་སོ་སོའི་ཁྲལ་འབབ་ཞུ་སྟངས་ཐད་རྩིས་ཞིབ་དག་ཐེར་མི་འགྲོ་བ། (འདིའི་དོན་ནི་རྫོང་གཞིས་སོ་སོའི་རྩ་བའི་ཁེ་གྱོང་ཅི་བྱུང་གཞུང་འཛིན་བུམ་པ་གསིབ་བླུགས་བྱ་རྒྱུའི་ལམ་སྲོལ་གསར་གཏོད་ཆེད་སྒྲིག་གཞི་དོན་ཚན་ ༢༠ བཟོས་ཡོད། ) ༥ གནས་རིམ་ལྟར་བླ་ཕོགས་གཏན་འབེབས་བཟོས་མེད་པ་བཅས་ཡིན། འདི་ནི་ནང་གི་བཅོས་པར་འོས་པའི་ཡུལ་དང་། ༦ དང་ ༧ གཉིས་ནི་ཆབ་སྲིད་ལམ་ལུགས་དང་ཁྲིམས་ཀྱི་འགྲོ་སྟངས་བཅས་ཕལ་ཆེར་རྩ་དོན་དོན་ཚན ༧ ཐོག་ལེགས་བཅོས་བྱེད་རྒྱུའི་དགོངས་གཞི་ལག་བསྟར་བྱེད་འགོ་བརྩམས་ཚུལ། རང་རྣམ་ངོས་ཀྱི་ཡུལ་གྱི་ཤོག་ངོས་ ༥༨ ཀྱི་ཐིག་ཕྲེང་ ༡༣ ནས ཤོག་ངོས ༦༢ པའི་ཐིག་ཕྲེང་ ༡༦་བར་གསལ་བོ་ཡོད།
རིམ་པ་འདི་ནས་མར་ལྟོས་ན་ཁྱེད་རང་གིས་ཚིག་དུམ་རེ་དང་གཏམ་བཤད་དུམ་བུ་རེ་འཐུ་མི་དགོས་པར་སེམས། གུས་མོས་འཛུམ་དང་བཅས།
ད་དུང་ཀུན་བདེ་གླིང་བ་དང་རྣམ་སྲས་གླིང་པའི་ལོ་རྒྱུས་དང་ངག་རྒྱུན་ལོ་རྒྱུས་ལ་མཇལ་རོགས།
༤ དེ་མངའ་ཁུལ་རྫོང་གཞིས་དཔོན་རིགས་གནས་སྤོས་མེད་པ་ལབ་ནའང་འགྲིག
གུས་མོས་ཆུ་ཚོད་བཏོན་ནས་མ་ཎི་བསྐྱར་ཟློས་བྱས་པ་འདི་ནི། ངའི་སྐད་ཆས་ཁྱེད་ལ་ཕོག་པ་མིན་ཡང་བདེ་མོ་རང་མ་བཞག་པ་ལྟ་བུའི་ཡིན་ལ། གཅིག་བྱས་ན་གུས་ཞབས་ཀྱི་ལན་གནང་བ་ཡིན་སྲིད། འདི་ནི་གུས་མོའི་རྣམ་རྟོག་རང་ཡིན་ལགས།
རྗེས་སུ་ཁོམ་ལོང་བྱུང་མཚམས། མཚམས་རེར་ལེགས་བཅོས་ལས་གཞི་དང་འབྲེལ་མེད་འདྲ་བའི་བོད་ཀྱི་ཆབ་སྲིད་ལམ་ལུགས་དང་དེ་ལས་ཀྱང་སྐབས་དེའི་ཕྱི་འབྲེལ་བྱེད་ཕྱོགས་སྐོར་ལ་ཅུང་ཙམ་བསམ་ཚུལ་བཤད་ངེས་ཡིན། ཁ་བྲོ།
ཨོ་གཞན་དུ། དོན་དག་གང་ལ་འཕྲད་ཀྱང་ཚོར་བ་ཐད་སྤྲོས་མ་བྱས་པར་སེམས་མགོ་ནན་ནས་ཞིབ་ཏུ་ལྟོས་པ་ཡིན་ན་ཚོར་བ་གསར་བ་རེ་འབྱུང་སྲིད་ལ། རྣམ་རྟོག་དང་དམིགས་འབེན་ཞིག་ཡོད་པ་གཞིར་བཞག་གིས་ལྷོད་དང་ན་ཐང་ན་ཐག་གེར་འགྱེལ་ན་ཐང་། མི་རྣམས་ཁྱེད་གསུང་ལྟར་ཤེས་རབ་ཀྱི་སྤྱན་རྐྱང་རྐྱང་ལོས་ཡིན་བསམ་སོང་།
པདྨ་མཚོ་ཞུ་བ་ལགས་རང་ཉིད་ཚད་ཤིང་དུ་བསམ་པའི་ནོར་འཁྲུལ་གྱི་བསམ་བློ་དོར་ནས་དེ་རིང་དཀའ་ལས་རྒྱབ་ནས་ངག་རྒྱུན་ལོ་རྒྱུས་ཀྱི་དེབ་བཀླགས་ནས་འདིར་དྲངས་པ་གུས་པའི་གསལ་བཤད་ཀྱི་དོན་མགོ་ཐོན་སོང་བ་ཡིན་པས་རྗེས་མ་ནས་སྐད་ཆ་བསམ་ནས་བཤད་དགོས་པ་དང་། རྩམ་པ་སྡད་ནས་མིད་ན་སྔ་རྗེས་དོ་མི་མཉམ་པའི་གནས་ཚུལ་ལྷགས་རྒྱུ་མ་རེད་ལ། འོང་རྗེས་གསུབ་དཀའ་བའི་་དཀའ་ངལ་ལའང་འཕྲད་ཀྱི་མ་རེད། ལྷག་པར་ཏུ་ཁྱོད་ལ་དེ་ལྟར་རེད་འདུག
འོན་ཀྱང་། ཁྱོད་ཀྱིས་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ནང་གི་རྩོམ་བཤུས་འདི་བཀོད་པ་ལས་གྱོད་ཞིབ་ལས་ཁུངས་སྐོར་མི་འདུག་ཅིང་། ལེགས་བཅོས་ཚོགས་པའི་སྐོར་གྱི་རྒྱུན་ལས་དང་ཚོགས་མི་དང་བཅས་པ་ཀུན་བདེ་གླིང་བའི་ལོ་རྒྱུས་དེབ་ཀྱི་ནང་དུ་འདི་ལས་ཀྱང་གསལ་ཙམ་ཡོད་པ་རེད།
གང་ལྟར་ཁྱོད་མི་འདི། རང་ཉིད་ལ་ནོར་འཁྲུལ་ཤོར་ཡང་དེ་ངེས་ལེན་མི་བྱེད་པ་དང་། གཞི་རིམ་མི་མང་གི་མདུན་དུ་ཁོ་བོས་ཤེས་ཡོད་ཡོད་མདོག་མདོག་བྱེད་འདོད་ཀྱི་འདུན་པ་ཞིག་ཡོད་པ་གསལ་བོ་རེད་དེ། རིག་པ་ཡོངས་སྟངས་ཅུང་ནོར་འདུག ཞུ་རྒྱུ་ཡིན།
ཁོ་བོས་རང་རྩོམ་ནང་དུ་གྱོད་ཞིབ་ལས་ཁུངས་ལེགས་བཅོས་ཚོགས་པའི་ལས་གཞིའི་ནང་གི་ཆ་ཤས་ཤིག་ཡིན་པ་བཤད་ཟིན་པས་ཁྱོད་ཀྱི་བཤུས་བཀོད་འདི་འདྲེ་ཤར་སྒོར་གནས་པ་ལ་གླུད་ནུབ་སྒོར་ཟེར་བ་དེ་རང་དུ་འདུག
མི་ཁྱོད་ནི་འཇིག་རྟེན་གཞན་ཞིག་མིན་ན་ལེགས་བཅོས་སྤྱི་ཚོགས་ཚུགས་དུས་ཟེར་བ་ཞིག་ཡོད་མདོག་མེད།
༧གོང་ས་མཆོག་གིས་ལེགས་བཅོས་ཚོགས་པ་བཙུགས་གནང་ནས་ཉིད་ཀྱི་བཀོད་པའི་ལས་དོན་དག་རིམ་པས་གནང་ཡོད་པ་རེད།
ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཁྱེད་ལ་ཤོག་གྲངས་བཤད་པ་ལས་ཚིག་གཅིག་འདིར་ཁྱེད་ལྟར་བྲིས་མེད། འོང་རྗེས་ཁྱེད་ཀྱིས་མ་བསུབ་ནས་གསལ་བཤད་བསྐྱར་བཤད་རྒྱག་དགོས་ཐུག་པ་འདི་རེད། རྗེས་ནས་ད་འགྲོ་སྟངས་ཤེས་རྒྱུ་རེད་སྨོན། ལག་པ་ཅིག་འགུལ་ཤེས་ཚད་ཀྱིས་ཅིག་ཕྲིས་འགྲོ་ན་གནམ་འོག་འདི་སྐྱིད་པ་ལ། ཨ་ལ་ཀུ་རེ་ཡིན།
གསལ་བོ་བཤད་ན་ཀུན་བདེ་གླིང་པའི་ལོ་རྒྱུས་སུ་གྱོད་ཞིབ་སྐོར་ཡོད་ནི་མ་རེད། ད་གཡུག་ཞོག རྗེས་ནས་ཁྱེད་ལ་ཀྱག་ཀྱག་མི་བྱེད། ཐུགས་བློ་བདེ་བོར་བཞུགས།
ཁྱོད་འདི་ཅི་འདྲིའི་མི་གོ་བ་མེད་པ་ཞིག་རེད། ངས་ཀུན་བདེ་གླིང་བའི་ལོ་རྒྱུས་ནང་དུ་གྱོད་ཞིབ་ལས་ཁུངས་སྐོར་ཡོད་པ་ཚིག་གཅིག་ཀྱང་བཤད་མེད། གོང་གི་མཆན་གྱི་ནང་དུ་འདི་ལྟར་བཀོད་ཡོད་“ལེགས་བཅོས་ཚོགས་པའི་སྐོར་གྱི་རྒྱུན་ལས་དང་ཚོགས་མི་དང་བཅས་པ་ཀུན་བདེ་གླིང་བའི་ལོ་རྒྱུས་དེབ་ཀྱི་ནང་དུ་འདི་ལས་ཀྱང་གསལ་ཙམ་ཡོད་པ་རེད།”ཅེས་ཡོད།
ཁྱོད་འདི་རིག་པ་གནད་དུ་གནས་པ་ཞིག་ཡིན་ན་སུས་ཡང་བཤད་བསྐྱར་བཤད་བྱེད་ཀྱི་ཡོད་མེད་རྒྱལ་ཁམས་མིག་ལ་བཤམས་བཞག་ཡོད་པ་རེད།
ཤེས་མཁན་གྲས་སུ་འགྲོ་འདོད་ཡོད་ན་ཞིབ་ཚགས་མོ་རེ་གནང་དགོས་པ་དང་། ཅི་ཞིག་བཤད་ཀྱི་ཡོད་པར་བལྟས་ནས་བཤད་དགོས་པ་ལས་ཕུག་རོན་ཁ་ལོ་འཁོར་འཁོར་བྱས་ནས་བསྡད་ན་ཅང་འགྲུབ་རེ་མི་འདུག
ཚིག་གཡས་དཀྲི་གཡོན་དཀྲི་བྱས་ནས་རང་གི་ལམ་ཁ་ཡང་རྙེད་ཀྱི་མེད་པའི་ལུག་གཟར་རོ་འདྲ་ཞིག་བྱས་བསྡད་ན་དོན་གྱི་ཕན་པ་ཅི་ཡང་མེད་པས་དགེ་ཆོས་ཀྱི་གསུང་ཞིག་དྲངས་ནས་མཚམས་འཇོག་བྱེད་ངེས་ཡིན།
ད་དུང་དུས་ལ་མ་བབ་ཀྱང་གང་བརྗོད་ངེས་པ་འདི་རུ་གྲ་སྒྲིག་བྱས་ན་འཇོག་གི་ཡིན།
བསྒྱུར་དུ་མེད་ཅིང་ལྡོག་ཏུ་མེད།།
ལོག་པའི་དཔུང་ནི་རྡོ་རྗེ་ཉིད།།
གླེན་པ་ལྕགས་ཀྱི་གདོང་ཅན་ལ།།
སུ་ཞིག་གིས་ནི་རྒོལ་བུར་ནུས།།
གླེང་བྱ་གྱོད་ཞིབ་ལྷན་ཚོགས་བོར་ནས་ཡར་འགྱེད་མར་ལོག་ཅི་ལྟར་བྱས་ཀྱང་དོན་ཕན་རེ་རུས་སྦལ་གྱི་སྤུ་ལ་སོང་གཤིས། ལེགས་བཅོས་ཚོགས་པའི་སྒྲུབ་བྱ་རྣམས་ལམ་སྟོན་ཆེད་དོན་ཚན་བགར་ནས་མིག་སྟོན་བྱས་པ་ནི་བློ་ངོར་འཆར་བ་ཙམ་ཁ་ཐུག་གིས་བྲིས་པ་ཡིན། མགོ་དེ་ལ་བཙུགས་ནས་ཞིབ་ལྟོས་བྱས་པ་ཡིན་ན་གྱོད་ཞིབ་ལྷན་ཚོགས་ཀྱི་རྒྱབ་དང་མདུན་ཚང་མ་མཐོང་རེ་ཆེའང་། བླུན་པོ་ཚོར་བ་ཅན་གྱི་ཁ་ལ་ཡོན་ཏན་གྱི་ཟས་མི་འགྲོ་ཞེས་པ་ནི་དོན་ལ་གནས་པ་ཞིག་རེད། དེས་ན་རེ་ཞིག་བཏང་སྙོམས་སུ་འཇོག་གི་ཡིན་ལ།
འཇིགས་མེད་ཟེར་བས་གུས་མོའི་འགྲོ་ཞོར་གྱི་ཚིག་གཅིག་ལ་འདི་ལྟར་དོ་སྣང་གནང་བ་ནི་ཚོད་དཔག་ལས་ཀྱང་བརྒལ་བ་ཞིག་ཡིན་པས་ཐུགས་རྗེ་ཆེ་བཅས་བསྡུ་བར་བྱའོ།
མཁས་པ་ཚོར་བ་མེད་པ་ཞིག་ལས་གླེན་པོ་ཚོར་པ་ཡོད་མཁན་ཞིག་གི་ལོས་དགའ་ཡང་།
དོན་གྱི་གནད་ཕིགས་པ་ཞིག་ཡོང་རེ་མེད་པས་ད་ནི་དེ་དོན་བཞག་པར་བྱའོ།། །།