འཆམ་ར་དྲི་མེད་རྒྱལ་མཚན།
གཞིས་བཞུགས་བོད་ཀྱི་གྲགས་ཅན་རྩོམ་པ་པོ། སྒོ་ཡོན་ལགས་ཀྱི་རྩོམ་ཡིག། ༼ལྕགས་སྒྲོག༽ཟེར་བ་ནི། ཁོང་སྤྱི་ཟླ་ ༦ ཚེས་ ༥ ཡི་དགོང་མོའི་དུས་ཚོད་ ༡༡ དང་ ༡༢ ཡས་མས་སུ་རྒྱ་གཞུང་གིས་འཛིན་བཟུང་བྱས་རྗེས་སྨན་ཁང་ནང་དུ་༢༠༡༠་༦་༢༢་ཉིན་བྲིས་པའི་འཛམ་གླིང་ལ་བསྒྲགས་པའི་གཏམ་ཞིག་རེད་འདུག་ལ།
དེའི་ནང་གི་བརྗོད་དོན་གཙོ་བོ་ནི། སྒེར་གཅོད་གཞུང་གིས་ཁུངས་ལུང་མེད་པའི་སྐྱོན་འཛུགས་དང་། མི་ཡུལ་གྱི་དམྱལ་བར་ཇི་ལྟར་བརྫངས་ཚུལ་བཅས། མདོར་ན། དགྲ་གཞུང་གི་བཙོན་ཁང་ནང་ནས་བོད་མི་ཚོར་ཇི་ལྟར་མནར་གཅོད་གཏོང་བཞིན་པའི་སྐོར་ཧ་ཅང་ཡིད་སྐྱོ་དགོས་པ་དང་། འཇིགས་སྣང་སྐྱེ་དགོས་པ་རེར་གླེང་འདུག
ཁོང་གི་རྩོམ་ཡིག༼རྒྱ་གར་གྱི་རྒན་པོ་བསམ་དཀར་ཞིག་ལ༽ཟེར་བ་ནི། ཕྱི་ལོ་༢༠༡༠་༦་༡༢་ཉིན་ཁྲིན་ཏུའུ་ལ་བྲིས་པའི་༧གོང་ས་མཆོག་གི་འཁྲུངས་སྐར་བསུ་བའི་རྩོམ་ཡིག་ཞིག་རེད། དེའི་བརྗོད་གཞི་ནི། ༧གོང་ས་མཆོག་གི་ངོ་མཚར་བའི་རྟོགས་བརྗོད་དག་རྒྱུ་མཚན་དོན་དང་སྦྱར་ཏེ་རིམ་གྱིས་བཤད་ཞོར། གསོལ་འདེབས་ཁྲག་དང་སྦྱར་ཏེ་གདུང་འབོད་ཞུས་པའི་སྐོར་ཞིག་རེད།
དེ་ལྟར་ལོ་རྒྱུས་ཀྱི་རིན་ཐང་ལྡན་ཞིང་། ལ་རྒྱའི་དྲི་བསུང་འཐུལ་བའི་རྩོམ་ཡིག་དེ་གཉིས་གུས་པས་གལ་ཆེན་དོན་ཆེན་ཞུས་ཏེ། མི་སྡེ་ཆོལ་ཁ་གསུམ་པོའི་དྲྭ་ཐོག་གི་མིག་ཟུང་ཕྱོགས་ས་གཙོ་བོ་དུས་བབ་དང་། བང་ཆེན་གྱི་དྲྭ་ཐོག་ལ། འདྲེན་བཀོད་བྱས་མོད། དེར་དོ་སྣང་གནང་མཁན་དང་། དེ་ལས་ཀྱང་རྩོམ་ཉོག་གཞན་དང་བསྡུར་ན། ཀློག་མཁན་ཀྱང་དེ་ཙམ་མང་པོ་བྱུང་མི་འདུག་པས། ཧ་ཅང་བློ་ཕམ་ཞིག་སྐྱེས་སོང་། རང་ངོས་ལ་མཚོན་ན། སྟབས་སྡུག་བ་ཞིག་ལ་རྒྱལ་གཅེས་སྨྱུག་ཐོག་པ་ཁོང་ལ་ཆ་རྒྱུས་དེ་ཙམ་མེད་ལ། ཁོང་བཙོན་གྲོལ་ཐོབ་ཟིན་ཡོད་མེད་དང་། ད་ལྟའི་གནས་སྟངས་གང་འདྲ་ཡོད་མེད་ཀྱང་ལྐོག་གྱུར་ཞིག་ལས་མ་འདས་མོད། ཁོང་གི་རྩོམ་ཆོས་འདི་དག་མཐོང་ཐེངས་རེར་སྡོད་ཚུགས་མེད་པའི་གདུང་སེམས་མཉམ་བསྐྱེད་ཀྱི་ཚོར་སྣང་ཡོང་བཞིན་འདུག དེའི་ནང་ཁོང་གི་རྩོམ་ཆོས་༼ལྕགས་སྒྲོག་༽ནང་གི་
ཐམ་ཀ་འདྲ་མིན་གྱིས་འགྲོ་ལམ་བཀག་ཅིང༌།།
དྲ་འཇུག་མི་མཚུངས་པའི་སྦྱར་ཡིག་བཀྲམས་པས།།
མི་ཚེའི་བགྲོད་ལམ་ལ་རྒྱ་གྲམ་གཏད་ཅིང༌།།
འཚོ་བའི་དཔལ་ཁ་ལ་ཐལ་སྐྱ་བཏབ་ཚར།།
ཞེས་པ་འདིར་བལྟས་ན་ཁོང་བཙོན་གྲོལ་ཐོབ་ཚར་བ་ཞིག་ལ་ཚོད་དཔག་བྱས་མོད། ཁ་སང་འབྲོག་རུ་ཆོས་གྲགས་ལགས་ཀྱིས་གུས་པར་གློག་འཕྲིན་ཐོག་ནས་འདིའི་སྐོར་སྐད་ཆ་དྲིས་སོང་སྟེ། ཁོང་ལ་གསལ་ཁ་ཅན་གྱི་གཏམ་ལན་རེར་གནང་རྒྱུ་རག་མེད།
དེར་བརྟེན་ཕྱོགས་ཡོངས་ཀྱི་དྲ་གྲོགས་ལྷན་རྒྱས་བརྒྱུད་ཐབས་མཁས་པོའི་ངང། གདུང་སེམས་མཉམ་བསྐྱེད་དོད་དུ། རྩོམ་པ་པོ་ཁོང་གི་ད་ལྟའི་གནས་སྟངས། གང་འདྲ་ཞིག་ཡོད་མེད་ཐད་ལོ་རྒྱུས་ཁ་གསལ་རེར་སྤུངས་ཐུབ་ན་སྙམ།
དེའི་ཞོར་དུ་ཁོང་གི་རྩོམ་ཡིག་༼བཙོན་འཇུག་གི་མནར་གཅོད༽ཞེས་པ་ཞིག་ཡོད་ཚོད་འདུག་པས། རྩོམ་ཡིག་དེའང་བརྩད་འཚོལ་གནང་ཐུབ་ན་སྙམ་བཞིན་ཡོད།
དང་པོ་དྲི་མེད་ལགས་ཉིད་ལ་མཚམས་འབྲི་ཡོད། ང་ནི་ཁྱེད་ཀྱི་རྒྱུས་ཡོད་ཅིག་ཡིན་མོད། འདིར་དངོས་མིང་ནས་གབ་ཏེ་ཡོད་པས་ངོ་སྤྲོད་ཞུ་དཀའ།
གང་དེར་རིགས་མཐུན་ར་ཡིག་གཉིས་པ་འགའ། །
དེང་གི་སྤྱི་ཚོགས་འདི་དང་མཉམ་བགྲོས་ཆེད། །
ཤེས་རིག་གསར་པའི་སྦྲང་རྩི་འཐུང་ངོ་ཞེས། །
ལྷང་ལྷང་ཐོས་འདི་བདེན་ནམ་གྲོགས་པོ་ལགས། །
གང་དེར་རིགས་མཐུན་ར་ཡིག་གཉིས་པ་འགའ། །
ཤེས་རིག་གསར་པའི་བཅུད་ལ་རོལ་ལོ་ཞེས། །
ལྷང་ལྷང་ཐོས་འདི་བདེན་ནམ་འཆམ་ར་ལགས། །
ཁོམས་ལ་ལན་ཞིག་གནང་མཛོད་གྲོགས་པོ་ཀྱེ། །
སྒོ་ཆེན་ཡོན་ཏན་བཟང་པོ་ནི་ངའི་ཆོས་གྲོགས་ཡག་ཤོས་ཅིག་ཡིན་པའི་མ་ཚད་ང་རྒྱ་གར་དུ་ཅུང་མ་འོངས་སྔོན་ང་ཚོ་ཚད་མའི་འཛིན་གྲྭ་བ་བཅོ་བརྒྱད་དམིགས་བསལ་གྱིས་དམ་ཅན་ཁོག་ཟེར་བའི་ས་གནས་དེར་སྤྲོ་འཆམ་ལ་ཕེབས་ནས་ཉིན་འགར་རྩེད་མོར་གཡེང་ནས་སྡད་མྱོང་འོན་ཀྱང་དེ་དུས་ཁོང་གིས་ཐོག་མའི་དབྱངས་རྟ་ཞེས་པའི་རྩོམ་དེབ་དེ་བཏོན་ཚར་ཡོད་ལ་ཁོང་ཕལ་ཆེར་ལོ་བཅོ་བརྒྱད་བཅུ་དགུ་ཡིན་པ་འདྲ། དེ་རྗེས་ང་གཉིས་འབྲེལ་འདྲེས་གང་ཡང་མེད། ང་འདི་གར་སླེབ་ཚར་རྗེས་ཁོང་གི་བརྩམ་ཆོས་ཁ་ཤས་ཧི་གཟུགས་ཟིན་བྲིས་སོགས་སུ་མཐོང་སོང་། ཉེ་ཆར་ཁོང་རྒྱ་མིས་བཙོན་འཇུག་དང་ནར་གཅོད་བྱེད་ཀྱི་ཡོད་པ་ཐོས་འཕྲལ་སེམས་པ་མ་བདེ་ནས་ཁོང་ལ་འབྲེལ་ལམ་ཞིག་གི་ཆེད་ལག་འཕྲིན་ཨང་གྲངས་དང་དྲྭ་ཡིག་སོགས་ཨེ་ཐོབ་རེ་བལྟས་ཀྱང་ད་དུང་མ་ཐོབ་པས་འབྲེལ་ཡོད་གྲོགས་པོ་ཚོས་མཁོ་སྤྲོད་རེ་གནང་རོགས་ཞུ།།
ཚང་མ་ལ་འཚམས་དྲིན་བཀྲ་ཤིས་བདེ་ལེགས་ཞུ།