སེང་མགུལ་སྨན་བླས་བསྒྱུར།
སྐབས་ཤིག་རྡུལ་ཕྲན་འབར་མདེལ་(nuclear bomb)འཛམ་གླིང་སྟེང་ཐེངས་འགར་ཐོར་ཞིང་། དེའི་འཇིགས་སྣང་གིས་མིའི་བསམ་བློ་ལ་གྲང་དམག་(cold war)ནི་ནམ་ཡང་རྫོགས་རྒྱུ་མེད་པར་བསྐུལ་ནའང་། ད་ལྟའི་དུས་སུ། གྲང་དམག་ནི་ཡལ་བར་གྱུར་ནས་དྲན་གསོ་ཙམ་ལས་ལྷག་མེད།
གྲང་དམག་ནི་ཐོག་མ་ནས་ཨ་རི་གཅིག་སྒྲིལ་རྒྱལ་ཁབ་དང་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་གཉིས་བར་གྱི་འཁྲུག་རྩོད་ཅིག་དང་། ཕན་ཚུན་དེ་གཉིས་ཀྱི་སྟོབས་ཤུགས་ཀྱིས་རྒྱལ་ཁབ་གཞན་མང་པོའང་ཕྱོགས་དེ་གཉིས་ཀྱི་རྩོད་རྙོག་ཏུ་འཐེན། དེ་ནི་སྤྱི་ལོ་1940་ལོ་ཡས་མས་ནས་1980་ཡས་མས་ཏེ་མང་མཐར་ཡང་ལོ་ངོ་40་ལྷག་གི་རིང་ལ་བྱུང་བ་ཞིག་གོ།
དམག་འཁྲུག་དེ་ཅི་ཕྱིར་གྲང་ངར་ལྡན་པ་ཞིག་ཡིན་དགོས་སམ་ཞེས་ན། དེ་ནི་ཕྱོགས་དེ་གཉིས་ཀྱིས་ཕན་ཚུན་ལ་དངོས་སུ་ལག་འདྲེས་ཚ་ཤུགས་ཀྱི་འཐབ་འཛིང་བྱས་མེད་པ་དེའོ། །
གྲང་དམག་དེ་ཇི་ལྟར་འགོ་བརྩམས་པ་རེད།
ཨུ་རུ་སུའི་གསར་བརྗེའི་དམག་གིས་ཤར་ཕྱོགས་ནས་བཙན་འཛུལ་བྱས་ཏེ་ཇར་མན་ན་ཟེ་(Nazi Germany)་ཕམ་པར་རྒྱག་དུས་ཨ་རི་གཅིག་སྒྲིལ་རྒྱལ་ཁབ་དང་ཨུ་རུ་སུ་མཉམ་འབྲེལ་རྒྱབ་ཁབ་གཉིས་ཕན་ཚུན་མཐུན་ཕྱོགས་དང་གྲོགས་པོ་ཡིན་མོད། སྤྱི་ལོ་1945་ལོར་དམག་འཁྲུག་གཉིས་པ་མཇུག་རྫོགས་མ་ཐག་རྒྱལ་ཁབ་འདི་གཉིས་ཀྱི་བར་གྲང་དམག་དེ་བྱུང་བ་རེད།
དམག་འཁྲུག་གཉིས་པ་མཇུག་རྫོགས་རྗེས། ཨུ་རུ་སུའི་མཉམ་འབྲེལ་རྒྱལ་ཁབ་ཀྱིས་ཇར་མན་ནའི་དབང་སྒྱུར་ལས་རང་བཙན་ཐོབ་པའི་རྒྱལ་ཁབ་སྟེ། བྷོལ་རྒ་རི་ཡ(Bulgaria)་དང་། ཆི་ཁོ་སི་ལོ་བ་ཀི་ཡ་(Czechoslovakia)། ཧན་གི་རེ(Hungary)། ཕོ་ལན་ཌི(Poland)། རོམ་སོགས་ཡོ་རོབ་ཤར་ཕྱོགས་ཀྱི་རྒྱལ་ཁབ་མང་པོར་དབང་བསྒྱུར་བྱས།
ཡོ་རོབ་ས་ཁུལ་དུ་ཇི་ལྟར་ཨུ་རུ་སུའི་ཤུགས་རྐྱེན་ཐེབས་ནས་དར་ཁྱབ་ཕྱིན་པའི་སྐོར་ནི། འཛམ་གླིང་དམག་འཁྲུག་གཉིས་པའི་སྐབས་ཀྱི་དབྱིན་ཡུལ་གྱི་དམག་དཔོན་བེན་སི་ཌོན་ཆོར་ཆིལ་(Winston churchill)་ལགས་ཀྱིས་འགྲེལ་བརྗོད་བྱས་ཡོད་པ་དང་། ཨུ་རུ་སུ་གསར་བརྗེའི་ཚོགས་པས་དབང་དུ་བསྡུས་པའི་ཡོ་རོབ་ཤར་ཕྱོགས་དང་རྒྱ་ཆེ་བའི་དམངས་གཙོའི་ཕྱོགས་ཏེ་ཡོ་རོབ་ནུབ་ཕྱོགས་གཉིས་ཀྱི་བར་ན་དངོས་ཡོད་ཀྱི་ལྕགས་རིའི་ཡོལ་བ་ཞིག་མེད་ནའང་། མཚམས་དེ་ན་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ཀྱིས་ཨུ་ཚུགས་དང་ནན་སྐུལ་བྱས་པའི་དབྱེ་མཚམས་སྟུག་པོ་ཞིག་མཆིས།
གྲང་དམག་གི་སྐབས་སུ་ཡོ་རོབ་ཤར་ཕྱོགས་ནི་ཡོ་རོབ་ནུབ་ཕྱོགས་དང་ལོགས་སུ་གྱེས་ཤིང་ཁོང་ཚོའི་གཅད་མཚམས་ཁག་ཏུ་ཚེར་མའི་ལྕགས་དྲ་དང་དམག་མིས་བསྐོར་ཡོད། ཕམ་ཁ་ཤོར་བའི་ཇར་མན་དེ་ནུབ་ཕྱོགས་ཀྱི་ཇར་མན་དང་ཨུ་རུ་སུ་གསར་བརྗེའི་ཚོགས་པའི་དབང་སྒྱུར་འོག་གནས་བའི་ཤར་ཀྱི་ཇར་མན་སོགས་སུ་ཁ་ཐོར་ཕྱིན་པ་དང་། དེ་ནས་ཇར་མན་གྱི་སྔོན་མའི་རྒྱལ་ས་བྷིར་ལེན་(Berlin)་ཏེ་སྤྱི་ལོ་1961་ལོར་གྲོང་ཁྱེར་དེ་ཕྱོགས་གཉིས་སུ་གྱུར་ནས་དབྱེ་མཚམས་ཧྲིལ་བོར་ཨར་འདམ་གྱི་གྱང་བརྩིགས་ཤིང་དེའི་སྟེང་ལ་ཤེལ་ཆག་བཙུགས་ནས་མི་མང་རྣམས་དེའི་སྟེང་ནས་ཇར་མན་ནུབ་ཕྱོགས་སུ་བྲོས་བྱོལ་དུ་འགྲོ་མི་ཐུབ་པ་བཟོས།
འཁྲུག་རྩོད་དེ་ཅི་ཞིག་གི་སྐོར་ཡིན་ནམ།
གྲང་དམག་གི་སྐབས་སུ། ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ནི་དམར་པོའི་རང་ལུགས་ཡིན་པས། ཨ་རི་གཅིག་སྒྲིལ་རྒྱལ་ཁབ་དང་ཁོ་ཚོ་བར་གྱི་དཔལ་འབྱོར་དང་ཆབ་སྲིད་སོགས་ཀྱི་སྒྲིག་སྲོལ་ནི་གཏན་ནས་མི་གཅིག་ལ། ཨ་རི་དང་དེའི་མཐུན་ཕྱོགས་རྒྱལ་ཁབ་དག་ཨུ་རུ་སུ་གཅིག་སྒྲིལ་རྒྱལ་ཁབ་ཀྱིས་དམར་པོའི་རང་ལུགས་འཇིག་རྟེན་གཞན་ཧྲིལ་བོར་དར་ཁྱབ་ཏུ་གཏོང་འདོད་པ་དེར་སྐྲགས་ནས་སྒྲིག་སྲོལ་དེ་ལ་མི་དགའ་བར་གྱུར།
དམར་པོའི་རང་ལུགས་ཀྱི་དམིགས་ཡུལ་ནི་མི་སྒེར་གྱི་བདག་དབང་མཇུག་བསྒྲིལ་ཞིང་། ཐམས་ཅད་ཀྱིས་དམར་པོའི་རང་ལུགས་འོག་ཐུན་མོང་གི་སྤྱི་ཚོགས་ཁེ་ཕན་བཙལ་ནས་ཚོགས་པ་གཅིག་ལྟ་བུའི་དམ་བཅའ་འཇོག་རྒྱུ་དེ་རེད། ཡིན་ན་ཡང་། ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ཀྱི་ནང་དུ་བྱ་བཞག་མང་པོ་ཞིག་དེ་བཞིན་ལེགས་འགྲུབ་མ་བྱུང་བ་དང་། དེ་ལས་ལྡོག་སྟེ་དམར་པོའི་རང་ལུགས་ཀྱི་རྒྱབ་ཁབ་དེ་སྲིད་དབང་སྒེར་འཛིན་ལམ་ལུགས་སུ་གྱུར་ནས་ཐམས་ཅད་ཀྱི་རང་དབང་བརླགས་པར་བརྟེན། ཚོགས་པ་དེ་དང་མི་མཐུན་པའི་མི་མང་ས་ཡ་མང་པོ་འཛིན་བཟུང་བཙོན་འཇུག་བྱས་པ་རེད།
ཨ་རི་གཅིག་སྒྲིལ་རྒྱལ་ཁབ་དང་ཡོ་རོབ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་སྲིད་གཞུང་སྒེར་འཛིན་ལས་འཕགས་པའི་དམངས་གཙོའི་སྲིད་གཞུང་ཡིན་ལ། ཁོང་ཚོས་རིན་ཐང་སྤྲད་པའི་རང་དབང་དེ་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ནང་རྩ་བ་ནས་རྙེད་སོན་བྱུང་མེད། ད་དུང་། ཁོང་ཚོའི་དཔལ་འབྱོར་གྱི་སྒྲིག་སྲོལ་དེ་ཡང་མཉམ་སྒྲུབ་ཀྱི་འབད་བརྩོན་ལས་འཕགས་པའི་མི་སྒེར་སོ་སོའི་ཁེ་ཕན་ལ་གཞི་བརྟེན་བཙུགས་ཡོད།
གྲང་དམག་གི་སྐབས་སུ། ཨ་རི་གཅིག་སྒྲིལ་རྒྱལ་ཁབ་ཀྱིས་ཐེངས་མང་པོར་དམར་པོའི་རང་ལུགས་ཀྱི་རྔམ་བརྗིད་ཁྲོད་རང་དབང་འགའ་རེ་བརླགས་པ་དང་། སྤྱི་ལོ་1950་ལོར་ཡས་མས་ཀྱི་སྐབས་སུ་དམར་པོའི་རང་ལུགས་ལ་བརྩེ་སེམས་ཆེ་བའི་དོགས་གཞི་ཅན་གྱི་ཨ་རི་བ་མང་པོའི་ལས་གནས་ཀྱང་ཤོར་བ་རེད།
མཚོན་ཆའི་འགྲན་སྡུར་ནི་ཅི་ཞིག་རེད།
གྲང་དམག་གི་སྐབས་སུ་ཕྱོགས་གཉིས་ནས་གོ་མཛོད་ཡར་རྒྱས་སུ་བཏང་བ་དང་། ལྷག་པར་དུ་མི་མང་སྟོང་ཕྲག་དང་གྲོང་ཁྱེར་མང་པོ་གཞོམ་ཐུབ་པའི་རྡུལ་ཕྲན་མཚོན་ཆ་བཟོས། ཕྱོགས་གང་གིས་རྡུལ་ཕྲན་དམག་འཁྲུག་སྔོན་ལ་འགོ་བརྩམས་པར་དོགས་པའི་དངངས་སྐྲག་དེ་ཕན་ཚུན་གཉིས་ལ་ཡོད།
དམག་འཁྲུག་གི་ཆེད་རྡུལ་ཕྲན་མཚོན་ཆ་འཕེལ་རྒྱས་སུ་གཏོང་འགོ་བརྩམས་ཤིང་། དེ་བཞིན་དམག་འཁྲུག་གི་ཆེད་ཕན་ཚུན་ལ་གོ་མཚོན་མང་པོ་མཁོ་བའང་ཕྱོགས་གཉིས་ནས་བརྗོད་ཀྱི་ཡོད། ཡིན་ནའང་། གལ་ཏེ་དམག་འཁྲུག་དེ་འགོ་བརྩམས་ན་ཕན་ཚུན་གཉིས་སྟོང་དུ་འགྱུར་གྱིན་ཡོད་པས། ཕྱོགས་གཉིས་ལ་གོ་མཚོན་གྱི་ཆ་རྐྱེན་འདང་ཡང་དམག་རྒྱག་གི་འགོ་བརྩམ་མི་ཐུབ་པའི་ཡིད་ཆེས་ཡོད།
ཇི་ལྟར་གྲང་དམག་རྒྱ་ཁྱབ་ཏུ་སོང་ངམ།
ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་ནག་གཉིས་ཚོགས་པ་མང་པོའི་རྒྱབ་ཏུ་ལངས་ཞིང་རྒྱལ་ཁབ་གཞན་མང་པོ་སྟོབས་ལྡན་དུ་གཏོང་བར་འབད་བརྩོན་བྱས་ནས། ཡོ་རོབ་ཤར་ཕྱོགས་ཀྱི་ནང་དུ་སྟོབས་ཆེ་བའི་དམར་པོའི་སྲིད་གཞུང་བཙུགས་པ་དང་། དུས་མཚུངས་སུ་དམར་པོའི་རང་ལུགས་ཀྱི་འགོ་ཁྲིད་མང་པོ་རྒྱ་ནག་འཕེལ་རྒྱས་ཀྱི་བྱ་བར་བསྙེགས། དེ་ནས་དམག་འཁྲུག་ལངས་ཤིང་ཨ་རི་དམག་འཁྲུག་མང་པོར་ཞུགས་ནས་རྒྱ་ཁྱབ་ཏུ་འགྲོ་བཞིན་པའི་དམར་པོའི་རང་ལུགས་བཀག་འགོག་བྱས།
སྤྱི་ལོ་1950 ལོ་ནས་སྤྱི་ལོ་1953 ལོའི་བར་ཀོ་རི་ཡའི་དམག་འཁྲུག་ལངས་བ་ནས་གྲང་དམག་ཤར་གླིང་ཨེ་ཤི་ཡ་ལ་འབྱོར་བ་དང་། སྐབས་དེར་རྒྱ་ནག་གིས་ཀོ་རི་ཡའི་ནུབ་ཕྱོགས་ལ་རྒྱབ་སྐྱོབ་བྱས་པ་དང་། ཨ་རིས་ཀོ་རི་ཡའི་ལྷོ་ཕྱོགས་ལ་རྒྱབ་རྟེན་བྱས། 1953་ལོར་དམག་འཁྲུག་མཚམས་འཇོག་བྱེད་དུས་ཀོ་རི་ཡ་ཕྱོགས་གཉིས་སུ་གྱུར་བ་དང་ད་དུང་དེ་ལྟར་ལྷག་ཡོད།
སྤྱི་ལོ་1962་ལ་གྲང་དམག་གིས་འཇིག་རྟེན་འདི་རྡུལ་ཕྲན་དམག་འཁྲུག་གི་ཚད་ལ་བསྐྱལ་ཞིང་། ཨ་རི་གཅིག་སྒྲིལ་རྒྱལ་ཁབ་ཀྱིས་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ཀྱིས་ཁོ་བྷའི་(Cuba)ནང་དུ་རྡུལ་ཕྲན་མེ་ཤུགས་འཕུར་མདའ་བཙུགས་ནས་ཁོ་ཚོའི་ཕྱོགས་སུ་གཏད་ཡོད་པ་མཐོང་། སྐབས་དེའི་དམག་འཁྲུག་ནི་ཟློག་ཏུ་མེད་པ་ཞིག་ཡིན་ནའང་། ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ཀྱིས་མེ་ཤུགས་འཕུར་མདའ་རྩིས་མེད་དུ་བཏང་ནས་ཕྱི་ནུད་བྱས་པ་རེད།
ཨ་རིའི་སྲིད་གཞུང་ནི་ཤར་གླིང་ཨེ་ཤི་ཡའི་རྒྱལ་ཁབ་གཅིག་དམར་པོའི་རང་ལུགས་སུ་གྱུར་ན་གཞན་ལྷག་མ་རྣམས་ཀྱང་དམར་པོའི་རང་ལུགས་སུ་འགྱུར་བར་དངངས་སྐྲག་སྐྱེས་ནས། སྤྱི་ལོ་1959་ནས་1975་བར་བེ་ཐྲི་ནམ་(Vietnam)་གྱི་དམར་པོའི་རང་ལུགས་ཀྱི་དར་རྒྱས་ལ་འཐབ་འཛིང་བྱས། མཐར་བྱ་སྤྱོད་དེ་བེ་ཐྲི་ནམ་གྱི་དམར་པོའི་རང་ལུགས་ཀྱི་རྒྱལ་ཁ་དང་ལྷན་དུ་མཇུག་རྫོགས་པ་རེད་ལ། དམར་པོའི་རང་ལུགས་ཀྱང་ཡེ་ཤི་ཡའི་ཁྱོན་ཡོངས་ལ་དར་འཁྱབ་ཏུ་སོང་མེད།
ཇི་ལྟར་གྲང་དམག་མཇུག་བསྡུས་པ་རེད་དམ།
གྲང་དམག་གི་མཚོན་ཆ་རྒྱ་ཆེར་བཏང་བའི་མཇུག་འབྲས་ཀྱིས་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་དབུལ་ཕོངས་སུ་གྱུར་བ་དང་། དེ་བཞིན་འཚོ་བ་བཟང་དུ་གཏོང་འདོད་པའི་མི་མང་གི་རེ་བའང་བརླགས། དེ་ནས་སྤྱི་ལོ་1980་ནང་མཚམས་སུ་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་གསར་བ་མེ་ཁལ་གོ་བྷ་ཆེ་བི་(Mikhail Gorbachev)་བསླེབས་ནས་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་དར་རྒྱས་དང་འཚོ་བ་ཇེ་ལེགས་སུ་གཏང་བར་དམ་བཅའ་བཞག་པ་དང་། རྒྱུད་རིམ་དེའི་ཁྲོད་ཁོས་རྒྱབ་སྐྱོར་བྱས་ནས་གྲང་དམག་མཇུག་བསྡུས་བ་རེད།
ཁོས་རང་གི་མི་མང་ཚོའི་ཆེད་དུ་རང་དབང་སྐད་འབོད་དང་། བློ་སྤོབས་ཆེན་པོས་ཡོ་རོབ་ཤར་ཕྱོགས་སྒྱུར་བཅོས་སུ་བཏང་ནས་ཨུ་རུ་སུ་གསར་བརྗེ་དམག་གི་ནུས་བ་འདིས་དམར་པོའི་སྲིད་གཞུང་གཟུང་གི་མ་རེད་ཅེས་བརྗོད། དེ་མ་ཟད། ཁོ་དང་ཨ་རི་སྲིད་འཛིན་རོ་ནལ་རེ་ཇན་(Ronald Reagan)་གཉིས་ལ་རྒྱལ་ཁབ་འཕེལ་རྒྱལ་དང་མཚོན་ཆ་གཏོར་བཤིག་གི་མཐུན་མོས་ཀྱང་བྱུང་བ་རེད།
དེ་ནས་གཅིག་འཕྲོ་གཅིག་ལ་ཡོ་རོབ་ཤར་ཕྱོགས་ཀྱི་རྒྱལ་ཁབ་མང་པོའི་དམར་པོའི་རང་ལུགས་ཀྱི་འགོ་ཁྲིད་དག་མེད་པར་གྱུར་ཞིང་། སྤྱི་ལོ་1989་ལོར་བྷིར་ལེན་གྱི་གྱང་རྩིག་དེ་ཡང་མེད་པར་བཟོས་ནས་ཡོ་རོབ་ནི་ཕྱོགས་གཉིས་སུ་གྱེས་མ་དགོས།
མཇུག་མཐར། སྤྱི་ལོ་1989་ལོར་ཡོ་རོབ་ཤར་ཕྱོགས་ནང་གི་དམར་པོ་རང་ལུགས་ཐོར་ཤིག་ཏུ་སོང་བ་དང་ལྷན་དུ་གྲང་དམག་ཀྱང་མཇུག་རྫོགས་པ་རེད། ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཆ་ཤས་མང་པོར་རང་བཙན་ཐོབ་ནས་སྤྱི་ལོ་1991་ལོར་རྒྱལ་ཁབ་དེ་ཁ་ཐོར་ཕྱིན།
ཚང་མ་བཀླགས་ཟིན།
བཀའ་དྲིན་ཆེ།
ང་རང་བསྒྱུར་རྩོམ་རིགས་ལ་དགའ་བོ་ཡོད།
མ་འོངས་པར་ཡང་མང་ཙམ་བསྒྱུར་བའི་རེ་བ་ཞུ།
ད་འོ་ན་བོད་ཀྱི་དབུ་རང་བར་གྱི་གྲང་དམག་འདི་ག་དུས་མཇུག་རྫོགས་ཀྱི་རེད། བོད་ཀྱི་དབུ་རང་བ་ཚོས་བཟོས་པའི་ཤོག་བུའི་རྡུལ་ཕྲན་མཚོན་ཆ་དེ་ཚོ་ནམ་ཞིག་མེ་ལ་བསྲེག་ཐུབ་ཀྱི་རེད།
རྨོངས་དད་ནམ་སངས་དུས་སུ་དབུ་རང་གི་རྩོད་པ་དང་སྤྲུལ་སྐུའི་རིང་ལུགས་སོགས་མེད་པར་འགྱུར།
དབུ་རང་བར་གྱི་གྲང་དམག་དེ་རིན་པོ་ཆེས་ལུང་བསྟན་གནང་ན་ཤེས་ཀི་རེད། རིན་པོ་ཆེ་དུས་གསུམ་དང་འཆི་བ་ལ་དབང་འབྱོར་བ་མ་རེད་དམ།
བསྐལ་པ་འཇིགས་དུས་རྨོངས་དད་སང་འགྲོ་ན་ཐང་།
གོང་ས་མཆོག་གིས་དཔྱད་པ་ལ་བརྟེན་ནས་དད་པ་བྱེད་དགོས་པ་མ་གཏོགས་རྨོངས་དད་བྱས་ཏེ་དད་པ་བྱས་ན་མི་འོས་རབས་གསུངས་སོང། དེ་ཡིན་ན་བསྐལ་པ་འཇིགས་འཇིགས་ཀྱི་བར་དུ་སྒུག་དགོས་པ་འདྲ།