རྔ་བ་རྒྱལ་ཁམས་པ
———-
སྤྱི་ལོ༣༥༤་༤༣༠
སེ་གྲི་ཨོ་སྒ་སི་གྲེན་མཆོག་ནི། གནའ་བོའི་རོམ་རྒྱལ་ཁམས་ཀྱི་མངའ་ཐང་ཉམས་རྒུད་དུ་འགྲོ་བཞིན་པའི་སྐབས་ཤིག་ཏུ་བྱོན་པའི་མཚན་ཉིད་པ་ཞིག་ཡིན་ལ། ཁོང་གི་ལྟ་སྤྱོད་ལས་རོམ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་རིག་གཞུང་སྣ་ཚོགས་ཤིག་སྐྱེ་འཕེལ་གྱི་སྣེ་འདྲེན་བྱས་ཡོད། དམ་པ་དེ་ཉིད་ཀྱི་ཡབ་ནི་ལྷ་སྐུ་བསྟེན་གསོལ་བྱེད་མཁན་ཞིག་དང་། ཡུམ་ནི་ཡུ་ཤིའི་ཆོས་ལ་དད་པ་བྱེད་མཁན་ཞིག་རེད། ཁོང་རང་ལོ་བཅུ་བདུན་སྐབས་སློབ་སྦྱོང་ལ་ཞུགས་ཤིང་། སློབ་གྲར་བཞུགས་རྒྱུན་རིང་ཡུ་ཤིའི་ཆོས་པ་དང་། ཏ་ཟིག་གི་ལུང་བསྟན་པ་མ་ནེ་སིའི་ཆོས་བརྒྱུད། སྐུ་འདྲ་བསྟེན་གསོལ་བྱེད་མཁན་བཅས་ཀྱི་ཆོས་སྤྱོད་ཐད། དགག་སྒྲུབ་ཚ་ནན་བཏང་སྟེ་ངོས་ལེན་བྱས་མེད་ཁར། བག་མེད་སྨྱོན་པ་ལྟ་བུའི་ཆགས་སྤྱོད་ལ་ཞུགས་པའི་ལོ་རྒྱུས། རང་རྣམ་༼མཐོལ་བཤགས༽ཞེས་པའི་ནང་གསལ་བོར་བཀོད་འདུག ཁོང་རང་ཉིད་སྐུ་ན་ཕྲ་མོའི་དུས་སུ་མ་ལ་སེམས་ཐག་ཉེ་བོ་ཡོད་པའི་ཤུགས་རྐྱེན་ལས། མས་དད་པ་ཞུ་ཡུལ་གྱི་ཆོས་བརྒྱུད་ལ་རང་ཉིད་ཀྱང་རིམ་པས་ཞུགས་ནས། ཡུ་ཤིའི་ཆོས་དཔོན་ཞིག་གི་གོ་གནས་ཀྱང་བཞེས་ཏེ། སྐུ་ཚེ་མཐའ་བསྐྱེལ་གནང་འདུག གནའ་བོའི་སྒུ་རིག་གི་མཁས་པ་ཨ་རེ་སི་ཁྲོ་ཁྲལ་མཆོག་གི་ལྟ་བས། ཡུ་ཤིའི་ཆོས་བརྒྱུད་འཛིན་མཁན་གྱི་མཚན་ཉིད་པ་ཆེན་པོ། ཨ་ཁོས་ན་སི་མཆོག་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་འདུག་པ་ནང་བཞིན། མཁས་ཆེན་ཕུ་ལེ་ཁྲོ་མཆོག་གི་འཇིག་རྟེན་འདི་བཞིན་དེའི་སྤྲོས་གཞིའམ། དཔེ་གཞིར་གྱུར་པའི་དོན་དམ་གྱི་འཇིག་རྟེན་ལ་ལྟོས་ན། ཀུན་རྫོབ་ཙམ་ལས་བདེན་པ་ཞིག་མ་ཡིན་པར་གསུངས་པའི་ལྟ་དགོངས་ཀྱིས། སེ་གྲི་ཨོ་སྒ་སི་གྲེན་གྱི་འཇིག་རྟེན་ལྟ་ཚུལ་ལའང་ཤུགས་རྐྱེན་གཏིང་ཟབ་ཅིག་ཐེབས་ཡོད། འོན་ཏེ། ཁོང་གིས་རྟག་བརྟན་གྱི་བདེན་པ་དེ། མཁས་ཆེན་ཕུ་ལེ་ཁྲོ་མཆོག་གི་དགོངས་བཞེས་ལྟར་གྱི༼ཕུན་ཚོགས་འཇིག་རྟེན༽གྱི་ནང་དུ་གནས་པ་ཞིག་མ་ཡིན་པར། དེ་ནི་དཀོན་མཆོག་གི་ཐུགས་ན་གནས་ངེས་ཤིག་ཡིན་པའི་འདོད་ཚུལ་བཟུང་ཡོད། དེ་ཡང་གསལ་བོར་བཤད་ན། སློབ་དཔོན་ཕུ་ལེ་ཁྲོ་ལུགས་ཀྱི་བདེན་པའི༼འཇིག་རྟེན་གྱི་ཁམས༽ཞེས་པ༼དཀོན་མཆོག་གི་ཁམས༽ཞེས་པའི་དོན་དུ་འགྲེལ་བརྗོད་གནང་ཡོད། དེ་བཞིན་ཁོང་གིས་དཀོན་མཆོག་ནི་མཐུ་ནུས་ཕུན་ཚོགས་ཀྱི་མངའ་བདག་ཡིན་པས། དེས་ཁྱབ་ཚད་སླད་མེད་ཀྱི་བཟང་བོ་ཁོ་ནས་ཁྱབ་པ་དང་། ངན་པ་ཞེས་པ་བཟང་བོ་མ་ཚོགས་ཙམ་ལ་ངན་པ་ཞེས་བཏགས་པ་དང་། མུན་པ་ཞེས་པ་འོད་མ་འཛོམས་ཙམ་ལ་མུན་པ་ཞེས་བརྗོད་པ་ཙམ་ལས། དོན་དངོས་ཐོག་བཟང་བོ་ཞིག་ལས་ངན་པ་ཞིག་གཏན་མེད་པར་འདོད་དེ། རྒྱུ་མཚན་ནི། ཡོད་ཚད་དཀོན་མཆོག་གི་འཕྲིན་ལས་སུ་ཁས་འཆེ་བའི་གནད་ཀྱིས་ཡིན་པར་སྣང་ངོ་།། སེ་གྲི་ཨོ་སྒ་སི་གྲེན་མཆོག་གི་བསམ་བློའི་དགོངས་སྙིང་གཙོ་བོ་ཞིག་ནི། ༼རྒྱུ་མཚན་གྱི་དད་པ༽ཡིན་ལ། དེ་ཡང་ཁོང་ལྟར་ན་དཀོན་མཆོག་ནི་རྒྱུ་མཚན་གྱི་རྩོམ་པ་པོ་ཡིན་ལ། དེ་ཉིད་ཀྱིས་ང་ཚོ་དང་དང་དཀོན་མཆོག་བར་གོ་རྟོགས་ཡག་པོ་ཡོང་བར་རྒྱུ་མཚན་དེ་གནང་བ་ཞིག་ཡིན་པར་གཤད་ཡོད། ཁོང་ལྟར་ན། དཀོན་མཆོག་གིས་ང་ཚོར་བཟང་ངན་བླང་དོར་གྱི་རྣམ་པ་འབྱེད་པའི་བློ་རིག་གམ། ཤེས་རབ་ཅིག་བསྩལ་ཡོད་པ་དང་། དཀོན་མཆོག་ནི་ཆོས་ཐམས་ཅད་མཁྱེན་པའི་སྐྱེས་བུ་ཞིག་ཡིན་པ། དེ་ཉིད་ལ་ཁུངས་མ་བཅོལ་བར་ང་ཚོས་རྒྱུ་མཚན་ཁོ་ནར་བརྟེན་ནས། ཚུལ་མཐུན་གྱི་དོན་གནད་གང་ཡང་ཐག་གཅོད་བྱེད་མི་ཐུབ། བཟང་བོ་མ་ཚོགས་ཙམ་ལ་ངན་པ་ཞེས་བརྗོད་པ་བཞིན། ཁྲིམས་འཆལ་ལམ་དགེ་བ་མ་ཡིན་པའི་ཀུན་སྤྱོད་ཅེས་པའང་། དཀོན་མཆོག་གི་དགོངས་པ་དང་མ་འཚམས་པ་ལྟ་བུ་ཞིག་ཡིན་ལ། དེའི་མཇུག་འབྲས་ཉེས་དམིགས་གསོག་མཁན་ཉིད་ངན་སོང་སོགས་སུ་ཉེས་བཤགས་བྱེད་པར་འགྲོ་དགོས་པར་འདོད། གཞན་ཡང་། ཁོང་གི་ལྟ་ཚུལ་གྲགས་ཅན་གཞན་ཞིག་ནི། ༼དཀོན་མཆོག་གི་གྲོང་ཁྱེར༽ཞེས་བརྗོད་པའི་ལྟ་ཚུལ་དེ་རེད། ཁོང་གིས་དཀོན་མཆོག་གི་འཇིག་རྟེན་བཞེངས་སྐྲུན་གྱི་ལོ་རྒྱུས་ཐོག ཐུགས་སྦྱོང་ཉམས་ཞིབ་གནང་ནས་ང་ཚོ་འགྲོ་བ་མི་རྣམས་ནི། དཀོན་མཆོག་གིས་དམིགས་བསལ་བཞེངས་སྐྲུན་བྱས་པའི༼དཀོན་མཆོག་གི་གྲོང་ཁྱེར༽ཞིག་ལས། ༼མིའི་གྲོང་ཁྱེར༽ཞིག་མ་ཡིན་ཚུལ་འགྲེལ་བརྗོད་བྱས་ཡོད། ཨོ་སྒ་སི་གྲེན་མཆོག་གིས་དགུ་རིག་གི་སློབ་དཔོན་ཆེན་མོ་ཕུ་ལེ་ཁྲོ་མཆོག་གི༼གཟུགས་འདས་ལྟ་ཚུལ་ལམ༽༼ཕུན་ཚོགས་འཇིག་རྟེན༽དང་། ༼འགྲོ་བ་མིའི་གནས་རིམ༽དབྱེ་འབྱེད་ཀྱི་ལྟ་དགོངས་ཐད། ཚད་མཐོའི་གདེངས་འཇོག་གནང་སྟེ། དེ་དག་རང་གི་ཉམས་བཞེས་གནང་ཡུལ་གྱི་ཡུ་ཤིའི་ཆོས་ལུགས་དང་། གང་མཐུན་མཐུན་གྱི་ཐོག་ནས་འགྲེལ་བཤད་གནང་ཡོད་སྟབས། ཁོང་གི་བཀའ་དྲིན་ལས་ཡུ་ཤིའི་ཆོས་ལུགས་ཀྱི་ལྟ་གྲུབ་ནང་ཕུ་ལ་ཁྲོས་གསར་མའི་ལུགས་ཀྱི་མཚན་ཉིད་རིག་པའི་རྒྱབ་ལྗོངས་ཤིག་ཐོག་མར་བྱུང་སྟེ། སྒུ་རིག་གི་མཚན་ཉིད་རིག་པ་དང་། ཡུ་ཤིའི་ཆོས་རིག་་བར་འབྲེལ་ཐག་གི་ཟམ་པ་ལྟ་བུ་ཞིག་གསར་དུ་བཙུགས་པ་་ཡིན་ཞེས་ཀྱང་བཤད་ཐུབ་པ་ཡིན།
འདིར་བཤད་པའི་རང་རྣམ་མཐོལ་བཤགས་དང་ ཇིན་ཇེ་ཁིས་རའོ་སིལ་Jean – Jacques Rousseauགྱི་མཐོལ་བཤགས་སམ་འགྱོད་བཤགས་ཞེས་པ་དེ་གཉིས་མི་འདྲ་བ་རེད་དམ།
བརྩམས་ཆོས་ཀྱི་མིང་འདྲ་བས་ཅི་ཡིན་མ་ཤེས།