ཀླུ་སྨྱོན།
ངའི་ཁྱིམ་མཚེས་ཚང་གི་ར་སྐོར་ནང་། །
མཐའ་གཞལ་དུ་མེད་པའི་ནགས་ཚལ་ཡོད། །
སྟག་སེང་གཟིག་འཕར་བ་སྤྱང་ཀི་སོགས། །
འཇིགས་སྲོག་ཆགས་མང་པོས་ངར་སྐད་སྒྲོགས། །
ཆུང་བྱིས་པ་མང་པོས་རྨི་ལམ་ནང་། །
ཁོང་ཚང་གི་ནགས་ཀླུང་ཉུལ་བ་རྨི། །
མགོ་དཀར་པོ་ཅན་གྱི་རྒན་རྒོན་ཚོས། །
ཁ་མ་ཎིའི་ཚབ་ཏུ་ནགས་དེ་གླེང་། །
འདིར་མ་བཤད་ཐབས་མེད་ཁྱིམ་བདག་ཡིན། །
ཁོང་གནའ་བོའི་དྲང་སྲོང་གསོན་པོ་སྟེ། །
མགོ་སྐྲ་དང་སྨྲ་ར་དཀར་ཞིང་རིང་། །
ལག་མིག་མངས་བརྩེས་ན་འགྲན་ཟླ་མེད། །
ལོ་ཉི་ཤུར་འཇར་པར་མཚོ་གླིང་བསྡད། །
གཞུང་དམག་མིའི་དྲུང་ཡིག་ལོ་བདུན་བྱས། །
སྒྲུང་རིང་ཐུང་དཔེ་དེབ་སུམ་ཅུ་བྲིས། །
མཚན་མ་ཉལ་སྔོན་ལ་ཡོ་ག་སྦྱོངས། །
ནམ་ཉི་མ་དྲོ་དུས་མཚོ་འགྲམ་ཉུལ། །
ཆར་ཁ་བ་འབབ་དུས་རི་མགོར་འགྲོ །
ཚེ་གང་བོར་དཀར་ཟས་ཁོ་ན་བསྟེན། །
སེམས་བཟང་པོ་ཁྱིམ་མཚེས་ཀུན་ལ་གྲགས། །
ངས་ཁོང་གི་སྒོ་རའི་ནགས་ཚལ་ལས། །
ལྷ་དྲང་སྲོང་མང་ཞིག་ཞལ་ཡང་ཚོར། །
དེའི་ནང་གི་མཐུ་ལྡན་ཕྱིང་ཞྭ་ཅན། །
ངའི་མེས་པོ་ཞིག་གི་སྐྱེ་བར་གླེང་། །
གནམ་སྔོན་པོས་སྤྲིན་ལྭ་གྱོན་པའི་དུས། །
ཆར་བསིལ་མས་ས་གཞི་བརླན་པའི་དུས། །
ཁོང་ངེད་གཉིས་ལོ་མའི་སྤྱིལ་བུ་རུ། །
སྒོམ་ཏིང་འཛིན་གཅིག་གིས་ཉིན་བདུན་འདས། །
ངའི་སྡེ་དགེ་པར་མའི་ཕལ་བོ་ཆེ། །
དཔེ་སྣ་རིང་འདོམ་ཕྱེད་མཐུག་པོ་དེ། །
ཁོང་ཀློག་འདོན་མཁས་པས་ཉིན་ཕྱེད་བཀླགས། །
འདི་བསམས་ན་ལྷ་འདྲེའི་འཕྲུལ་དང་འདྲ། །
རླུང་བདག་མེད་ལྗོན་ཤིང་ལོ་མར་འཁྱུད། །
བྱ་བྱེའུས་སྐད་ཅོར་བར་མེད་འདོན། །
ཁོང་ཁྱིམ་མཚེས་མེ་ཏོག་ལྡུམ་ར་དེ། །
ཡུལ་དག་པའི་ཞིང་ཁམས་མངོན་སུམ་བཞིན། །
སྤྲིན་ནག་པོས་ནམ་མཁའ་གཡོགས་ན་ཡང་། །
གློག་དམར་པོས་བར་སྣང་གཤགས་ན་ཡང་། །
འབུ་གྲོག་མ་ཆུ་ཡིས་ཁུར་ན་ཡང་། །
གནས་གྲུབ་པའི་དགའ་ཚལ་ཉམས་རེ་དགའ། །
ཁོང་ཚོང་བ་ཕྱུག་པོའི་ལྡེ་མིག་དང་། །
སྨན་མཛེས་མས་བོར་བའི་ཚིགས་ཁེབས་སོགས། །
དཔལ་གཟི་བརྗིད་ཉམས་པ་མེད་པའི་ནོར། །
དུས་རྒྱུན་དུ་གྲུབ་པའི་ནགས་ནས་རྙེད། །
ལྷ་དཀོན་མཆོག་མཆོད་པའི་རོལ་མོའི་སྒྲ། །
སྡུག་དམྱལ་ཁམས་སེམས་ཅན་ངུ་བའི་སྐད། །
ཕྱིའི་རྒྱ་མཚོ་སྐྱོམ་པའི་རྦ་རླབས་དབྱངས། །
ཞིང་ནགས་ལོ་སྤྲུག་པའི་ཀློང་ན་འཕྱོ། །
ཆར་སམ་སིམ་ཁ་བ་ལྷབ་ལྷུབ་དང་། །
སེམས་དགའ་དགའ་སྐྱོ་སྐྱོའི་ཚོར་བ་འབུམ། །
དུས་གཅིག་ཏུ་བསྲེགས་པའི་མེ་ལྕེ་ཡང་། །
གནས་གྲུབ་པའི་ནགས་སུ་དུས་ཀུན་འབར། །
ཁྱེད་བཀའ་དྲིན་ཆེའོ་ཁྱིམ་མཚེས་ལགས། །
དུས་ནམ་ཡང་བརྗེད་མེད་གྲུབ་པའི་ནགས། །
ངའི་རུས་རྡུལ་རླུང་གིས་ཁུར་བའི་ཉིན། །
གནས་དེ་རུ་འཛོམ་པའི་རེ་བ་ལྕི། །
དཔལ་ལྷན་ཅིག་སྐྱེས་པའི་ཌྰ་ཀི་མ། །
གཟུགས་ལང་ཚོའི་མཛེས་པ་སྙིང་སྡུག་མ། །
དུས་དེ་རིང་ཁྲག་འཐུང་གླིང་བའི་གླུ། །
མ་འགྲོ་དྲུག་རྣ་བའི་བཅུད་དུ་དྲོངས། །
རྒན་ཀླུ་སྨྱོན།
ཁོང་བོད་པ་ཞིག་རེད་དམ། མདོ་ཕལ་ཆེར་དེ་མུར་མགྱོགས་པོ་འདོན་ཐུབ་མཁན་ཞིག་རེད་དམ།
“ངའི་སྡེ་དགེ་པར་མའི་ཕལ་བོ་ཆེ། །
དཔེ་སྣ་རིང་འདོམ་ཕྱེད་མཐུག་པོ་དེ། །
ཁོང་ཀློག་འདོན་མཁས་པས་ཉིན་ཕྱེད་བཀླགས། །”
དང་པོ་ཀློག་དུས་ཕྱི་རྒྱལ་གྱི་མི་ཞིག་ཡིན་བཟོ་ལ་ཕྱིས་སུ་བོད་པ་ཞིག་མིན་འགྲོ་སྙམས་པས་སྐད་ཆ་འདི་འདྲི་བར་ཤོར་སོང་།
རྩོམ་འདི་ནི་རྟོག་བཟོའི་སྙན་ངག་ཅིག་ཡིན། གཞི་འཛིན་ས་ཅི་ཡང་མེད། སྐར་མ་འགའི་རིང་གློག་ཀླད་ཀྱི་ཁ་གཏད་དུ་བསྡད་དེ་འདི་འདྲི་འབྲི་ཐལ་སོང་།
ཨ་ཁུ་ཀླུ་སྨྱོན་ལགས།
མཁན་པོ་བསོད་དར་རྒྱས་འདི་གར་སླེབས་ཡོད་པས་སྐད་ཆ་འདྲ་བསྐུར་རྒྱུ་ཡོད་ན་བདག་ལ་འབྲེལ་བ་གནང་རོགས།
dolmagalb@gmail.com
མཁན་ཆེན་ཚང་ལ་སྐད་ཆ་བསྐུར་རྒྱུ་ཅང་མེད།
གངས་ཅན་ལྗོངས་དང་མཧྰ་ཙི་ན་ཡི། །
སྐྱེ་འགྲོའི་བསོད་ནམས་མཐུ་ལས་ལེགས་འཁྲུངས་ཤིང་། །
ཐུབ་བསྟན་ཕྱོགས་མཐར་དར་ཞིང་རྒྱས་མཛད་པའི། །
མཁན་ཆེན་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་འཕེལ། །
ཞེས་ས་མཐའི་ལྡོམ་པོ་ཀླུ་སྨྱོན་གྱིས་གསོལ་བ་འདེབས་པ་ལགས།
གོས་ལྭ་ནང་མ་མེད་འདི།
བལྟས་བ་མྱིག་ལ་ཡག་རུང་།།
གོན་ན་དྲོ་རྒྱུ་མེད་ཀི།
མ་གོན་གོན་རྒྱུ་མེད་ཀི།
གོན་ན་ཉོབ་སྣང་སྐྱེས་འི།།
མཁན་པོ་བསོད་དར་གོ་མྱོང། ཁོང་ལའང་ཆོས་ལུགས་ཀྱི་ཕྱོགས་ཞེན་ཆེན་པོ་ང་དང་འདྲ་བ་ཞིག་ཡོད་རབས་གོ་མྱོང་ལོན་འདི་ཕུལ་རོགས་ཞུ། ཁོང་སྐུ་ཚེ་བརྟན་ཅིང་་རྒྱ་མི་རྣམས་སེམས་ཞི་བདེའི་གནས་སུ་བསྒྱུར་བར་ཤོག
བན་དེ་བས་རང་ཉིད་ཆོས་ལུགས་ཀྱི་ཕྱོགས་ཞེན་ཅན་ཞིག་ཡིན་པ་དངོས་སུ་ཁས་བླང་འདུག ཡག་པོ་རེད། ཡག་པོ་རེད།
མདོ་ཕལ་པོ་ཆེ་ན་རབ་གསལ་བའི།
གཞི་མེ་ཏོག་བརྒྱན་པའི་འཇིག་རྟེན་ཞེས།
ཐོས་ཀྱང་ཅི་ལྟ་བཞིན་ཤེས་པས་དབེན།
དེ་ཇི་ལྟར་ཡིན་པ་འབྲི་བར་མཛོད
མདོ་ཕལ་བོ་ཆེ་འདི་ཀློག་འདོད་ནས་ཡུན་རིང་སོང་མོད་དེ་བཀའ་འགྱུར་ལས་འཚོལ་བར་ལེ་ལོས་ལུས། ཉིན་འགའི་སྔོན་ཐེ་ལན་སྒྲི་ནས་ཡིན་པའི་ཨ་ཅག་ཅིག་དང་མོའི་ཁྱོ་ཀ་གཉིས་ང་ཚོའི་ལྷ་ཁང་དུ་བསླེབས། ཁོང་གཉིས་ལ་ལྷ་ཁང་ནང་གི་སྐུ་གསུང་ཐུགས་རྟེན་ངོ་སྤྲོད་བྱས་པའི་མཚམས་ཤིག་ལ། བཀའ་འགྱུར་བསྟན་འགྱུར་གྱི་གླེགས་བམ་དེ་ཚོ་ཚུལ་ཇི་ལྟར་ཡོད་མཇལ་འདོད་འདུག་ཟེར་བས། དཔེ་སྒྲོམ་ཆེན་པོའི་ཞལ་ཕྱེས་ནས་སྣང་མེད་ངང་གླེགས་བམ་ཞིག་ཚུར་བཏོན་པས་མདོ་སྡེ་ཕལ་ཆེན་ཀ་པ་རང་དུ་ཁེལ་འདུག་པས་ང་ནི་ངོ་མཚན་ཆེན་པོ་སྐྱེས་སོང་། ད་གཞི་ནས་མདོ་སྡེ་གྲགས་ཅན་ཕལ་བོ་ཆེ་འདི་ག་ལེར་ཀློག་གི་ཡིན།