བསྟན་འཛིན་ཤེས་རབ།
ཀ་ཡེ་གྲོགས་ཀླུ་སྨྱོན་ལགས། ང་ཚོས་རིན་ཐང་གི་ཆ་ནས་བཤད་ཡོང་དུས། ཉིད་ཀྱིས་ཕྲག་དོག་གི་སྐེ་ནས་དྲུད་ཡོང་གི་འདུག འུ་ཅག་སུ་དང་སུ་ཡིན་རུང་བོད་ཀྱི་སྐད་ཡིག་རིག་གནས་དང་རྩོམ་རིག་སྒྱུ་རྩལ་བསམ་གྱི་ཡོད་པ་རེད། ང་ཚོས་ཉིད་ཀྱིས་རྩོམ་རིག་བཟང་རྟགས་སྟེར་བའི་དོན་བཟང་དེ་འདྲ་ཞིག་སྒྲུབ་པ་འགྲིག་མི་འདུག་ཟེར་བ་མ་ཡིན་པར། རིན་ཐང་གི་ངོས་ནས་སྒྲུབ་སྟངས་དེ་འགྲིག་མི་འདུག་ཟེར་གྱི་ཡོད། ཉིད་ཀྱིས་རང་རེའི་རྩོམ་རིག་ལ་དོན་བཟང་ཞིག་སྒྲུབ་འདོད་ཡོད་ན། ཉིད་ཀྱི་ཐུགས་བསམ་དེ་ཐུགས་བསམ་རྣམ་དག་ཡིན་ན། ཉིད་ཀྱིས་རང་གི་མིང་གི་རིན་ཐང་དང་དེའི་འོག་ནས་སྒྲུབ་བཞིན་པའི་བོད་ཀྱི་རྩོམ་རིག་ལ་ཐུགས་བསམ་ཞིབ་མོ་ཞིག་གཏོང་རོགས། ད་དུང་རང་ཉིད་ཀྱིས་རྩོམ་རིག་ལ་བཟུང་བའི་འགན་འཁྲིའི་འདུ་ཤེས་ལ་ཐུགས་དྲན་ཞིག་གསོ་རོགས། གལ་སྲིད་ཉིད་ལ་ཀླུ་སྨྱོན་རྩོམ་རིག་བྱ་དགའ་ཟེར་བའི་མིང་ཞིག་དགོས་ཐག་ཆོད་ཡོད་ན། ཉིད་ཀྱིས་རང་གི་རྩོམ་ཡིག་འབྲི་ཕྱོགས་ལ་འགན་ཞིག་འཁུར་རོགས།
ང་ཚོ་སུ་ཡིན་རུང་རང་རེའི་རྩོམ་རིག་གི་འདུན་ལམ་བསམ་གྱི་ཡོད་པ་རེད། དེ་བས་ན། སྐུ་ཉིད་ཕར་ཟད། མི་སུ་ཞིག་གིས་རྩོམ་རིག་གི་ཐད་ལ་དོན་བཟང་ཞིག་སྒྲུབ་ན། དེ་ལ་དགའ་བས་ཐལ་མོ་རྡེབ་ཅིང་རྒྱབ་སྐྱོར་བླ་མེད་ཞུ་བ་ལས་ཕྲག་དོག་ཅིག་ག་ལ་བྱེད། ལྷག་དོན་ང་ཚོ་ཕན་ཚུན་གྲོགས་པོ་དང་ལམ་ཁ་གཅིག་ལ་ཞུགས་པས་ཀྱང་ཕྲག་དོག་ག་ལ་བྱེད་སྲིད། སྤྱིར་ཡིན་ན་ང་ཚོ་གྲོགས་པོ་ཡིན་པས། ཉིད་ལ་སྙན་གྲགས་རྒྱས་ཤིང་ལས་དོན་ལྷུན་གྱིས་འགྲུབ་ན་ང་ཚོ་དགའ་བར་མ་ཟད། ཕྱར་གྲུ་མཉམ་འདེགས་ལོས་ཀྱང་བྱེད་མོད། འོན་ཀྱང་རྩོམ་རིག་སྒྱུ་རྩལ་གྱི་གནད་དོན་དང་དེའི་ཕུགས་འདུན་མདུན་ནས། ང་ཚོས་དྲང་བདེན་མི་སྐྱོང་ཐབས་མེད་ཡིན། དེ་བས་ན། ཉིད་ཀྱིས་སེམས་ཚོར་ཉི་ཚེ་བ་ཞིག་ལ་བརྟེན་ཏེ། ཁྱེད་ཅག་གིས་ཕྲག་དོག་དང་འབུར་འཇོམས་བྱེད་ཀྱི་འདུག་ཅེས་ཨུ་ཚུགས་རྒྱག་རྒྱུ་ཡིན་ན། ད་ནི་ང་ལ་ཡང་སྐད་ཆ་བཤད་རྒྱུས་ཡོངས་སུ་འཕོངས་ནས་འདུག་གོ །
གཞན་ཉིད་ཀྱིས་རྩོམ་རིག་བྱ་འགུལ་གྱི་དོན་བཟང་ཞིག་བསྒྲུབ་ཐག་ཆོད་ཡིན་ན། བྱ་འགུལ་གྱི་མིང་དེ་བརྗེ་བོ་ཞིག་རྒྱག་རོགས་ཞུ་རྒྱུ་ཡིན་ལ། དེ་མིན་རྒྱུ་མཚན་དང་གནས་ལུགས་ཅི་ཡང་མེད་པར་ཨུ་ཚུགས་རྒྱག་ངེས་ཡིན་ན། དེ་ནི་ཨུ་ཚུགས་རང་ཡིན་པས་དུས་ནམ་ཡང་རྒྱབ་སྐྱོར་ཞུ་ཐབས་བྲལ་ནས་འདུག གལ་སྲིད་ཉིད་ཀྱིས་སྔར་ལྟར་མི་ཚེ་རྩོམ་རིག་གིས་བསྐྱལ་ཞིང་དེའི་རྗེས་དྲན་ཆེད་དུ་ཡིན་ཟེར་བ་དང་། ཀླུ་སྨྱོན་གྱི་མིང་ཟ་ཁང་ལ་འདོགས་པ་དང་མཚུངས་ཟེར་རྒྱུ་ཡིན་ན། དེར་ནི་ངས་མགྲིན་པ་གཟེངས་སུ་བཏེགས་ཏེ་རྒྱུ་མཚན་ལྟར་སྣང་རེད་ཟེར་རྒྱུ་ཡིན་ལ། འདྲེ་མགོ་རྡོས་གསུངས་པ་བཞིན་འབྲེལ་བ་གཏན་ནས་མི་འདུག་ཅེས་སུ་སྨྲའོ། །གལ་སྲིད་ཉིད་ཀྱིས་ཟ་ཁང་ལ་མིང་དེ་ལྟར་བཏགས་ན་རང་ཉིད་ལ་ཁེ་ཕན་ཡོད་པ་བཞིན་ཡིན་སྙམ་གྱི་ཡོད་ན། ང་ཚོས་ངོ་རྒོལ་བྱེད་དོན་ཡང་འདི་ཡིན་ཏེ། སྤྱི་བའི་བླ་སྲོག་དེ་བྱས་རྗེས་མི་ཆེ་བའི་སྒེར་ཞིག་གིས་སྒེར་དོན་གཉེར་བྱེད་དུ་འགྱུར་རྒྱུ་དང་བླ་སྲོག་དེའི་ཕུགས་འདུན་ལ་རྐྱེན་ངན་ཐེབས་ངེས་ཅེས་པ་འདི་རེད། གཞན་ད་དུང་སྨིག་དྲུག་ཟ་ཁང་དང་། སྲིན་མོ་རོགས་ཚོགས། ར་རྒྱ་འཇིགས་མེད་སློབ་གྲྭ་སོགས་ནི་ངོ་བོ་དང་བྱེད་ལས་གང་གི་ཆ་ནས་ཀྱང་འདི་དང་གཏན་ནས་མི་འདྲ་སྟེ། ཉིད་ཀྱིས་ཀྱང་ཀླུ་སྨྱོན་གྱི་མིང་གི་སློབ་གྲྭ་དང་སྨན་ཁང་ཟ་ཁང་སོགས་སྤྱི་ཚོགས་ཞབས་ཞུ་དང་སྒེར་གྱི་ཁེ་ལས་ཅི་ཞིག་གཉེར་རྒྱུ་ཟེར་ན་ཡང་དེ་ལ་དགག་བྱ་ཅི་ཡང་མེད་པར་མ་ཟད་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན།
མདོ་དོན་བསྒྲིལ་ན། སྔར་བཤད་པ་བཞིན་སྟེ། མི་སྒེར་དང་ཚོགས་པ་སོགས་ཀྱིས་སྒེར་མིང་བཏགས་པའི་རྩོམ་རིག་སོགས་ཀྱི་བྱ་དགའ་ཅི་ཞིག་གནང་ཡང་རུང་སྟེ། འོན་ཀྱང་མིང་དེའི་འོག་གི་ཚོགས་པ་དང་མི་དེ་ནི་བྱ་དགའ་སྟེར་བའི་ལས་རིགས་གང་ཡིན་པ་དེའི་ཐད་ནས་སྤྱི་ཚོགས་དང་རྒྱལ་ཁབ་ལ་བྱས་རྗེས་ཆེན་པོ་དང་ཤུགས་རྐྱེན་ངེས་ཅན་ཡོད་པ་ཞིག་ཡིན་དགོས་ཞེས་པ་དེའོ། །གནས་ལུགས་ཀྱི་སྐད་ཆ་འདི་ཙམ་པོ་ཡང་མ་ཐེག་པར། རང་མིང་རང་གི་ལས་འགུལ་ལ་བཏགས་པར། ཁྱེད་ཅག་སྡོད་བློ་མ་བདེ་དང་། སྟན་ལ་ཚེར་མ་སྐྱེས་འདུག་དང་མིག་ལ་ཐལ་བ་འཛུལ་འདུག་ཟེར་རྒྱུ་ན། ཉིད་ཀྱིས་རང་མིང་བཏགས་པའི་བྱ་འགུལ་དེ་ལ་ཡང་རིན་ཐང་དེ་ལས་མི་འདུག་གོ་སྙམ་བྱུང་ལ། མིང་དེའི་འོག་ནས་བྱ་དགའི་འགྲན་བསྡུར་ལ་ཞུགས་མཁན་ཚོ་ཡང་སྙིང་མ་རྗེ་བསམ་བྱུང་། སྤྱིར་སྐུ་ཉིད་ཁ་ཡག་ངོ་བསྟོད་རྐྱང་རྐྱང་གི་ཀློང་ནས་བར་སྣང་དུ་འཁོར་ཏེ་གོམས་ཡོད་རྐྱེན། གནས་ལུགས་དང་དྲང་བཞག་གི་སྐད་ཆ་དེ་ཙམ་མི་འགྲོ་བར་ཁག་མི་འདུག་མོད། ད་ཐེངས་དེ་ལྟར་མ་གནང་བར་གྲོགས་པོ་ཚོའི་ཤ་ཚ་བའི་སྐད་ཆ་འདི་ཚོར་ཡང་རྣ་བ་རེ་བླགས་རོགས་གནོངས་དང་། ང་ཚོས་ཀླུ་སྨྱོན་རྩོམ་རིག་ཐེབས་རྩ་འཛུགས་རྒྱུ་ཟེར་ན་རྒྱབ་སྐྱོར་དང་། ཀླུ་སྨྱོན་མིང་གི་རྩོམ་རིག་བྱ་དགའ་གཉེར་རྒྱུ་ཟེར་ན་ངོ་རྒོལ་ཡོད་ཅེས་ཞུ་རྒྱུ་ཡིན།
ད་ཡིན་ན་ཤེས་སོང་། གྲོགས་པོ་ཁྱེད་ཀྱིས་སྐོར་བ་བརྒྱབ་ནས་ང་ལ་བསྟོད་པ་འཐེན་གིན་འདུག ཀླུ་སྨྱོན་ཞེས་པའི་མིང་དེ་ཨ་སྒོར་སུམ་བརྒྱའི་མ་རྩ་ལས་མེད་པའི་རྩོམ་རིག་བྱ་དགའ་ཞིག་ལ་བཏགས་ན་ཁོང་གི་མིང་དེའི་རིན་ཐང་ཆུང་དྲགས་འདུག དེ་ལས་ཨ་སྒོར་སྟོང་ཕྲག་རེ་ཟུང་གི་མ་རྩ་དགོས་པའི་རྩོམ་རིག་ཐེབས་རྩ་དེ་འདྲའི་མིང་ལ་བཏགས་ན་འཚམ་པོ་འདུག་གསུང་གི་ཡོད་པ་རེད། ཨེ་རེད་ལགས། གྲོགས་པོས་གདེང་འཇོག་དེ་འདྲ་ཞིག་གནང་གི་ཡོད་པ་ངས་ཤེས་མ་སོང་། དགོངས་དག སྙན་གཞུང་མེ་ལོང་མའི་ནང་དུ་འདི་ལ་ཟོལ་བསྟོད་ཀྱི་རྒྱན་ཡིན་ན་ཅིག་བཏགས་ཡོད་བསམས་སོང་། བསྡུས་གྲྭ་རྩོད་སྟངས་བཞིན་བྱས་ཚེ། ཀླུ་སྨྱོན་གྱི་མིང་ཆོས་ཅན། རྩོམ་རིག་བྱ་དགའི་མིང་དུ་སྤྱད་ན་མི་འཚམ་པར་ཐལ། དེ་ལས་ཀ་ཆུང་ཆུང་ཞིག་ཡིན་པའི་ཕྱིར། ཞེས་དང་ཡང་། ཀླུ་སྨྱོན་གྱི་མིང་ཆོས་ཅན། དེ་རྩོམ་རིག་ཐེབས་རྩའི་མིང་དུ་སྤྱད་ན་ཆོག་པར་ཐལ། དེ་ནི་རྩོམ་རིག་བྱ་དགའ་ལས་ལྷག་པའི་ལས་ཀ་གཞི་རྒྱ་ཆེ་བ་ཞིག་ཡིན་པའི་ཕྱིར། ཟེར་རྒྱུ་རེད་ལ།
xxxxxxxxxxxxxxxxxxxxxx
xxxxxxxxxxxxxx
རྩོམ་འདིར་མཆན་སྒོ་བརྒྱབ་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com