ཀླུ་སྨྱོན།
ས་འདིར་དགུན་ཁའི་དུས་ཚིགས་རིང་ཞིང་གྲང་། །
གྲང་རླུང་ལྡང་ཞིང་ཟླ་གསུམ་ཆར་བ་འབབ། །
འབབ་མཚམས་ཉི་མ་གསུམ་རེའི་རྗེས་ལ་ཡིན། །
ཡིན་མིན་ཟེར་ས་མེད་པར་བཟོད་སྒོམ་དགོས། །
འཇིག་རྟེན་མི་རྟག་འགྱུར་བའི་རང་བཞིན་ལས། །
ཁ་སང་དེ་རིང་དཔྱིད་ཉི་དྲོན་པོ་བསླེབས། །
ས་འབུ་ཐག་ནར་ཚུན་ཆད་ཕྱི་ལ་ཐོན། །
བྱ་དང་བྱེའུ་དག་ཀྱང་གཤོག་རྩལ་ངོམ། །
བདག་གི་ནམ་མཁའ་སྔོ་ཞིང་ཧ་ཅང་མཐོ། །
སྔ་དྲོར་གྲོགས་པོ་གཉིས་ཀྱི་ཁ་པར་འོངས། །
དེ་རིང་ཕྱི་དྲོར་ལྷན་དུ་འཛོམ་རྒྱུ་ཟེར། །
རྒྱུན་རིང་མ་ཐུག་ཡ་ཡ་ལོས་ཀྱང་ཟེར། །
ཞོགས་པར་ཐག་ཉེའི་མཛེས་སྡུག་མཚེའུའི་ནང་། །
གསེར་ཉ་ལྔ་བརྒྱར་ཚེ་སྲོག་གསར་བ་སྦྱིན། །
དེ་བཞིན་ཆ་ག་བ་ཡང་ཉིས་བརྒྱ་ཙམ། །
ནགས་ཕྲན་གསེབ་ཏུ་ག་ས་གང་དུ་བཏང་། །
དེ་རྗེས་རྒྱ་མིའི་རང་འདེམས་ཟ་ཁང་བསྙེགས། །
ཤ་མེད་ཟ་མ་སྡེར་མ་གསུམ་ཙམ་ཟོས། །
ཏུའུ་ཧྥུ་ཁ་ཚའི་ཐུག་པ་ཕོར་དོ་བཏུངས། །
ཞབས་ཞུ་རྒྱ་མོ་མཛེས་མིན་སུ་ཡིས་བལྟ། །
ནང་ལ་ལོག་རྗེས་ཉི་འོད་དྲོ་ས་ཡི། །
ཁང་པའི་རྒྱབ་དེར་འོད་དཔག་མེད་མཚན་བསགས། །
ཁྲི་གཅིག་ཉི་མ་རེ་རེའི་དམ་བཅའ་ཡིན། །
རྡོག་གཅིག་ཆད་ན་གཤིན་རྗེའི་འཇིགས་པ་ཡོད། །
ཆུ་ཚོད་གཉིས་དང་ཕྱེད་ཀ་ཡོལ་བའི་རྗེས། །
གྲོགས་པོ་གཉིས་ཀ་སྔ་ཕྱིར་བསླེབས་པ་ན། །
རྒྱ་གར་ཞིམ་པོ་ཀ་ར་ནར་མོ་ཡིས། །
མགྲོན་བསུ་ལོས་བྱེད་ལོ་ངོ་མང་པོའི་གྲོགས། །
ཉི་མ་ནམ་མཁའི་དཀྱིལ་ནས་ཅུང་ཟད་གཟུར། །
ལྗོན་པའི་ལོ་འདབ་ཅུང་ཟད་རྒྱང་དུ་བཀྱེས། །
ངེད་ཅག་གསུམ་པོས་མིག་ཤེལ་ནག་པོ་གྱོན། །
གསང་བ་མི་འཆོར་རྒན་པོའི་མིག་ལ་ཕན། །
ཧྲིན་ཀྲིན་འགག་སྒོའི་འཇིགས་རུང་འདྲི་གཅོད་དང་། །
གཤིན་པོའི་ལག་འཇུ་ཁ་ཆེའི་ལྷ་ཁང་ནང་། །
མི་སྲོག་མེ་མདས་གཅོད་པའི་འཇིགས་སྐུལ་བ། །
ང་ཚོའི་ཁ་བརྡའི་བརྗོད་གཞི་གཙོ་བོ་ཡིན། །
གྲོང་ཁྱེར་གཅིག་གི་ནང་དུ་གནས་མོད་ཀྱང་། །
ལོ་ཕྱེད་ཟླ་ཕྱེད་ཡང་ན་ལོ་རེ་རེར། །
ཐེངས་གཅིག་མ་གཏོགས་མི་ཐུག་གྲོགས་པོ་དག །
དེ་རིང་རྒྱ་ཇ་ཀ་ར་ཙམ་ཞིག་གིས། །
མགྲོན་བསུ་བྱས་པར་དགོངས་པ་མ་ཚོམས་ཞུས། །
གྲོགས་པོ་གཅིག་ནི་ཤུར་སེ་ནང་ལ་བཞུད། །
གཅིག་གིས་ཁོ་བོས་སྦེ་སི་སྦ་ཡེར་ཁྲིད། །
ཁེ་ཉིན་དྲ་ལམ་ཉོས་པའི་གློག་གསོགས་ཆས། །
ཕྱིར་སློག་རོགས་པ་བྱས་པའི་སྐུ་དྲིན་བརྗིད། །
ཨ་རིའི་ཡུལ་ན་ཐམས་ཅད་སྒོར་མོས་འཁོར། །
གྲོགས་པོ་ཕུ་ནུ་ཡིན་མིན་རྩོད་ས་མེད། །
ལན་རེར་གྲོགས་པོས་རིན་མེད་རོགས་ཆུང་རེ། །
བྱས་པ་འདི་ཡི་རིན་ཐང་གསེར་གྱིས་མིན། །
ཉི་མ་ལ་ཁར་མ་བཞུད་སྔོན་ཙམ་དེར། །
ཤར་ཕྱོགས་ནམ་མཁའི་དཀྱིལ་ལ་ཡུན་རིང་ཅེར། །
གནའ་བོའི་སྒོམ་ཆེན་ཁྱུ་གཅིག་ཡིད་ལ་དྲན། །
ལུས་སྲོག་ཐེད་ལ་བོར་བའི་གཏམ་རྒྱུད་འཕྱུར། །
ད་ནི་བྱེའུ་དག་ཀྱང་ཚང་ལ་ལོག །
བདག་ནི་ནང་ལ་འཛུལ་ནས་གློག་ཀླད་ཀྱི། །
ཁ་ཕྱེས་ཤོག་ངོས་ཉིས་བརྒྱར་ཉེ་བ་ཡི། །
དེབ་ཅིག་མཇལ་བཞིན་སྤྲོ་བ་ཉམས་སུ་མྱངས། །
དགུན་གངས་འབབ་དུས་ལ་བག་ཐུག་ཕོར་པ་གང་དོ་ཐུངས། །
མདང་དེར་རིང་དཔྱིད་སྟོད་ཉི་མ་སྡེས་ན་རུས་པར་ཕན། །
དགོངས་ཕྱི་དྲོར་ཐུག་པ་འཐེན་ཐུག་བཏུང་ན་ལེགས་བྱང་རེད། །
གནམ་ཆར་པ་འབབ་དུས་ཆར་ཁེབ་ཉི་གདུགས་ལུས་ལ་ཆོངས། །