གངས་དཀར་རྒྱལ་སྲས།
ནམ་རྒྱུན་མང་མང་འདྲ་བའི་ངོ་ཤེས་ཚོ།།
གལ་ལ་ཐུག་དུས་ཉུང་ཉུང་འདྲ་བ་འདི།།
མི་གཞིིའི་སྲབ་མཐུག་ཙམ་ལས་གཞན་དུ་ནི།།
ཁག་འཇོག་ཁ་གཡར་བྱེད་ས་ཡེ་ནས་མེད།།
གྲོགས་པོ་རེ་ཟུང་སྐྱིད་སྡུག་གང་དུའང།།
ནམ་ཡང་ལྷན་དུ་ཡོད་པའི་གྲོགས་པོ་རེད།།
ནམ་རྒྱུན་གྲོགས་མཆོག་ཟེར་མཁན་སུ་ལའང་ཡོད།།
གྲོགས་ཀྱི་བཟང་ངན་གལ་ལ་ཐུག་དུས་ཤེས།།
ཨ་ཀ་ཨ་ཅེ་ཁྱེད་བཞུགས་ཁྱེད་བཞེས་འདི།།
རྣ་བར་སྙན་ཞིང་མིག་ལ་བདེ་ན་ཡང།།
དཀའ་ཁག་ཅིག་གི་འགག་མདོར་མ་སླེབས་ན།།
གྲོགས་ཀྱི་འདང་བརྩེའི་ཟབ་ཚད་རྟོགས་པར་དཀའ།།
མི་ལ་དགོས་པ་མི་གཞི་བརྩེ་འདང་ཡིན།།
གྲོགས་ལ་དགོས་པ་ཕན་ཚུན་ཕན་སེམས་ཡིན།།
ནམ་རྒྱུན་ཀུན་གྱི་སྔོན་ན་མེད་ན་ཡང།།
མཁོ་དུས་མདུན་དུ་ཡོད་པ་གྲོགས་ཀྱི་མཆོག།།
གྲོགས་པོ་རེ་ཟུང་སྤུན་གྱི་ལྷག་ཀྱང་ཡིན།།
གྲོགས་པོ་རེ་ཟུང་དགྲ་ལས་སྡུག་ཀྱང་ཡིན།།
ཡུན་རིང་སྐྱིད་སྡུག་མཉམ་མྱོང་མ་བྱས་ན།།
གྲོགས་ཀྱི་བཟང་ངན་ལྷང་ལ་འབུད་པར་དཀའ།།
གྲོགས་ཀྱི་འདང་བརྩེ་མཛའ་མོའི་དུང་སེམས་གཉིས།།
འཇིག་རྟེན་འདི་ནས་ཐོབ་པར་དཀའ་བ་གཉིས།།
རེག་ནས་ཤོར་ན་འགྱོད་པ་སངས་དཀའ་བས།།
ནམ་རྒྱུན་འཆམ་པོ་བྱོས་དང་སྙིང་ཉེ་ཚོ།།
དོན་དག་ཅི་ཞིག་ཡོད་ཀྱང་བཤད་རྐྱང་བྱོས།།
རོགས་པ་བྱེད་རྒྱུ་གང་ཡོད་ལོས་ཀྱང་བྱེད།།
ནམ་རྒྱུན་དེ་ལྟར་ཟེེར་མཁན་མང་ནའང།།
གལ་ལ་ཐུག་དུས་ཧ་ཅང་ཉུང་ཉུང་ཡིན།།
དཀའ་ཁག་ཟེར་བ་གར་ཡོང་ཆ་མེད་ཡིན།།
གློ་བུར་གློ་བུར་མགོ་ལ་ལྷུང་བའི་ཚེ།།
བརྩེ་འདང་ཅན་གྱི་གྲོགས་ཀྱིས་རོགས་བྱས་པ།།
ཤི་ཡང་བརྗེད་ཐབས་མེད་པའི་བརྩེ་འདང་ཡིན།།
ཁྲེལ་གཞུང་ཡོད་མེད་ཡུན་རིང་འགྲོགས་ན་ཤེས།།
མི་གཞི་ཡོད་མེད་གལ་ལ་ཐུག་དུས་ཤེས།།
མཛེས་པའི་ཉམས་དང་དགོད་པའི་སྟངས་སྟབས་སོགས།།
ཁ་ཡག་སླུ་བྲིད་ཡིན་མིན་ཡུན་གྱིས་ཤེས།།
ཚོར་བའི་མནར་གཅོད་སྣ་ཚོགས་མ་ཐེགས་པར།།
འགྱོད་པའི་ལས་ཤིག་མགོ་ལ་ལྷུང་བའི་ཚེ།།
རང་སྲོག་གཅོད་པའི་ལས་ཀྱང་དྲན་འོང་བ།།
ཆོས་ཉིད་གོར་གོར་ཅིག་གི་གཏན་ཚིག་ཡིན།།
དཀའ་བའི་དུས་ལ་རེ་བའི་གྲོགས།།
ཡོད་མེད་རེ་བ་མི་བྱེད་པར།།
དེ་རིང་གྲོགས་དང་སང་ཉིན་གྲོགས།།
ཡོད་དུས་སྐྱིད་པོ་གཏོང་ཡག་བྱོས།།
གྲོགས་ཀྱི་བཟང་ངན་རྒྱུན་རིང་གཤིབ་ན་ཤེས།།
དེབ་ཀྱི་ཡག་བཙོག་ཞིབ་དུ་བཀླག་ན་རྟོགས།། ཞེས་པའི་བསླབ་བྱ་བཟང་པོ་ཞིག་གནང་འདུག
བསླབ་བྱ་བཟང་པོ་ཁྱེད་ཀྱི་རྒྱན།།
ལག་ལེན་བྱེད་པ་ང་ཡི་རྒྱན།།
གནམ་ལགས། ཁྱོད་མྱི་སྐྱིད་པོ་ཞྀག་ཡིན་པ་འདྲ་ཁྱེད་ཀྱིས་གསུང་བ་ལྟར་ལག་ལེན་ཡང་བྱེད་ཀི་ཡོད་པའི་རེ་བ་ཡོད། ངས་ནི་དེ་ལྟར་གཏན་ནས་མི་ཐུབ་ཀི་དེའི་རྐྱེན་གྱིས་གྲོགས་པོ་ཞིག་དང་འགལ་བ་བྱུང་དགོས་ན་དེ་ནི་ངའི་མི་ཚེའི་ནང་གི་ཆེས་ཐེགས་དཀའ་བའི་དཀའ་ངལ་རིགས་ལ་གཏོགས། དེའི་རྐྱེན་གྱིས་ངའི་མི་ཚེ་ནི་གཞན་དབང་འདྲ་ཞིག་རེད། ཁྱོད་འདྲ་ཞིག་ཡིན་དགའ་བ་ལ་་་་
འབྲལ་མེད་སྙིང་གི་གྲོགས་པོ་དེ།
སྲིད་པ་འདི་ན་གཅིག་ལས་མེད།
རང་གི་སེམས་གྱི་གྲོགས་པོ་འདི།
འབྲལ་མེད་སྙིང་གི་གྲོགས་པོ་ཡིན།
དེ་ལས་གཞན་པའི་གྲོགས་པོ་རྣམས།
གནས་སྐབས་མཐུན་པའི་གྲོགས་བཟང་ཙམ།
ནམ་ཡང་འགྱུར་བའི་རང་བཞིན་ལ།
མི་འགྱུར་གྲོགས་ཅིག་གཞི་མ་གྲུབ།
དེ་ཡང་བསམ་པ་བཟང་ངན་གྱི།
བཟང་ངན་དབྱེ་བ་གཉིས་སུ་ཡོད།
རྣམ་པ་འཇམ་རྩུབ་གང་སྣང་ཡང།
སློབ་སྦྱོང་ལ་སོགས་བཟང་ལས་གྱི།
གེགས་མེད་མཐུན་པ་གྲོགས་བཟང་དང།
དེ་ལས་ཟློག་པའི་གང་ཟག་རྣམས།
བཟང་ངནའཇམ་རྩུབ་གང་བྱེད་ཀྱང།
ངན་པའི་གྲོགས་སུ་ངོས་འཛིན་གྱིས།
ཟ་ཁ་འཐུང་ཁར་འཛུམ་གྱིས་སླེབས་འོང་ཞིང་། །
ཐུག་དུས་བདེན་བདེན་འདྲ་ཞིག་སྨྲ་བ་ཡི། །
དྷ་སའི་སྐྱ་སྟོང་དག་ལ་འདྲེ་ང་ཡང་། །
རིང་མོ་ཞིག་ནས་སུན་ནས་འགྲོ་བཞིན་ཡོད། །
སྒོར་རྡོག་ཆ་རེ་ལག་ན་ཡོད་མཐོང་ན། །
འགྲོ་ས་འདུག་སར་རྗེས་སུ་དེད་ནས་ཡོང་། །
ནམ་ཞིག་སྒོར་མོ་མེད་པར་མཐོང་བ་ན། །
ག་ལེར་རྒྱང་ལ་གྱེས་ཏེ་བུད་ལ་འགྲོ། །
གྲོགས་ལ་བརྟགས་དགོས། ཟ་མ་མིད་དགོས། སེམས་ཁམས་མཐུན་དགོས། བསྟུན་ཤེས་ལོས་དགོས། གྲོགས་པོ་ཟེར་ན་ཟ་རོགས་འཐུང་རོགས་ཤིག ད་དུང་དགོད་རོགས་འགྲོ་རོགས་ཤིག དེ་ལས་ལྷག་ཅིག་བཙལ་ན་དཀའ་ངལ་ཅིག
གྲོགས་པོ་ཡ་གྲོགས་པོ་ཁྱོད་ཀྱིས་གྲོགས་པོས་མགོ་ལ་རྒྱབ་ཡོང་མ་བསམ་ཡིན་ཡང་དེང་སོང་གྲོགས་
པོ་ཚོས་ད་ག་རེད་ཁྱོད་ཁག་མེད་ཉམས་མྱོང་འདྲ་ཡིན་ཤས་ཆེ།
རྩོམ་ཡིག་འདི་ལས་་་་་དགེ་ཆོས་ཀྱང་སྐྱ་སྟོང་མགོ་བདེ་ཅན་ལ་སུན་ཏེ་ངུ་མ་དགོད་ཀྱི་མིག་ཆུ་ཡང་ཤོར་ཡོད་ཚོད་གསལ་འདུག་ག
འབྱོར་ཚེ་ཉེ་བའི་དྲུང་ན་ཞུམ་ཞུམ་དུ་འགྲོ་ཞིང་། །
རྒུད་ཚེ་རིང་བའི་ས་ནས་མཛུབ་ཀེར་གྱིས་འཕྱ་བ། །
དྲིན་བྱས་དྲིན་དུ་མི་གོ་གྲོགས་ངན་གྱི་གཤིས་ལ། །
བསམ་ཞིང་ངུ་མ་དགོད་ཀྱི་སྣང་བ་ཞིག་ཤར་ཡོང་། །
གདུང་སེམས་མཉམ་སྐྱེད།
ལག་པ་གྲོགས་ལ་བཅོལ་བ་ལས། རང་གི་སྐེ་ལ་བཏགས་པས་དགའ།
ཕྱི་ཡི་བདེ་བ་འཚོལ་བ་ལས། ནང་གི་སྐྱིད་སྣང་་སྐྱོང་བ་དགའ།
སྡུག་གི་ཁུར་བོས་གནོན་པའི་དུས། སྟག་གི་སྙིང་ཞིག་ཕྲག་ལ་དགོས།
སྐྱིད་གི་ཆང་གིས་བཟི་བའི་ཚེ། ཅི་ཡང་མི་བསམ་ཉལ་བས་ཆོག
“མི་ཡིས་རང་དོན་མ་བསྒྲུབས་ན། གནམ་སའི་བར་དུ་འཚོ་ཐབས་མེད།”
ཟེར་ཡང་ཟེར་ལ་བདེན་ཡང་བདེན། དེས་ན་རང་དོན་སྒྲུབ་པ་གཙོ།
ཉམས་མྱོང་གནམ་ནས་མི་འབབ་ལ། འཇོན་ཐང་ས་ནས་མི་སྐྱེ་བས།
བསམ་དང་བཤད་དང་ལག་ལེན་གསུམ། རང་གི་རྒྱུད་ལ་ཉིན་བཞིན་གཅེས།
རྒན་གྱི་ལེགས་བཤད་འདི་གངས་སྲས་སུ་ཕྱིན་ན་ལག་ལེན་བསྟར་རྒྱུ་གལ་ཆེ།
གངས་སྲས་གང་དུ་སོང་ན་བསྡད་ན། ཉལ་ན། ལང་ན། འགྲོ་ན། དགོད་ན། ངུ་ན། ལབ་ཡིན།
གྲོགས་པོ།
ཆོལ་གསུམ་ངའི་གྲོགས་པོ།
བལ་པོ་ང་ཚོའི་གྲོགས་པོ།
རྒྱ་གར་ཡོངས་ཀྱི་གྲོགས་པོ།
རྒྱ་ནག་དམར་པོའི་གྲོགས་པོ།
འཛམ་གླིང་ཀུན་གྱི་གྲོགས་པོ།