སྙན་བཟང་གཡུང་དྲུང་ཚེ་རིང་།
དེ་རིང་གཟའ་སྤེན་པ་རེད། ད་ཕྱི་ལོགས་སུ་འགྲོ་འདོད་བྱུང་། མ་ཕྱིན་སྔོན་ལ་གྲོགས་པོ་ཚོར་ནང་གཏམ་གྱི་ཚུལ་དུ་ཁ་བརྡ་ཐུང་ཐུང་ཞིག་བྱེད།
ཁ་སང་ཁེ་ཉིན་ངས་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་གྲགས་ཆེ་བའི་ངག་རྒྱུན་ཞིག་ཡིག་ཐོག་ཏུ་ཡོད་མེད་སྐོར་བཙལ་བསྡད་པ་ཡིན། ད་ནངས་ཀྱང་ཞོགས་པ་སྔ་མོ་ནས་ཡར་ལངས་ཏེ་བཙལ་འཚོལ་བྱས་ཀྱང་རྙེད་མ་སོང་། ངག་རྒྱུན་འདི་བཙལ་བའི་གོ་རིམ་ནང་དུ་དགེ་བཤེས་པོ་ཏོ་བའི་ལོ་རྒྱུས་གསལ་པོ་ཤེས་བྱུང་ལ། བུ་སྟོན་རིན་པོ་ཆེར‘‘བུ་སྟོན་ཁ་ཆེ’’ཞེས་འབོད་པའང་ཤེས་པར་གྱུར། སྤྱིར་བཏང‘‘བུ་སྟོན་ཁ་ཆེ’’ཞེས་པ«དེབ་ཐེར་དམར་པོའི»ནང་དུའང་གསལ་བར་འདུག་ཀྱང་ད་བར་དུ་དེ་ལ་དོ་སྣང་མ་བྱས། དེ་ནས‘‘སྙེ་ཐང’’ཞེས་པའི་ས་མིང་འདི་ཡིན་ངོ་མ་ནི‘‘མཉེས་ཐང’’ཡིན་པ་འདྲ་ལ། དེ་ཡིན་དོན་ནི་ཇོ་བོ་རྗེ་ཡུལ་འདི་བརྒྱུད་དེ་ཕེབས་སྐབས་ཐུགས་མཉེས་པོ་བྱུང་བ་དང་འབྲེལ་ཏེ་ས་མིང་དེ་ཐོགས་ཚུལ་ཞིག་ཡོད་པར་གྲགས། ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས་ཀྱང‘‘རྟག་ངུའི་རྟོགས་བརྗོད’’དཔེ་ཁྲིད་གནང་སྐབས། ཁོང་གིས་སྔར‘‘མཉེས་ཐང’’ཞེས་བྲིས་པའི་ཡིག་ཆ་མཐོང་ཚུལ་གསུངས་པ་དེ་ཡང་ངའི་ལག་ཏུ་ཡོད་པའི་ཡིག་ཆ་འདི་འདྲར་གཟིགས་ནས་གསུངས་པར་སྙམ་ལ། ད་དུང«བོ་དོང་པཎ་ཆེན་གྱི་རྣམ་ཐར»དུའང‘‘མཉེས་ཐང’’ཞེས་བྲིས་འདུག ཡིག་ཆ་གཞན་དུའང་དེ་ལྟར་ཡོད་སྲིད་མོད། ད་ལྟ་གློ་བུར་དུ་མི་དྲན།
ད་ཕྱོགས་གཞན་པ་ཞིག་གླེང་བར་བྱའོ། ། མདང་དགོང‘‘ཇིང་གུར་རྒྱལ་པོའི་བང་སོའི་གསང་བ’’ཞེས་པའི་དངོས་བཤུས་གློག་བརྙན་ཞིག་ལ་བལྟས་པ་ཡིན། ངས་དུས་རྒྱུན་དུ་དངོས་བཤུས་གློག་བརྙན་ཁག་ལ་ལྟ་བཞིན་ཡོད། དེས་ང་ལ་ཕན་རླབས་ཤིག་སྟེར་བར་བྱེད། དཔེར་ན། གོང་གི་དངོས་བཤུས་གློག་བརྙན་དེའི་ནང་ས་ཁམས་ཞིབ་དཔྱོད་པ་དང་ལོ་རྒྱུས་སྨྲ་བ་ཚོས་ཇིང་གུར་རྒྱལ་པོའི་བང་སོ་གང་དུ་བཏབ་ཡོད་མེད་སྐོར་གླེང་སྐབས། ཁོང་ཚོས་ཁུངས་བཙུན་གྱི་ཡིག་ཆ་བསྡུར་བ་དང་དངོས་རྫས་སོགས་ལ་བརྟག་དཔྱད་གནང་ནས་གླེང་བར་བྱེད། དངོས་ཡོད་ཀྱི་ལོ་རྒྱུས་དང་བདེན་དཔང་ཁག་བཙལ་ཏེ་གླེང་གིན་འདུག ནུབ་ཕྱོགས་པའང་ཞིབ་འཇུག་བྱེད་སྟངས་ཀྱི་རིག་པ་འདི་ཡིན་ཞེས་གཞུང་ལུགས་རྐྱང་བ་ཞིག་ཡོད་པ་མ་རེད། ཅི་སྟེ་ཇིང་གུར་རྒྱལ་པོའི་བང་སོ་གང་དུ་བཏབ་པའི་སྐོར་ལོ་རྒྱུས་ཁག་ན་མེད་པ་འདྲ། དེ་ཧ་ཅང་གསང་བ་བྱས་འདུག སྔར་མཱར་ཁོ་ཕོ་ལོའི«ངོ་མཚར་དེབ་ཐེར»ཞེས་པ་བཀླགས་སྐབས་དེབ་དེའི་ནང་དུའང་ཇིང་གུར་རྒྱལ་པོའི་བང་སོ་གང་དུ་བཏབ་མིན་སྐོར་གསང་བ་བྱས་ཡོད་པ་རེད་ཅེས་བྲིས་འདུག་པ་དྲན།
དོན་དངོས་སུ་ཇིང་གུར་རྒྱལ་པོ་མི་ཉག་ཏུ་འདས་རྗེས། ཁོང་གི་སྐུ་ཕུང་འཁྲུངས་ཡུལ་དུ་གདན་འདྲེན་ཞུས་ནའང་། སྐབས་དེར་ཁོང་གི་སྐུ་ཕུང་མཐོང་བའི་ཡུལ་མི་ཡོད་ཚད་བསད་པར་སྐད་ལ། བང་སོ་བཏབ་རྗེས། སྐུ་ཕུང་གདན་འདྲེན་ཞུ་མཁན་གྱི་སོག་དམག་མང་པོ་ཞིག་ཀྱང་བསད་པར་གྲགས། འོན་ཀྱང་། སོག་པོ་ཚོའི་ངག་རྒྱུན་དུ་ཇིང་གུར་རྒྱལ་པོའི་བང་སོ་ཆུ་མོའི་གཞུང་ལ་བཏབ་ཚུལ་ཞིག་དང་རི་བོའི་སྒང་ལ་བཏབ་ཚུལ་གཉིས་ཡོད་པར་སྣང་། དངོས་བཤུས་གློག་བརྙན་དེའི་ནང་ཇིང་གུར་རྒྱལ་པོའི་བང་སོ་ཆུ་མོའི་གཞུང་ལ་བཏབ་པ་མིན་པར་རི་བོའི་སྒང་ལ་བཏབ་ཚུལ་གླེང་། རི་བོ་དེ་ནི་ཁོང་འཚར་ལོངས་བྱུང་ས་ཡིན་པ་དང་། ཕྱིས་སུ་ཤིང་ནགས་མང་པོ་སྐྱེས་པས་རི་བོའི་དབྱིབས་ལ་འཕོ་འགྱུར་ཞིག་བྱུང་འདུག་ཟེར། ས་ཁམས་ཞིབ་དཔྱོད་པ་ཚོས་ནགས་རི་དེའི་ས་འོག་ནས་ཕོ་བྲང་ཞིག་རྙེད་ཅིང་། ཕོ་བྲང་དེ་ནི་ཕལ་ཆེར་ཇིང་གུར་རྒྱལ་པོའི་བང་སོ་ཡིན་པའི་ཚོད་དཔག་བྱེད་ཀྱི་འདུག ལྷག་པར་དུ་ནགས་རི་དེའི་ས་འོག་ཏུ་གྲི་དང་གདུང་སོགས་རྙེད་པ་དག་འཕྲུལ་ཆས་ཀྱི་ལམ་ནས་བརྟག་དཔྱད་བྱས་པ་ལྟར་ན། མཚོན་ཆ་དེ་དག་ནི་དུས་རབས་བཅུ་གསུམ་པའི་སྐབས་ཀྱི་དངོས་རྫས་ཡིན་ཚུལ་གླེང་སོང་།
དེ་ནས་ཡིད་ལ་འདི་འདྲ་ཞིག་དྲན་བྱུང་། བོད་ཀྱི་བཙན་པོ་རྣམས་ཀྱི་བང་སོ་བྲུས་ཚར་ཡོད་པ་དང་། རེ་ཟུང་ཞིག་འབྲུ་འཕྲོ་ལུས་ཡོད་པར་བཤད། ཏུའུ་ལན་རྫོང་གི་བང་སོ་དེ་དག་ཀྱང་བྲུས་ཏེ་ཤུལ་ཙམ་ལས་མི་སྣང་བར་ཐོས། སྤྱིར་བཏང་བང་སོ་འབྲུ་བའི་ལོ་རྒྱུས་འདི་བོད་ཙམ་མ་རེད། ཨི་རྗིབ་ཀྱི་རྒྱལ་པོ་དེ་དག་གི་བང་སོ་དེ་དག་ཀྱང་བྲུས་ཡོད་ལ། སྟབས་ལེགས་པ་ཞིག་ལ་བང་སོ་མང་པོ་ཞིག་དེང་སང་ཨི་རྗིབ་དང་ཡུ་རོབ་ཀྱི་བཤམས་སྟོན་ཁང་ཁག་ན་མཇལ་རྒྱུ་ཡོད། ཡང་གཅིག་བཤད་ན། རྒྱལ་པོ་ཙམ་མིན་པར་མི་སྣ་སྐད་གྲགས་ཅན་གྱི་སྐུ་ཕུང་བརྐུས་པའི་ལོ་རྒྱུས་ཀྱང་ཡོད། ཟློས་གར་རྩོམ་པ་པོ་དང་། སྙན་དངགས་མཁན། མཁྱེན་ཡོན་རྫོགས་པའི་མཁས་པའི་གོ་འཕང་བརྙེས་པ་བེལ་ཡམ་ཤག་ཁུ་སི་པེ་ཨར་(William Shakespeare 1564-1616) མཆོག་གི་དབུ་ཡང་བརྐུས་ཡོད་ཚུལ་བཤད་ལ། ད་དུང་རོལ་དབྱངས་རྩོམ་པ་པོ་གྲགས་ཅན་མོ་ཛཱ (Mozart 1756-1791) མཆོག་གི་དབུ་ཡང་བརྐུས་ཡོད་སྐོར་གླེང་། མོ་ཛཱའི་སྐུ་ཕུང་སྦས་ཚུལ་ལ་བཤད་རྒྱུན་ཁ་ཤས་ཡོད་ཀྱང་འདིར་མ་བྲིས། དེ་བཞིན་དུ། ཧྥ་རན་སིའི་གསར་བརྗེའི་སྐབས་སུ་མི་དམངས་ཀྱིས་རྒྱལ་པོ་མཐའ་མ་ལོའེ་བཅུ་དྲུག་པ louis xvi མཆོག་གི་དབུ་བཅད་རྗེས། མི་ཞིག་གིས་རྒྱལ་པོའི་དབུ་བརྐུས་པར་བཤད་ཅིང་། ཉེ་ཆར་དབུ་དེ་གསར་རྙེད་བྱུང་མཚམས་པེ་རེ་སིའི་ཟན་སྒྲེ་ནའི་ལྷ་ཁང་ཆེན་མོའི་(Basilique cathédrale de Saint-Denis)ནང་སྦས་ཡོད། གལ་སྲིད་ཉིན་ཞིག་ཁྱེད་རང་པེ་རེ་སིར་འབྱོར་ཚེ། ལྷ་ཁང་ཆེན་མོ་དེའི་ནང་ཕེབས་དང་། དེ་རུ་ཧྥ་རན་སིའི་རྒྱལ་པོ་རིམ་བྱོན་གྱི་སྐུ་ཕུང་མཇལ་རྒྱུ་ཡོད།
མཐའ་མར་འདི་འདྲ་ཞིག་ཀྱང་དྲན། དཔལ་དོན་གྲུབ་ཀྱི ‘‘བཙན་པོའི་བང་སོར་མྱུལ་བའི་གཏམ་རྒྱུད’’ཅེས་པའི་སྒྲུང་གཏམ་དེ་ཡག་ཨང་། སྒྲུང་གཏམ་དེའི་མཇུག་སྐྱོང་མཁན་གྱི་རྟོག་སྒྲུང་པ་ཞིག་བྱོན་ན་ཇི་འདྲའི་ཡག་པོ་འདུག་ཨང་སྙམ་བྱུང་། ཨོ་ཡ། ད་ང་འགྲོ་རན་སོང་།
ཐོལ་བྱུང་དང་ཤར་མར་བྲིས་ཟེར་འདོད་པ་འདི་ཡང་ན་ཚ་ཞིག་རེད།
ཇིང་གིར་སྡུག་རྩུབ་ཆེ་དང་གཅིག །
ཇིང་གིར་མངའ་ཐང་ཆེ་དང་གཉིས། །
ཇིང་གིའི་བང་སོ་སྦས་དང་གསུམ། །
ཇིང་གིའི་བྱུང་རབས་འདི་ནང་རྫོགས། །
https://www.google.hu/search?q=genghis+khan+grave+found&espv=2&biw=1076&bih=551&tbm=isch&tbo=u&source=univ&sa=X&ved=0ahUKEwiVo7-J5v3QAhVGK8AKHfVVDEwQsAQIMQ
་
ཇིང་གའི་བང་སོ་རྙེད་འདུག་ཟེར།
་
Tomb of Genghis Khan – Wikipedia
ཇིང་གའི་བང་སོའི་སྐོར་་ལ།
ཇིང་གིས་ཁྰན་ལ། བོད་པས་ཇིང་གུར་རམ། ཧོར་ཇིང་གུར་རྒྱལ་པོ་ཞེས་འབོད་དོན་ཅི་ཡིན་ནམ། ལགས།
ཧོར་ཇིང་གིར་བདུད་རྒྱལ་བོད་ལ་ཕྱོངས་།
བོད་འབངས་དུམ་བུ་ཆོལ་ཁ་རྟགས་།
བོད་མིའི་ཆིག་སྒྲིལ་ཉམས་རྒུད་བཏང་།
ཧོར་ཇིང་གིར་བདུད་ཀྱི་སྤྲུལ་པ་རེད་།
སྙན་བཟང་གཡུང་དྲུང་ཚེ་རིང་ལེགས་ཀྱིས་རང་བློ་རྒྱས་པའི་ལོ་རྒྱུས་ལ་དགའ་བསུ།
“བུ་སྟོན་རིན་པོ་ཆེར‘‘བུ་སྟོན་ཁ་ཆེ’’ཞེས་འབོད་པའང་ཤེས་པར་གྱུར། སྤྱིར་བཏང‘‘བུ་སྟོན་ཁ་ཆེ’’ཞེས་པ«དེབ་ཐེར་དམར་པོའི»ནང་དུའང་གསལ་བར་འདུག་ཀྱང་ད་བར་དུ་དེ་ལ་དོ་སྣང་མ་བྱས།”
་
ཞེས་པར་བུ་སྟོན་རང་གིས། བུ་སྟོན་ཆོས་འབྱུང་གི་མཇུག་བྱང་ན།
་
“ཁ་བ་ཅན་དུ་བྱུང་ཞིང་བསྒྱུར་བ་མཁས་པའི་རྗེས་འབྲས་མདོ་ཙམ་བུ་སྟོན་ཁ་ཆེས་བཤད།”་
་
བུ་སྟོན་གྱིས་རང་ལ་ཁ་ཆེ་ཞེས་མིང་བཏགས། འདི་ཉིད་དངོས་མིང་ངམ་བཏགས་མིང་གང་ཡིན་གསར་བར་མ་ཤེས་པས།་ཁྱོད་ཀྱི་ཇི་ལྟར་ཤེས་པ་གསལ་པོར་དགོད་ཚེ། བརྟག་དཔྱད་ཀྱི་གཞིར་འགྱུར་ངེས།
་
ཁ་སང་ཁེ་ཉིན། ཞེས་པར་ཁས་ཉིན་མ་ཡིན་ནམ། དིང་སང་གྱི་བོད་ལུང་མང་པོའི་ཁ་རྒྱུན་ནང་དུ། རྗེས་འཇུག་ས་ཨེ་རུ་འབོད། འབོད་ཚུལ་འདི་ལ་དོ་སྣང་དགོས། ཁེ་བཟང་འབྱུང་བའི་ཉིན་མོ་ལ་ཁེ་ཉིན་ཞེས་མི་ཟེར་རམ།
བུ་སྟོན་ཁ་ཆེར་བཏགས་ཀྱང་། བུ་སྟོན་གྱི་ཆོས་དད་ནི། ཁ་ཆེའམ་ཁ་མུ་སལ་མན་མིན་པར། ནང་པའི་སྙིགས་དུས་ཀྱི་སྟོན་པ་མཁས་གྲགས་ཅན་ཞིག་རེད་དོ།།
ཟེར་སྲོལ་གཅིག་ལ། ཁུངས་སམ། གཞུང་དཔེ། ག་བ་ཡོད་མེད་༸བུ་ལ་དྲིས། རིགས་པའི་དཔྱད་མཐའ་རྫོགས་པ་ལྟ་བུའི། ག་རེ་ཡིན་མིན་༸རྗེ་ལ་དྲིས། ཞེས་ཤོད་སྲོལ་འདུག
གོ་དོན་ནི་བུ་སྟོན་གྱི་གསུང་འབུམ་གྲངས་་མང་དང་། རྗེ་རིན་པོ་ཆེའི་གསུང་པོད་བཅོ་བརྒྱད་ལས་མེད་ན་ཡང་། ཡོད་ཚད་ལ་རིགས་ལམ་གྱིས་དཔྱད་ཟབ་པ་ཡོད་པས་དེ་ལྟར་ཟེར་སྲོལ་ཆགས་པ་འདྲ།
ཅི་ཞིག་ཟེར་གྱི་ཡོད་པའང་ཤེས་མ་སོང་།
ཡག་སྙིང་གང་ཞིག་བཤད་འདོད་པ་རེད། སྨྱོ་ལབ་རང་རེད།
http://tibettimes.net/%E0%BD%82%E0%BD%93%E0%BD%A0%E0%BC%8B%E0%BD%96%E0%BD%BC%E0%BD%A0%E0%BD%B2%E0%BC%8B%E0%BD%96%E0%BD%BC%E0%BD%91%E0%BC%8B%E0%BD%80%E0%BE%B1%E0%BD%B2%E0%BC%8B%E0%BD%A3%E0%BD%BC%E0%BC%8B%E0%BD%A2%E0%BE%92/
་
གནའ་བོའི་བོད་ཀྱི་ལོ་རྒྱུས་སྤྱི་ཆིངས་སྔོན་མེད་པའི་གཏམ། (ཆབ་སྤེལ་སོགས་ལ།)
བོད་ཀྱི་དུས་བབ། སྐར་མ ༤༧ སྔོན་ལ། རིག་པ། (༠)
ཨ་ཚོགས་མཁས་བཙུན།
རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལགས།
ཁྱེད་ཀྱིས་རྩོམ་འདིར་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ། གཟའ་སྤེན་པའི་ཞོགས་པར་གློ་བུར་གྱི་དྲན་སྣང་ཞིག་བྲིས་ཏེ་ངོ་དེབ་ཏུ་སྤེལ་ཡོད་མོད། ཁ་བརྡ་འདི་ལ་གོ་རིམ་མེད་སྲིད། ངས་དེར་བསམ་ཤེས་བྱེད་ཐུབ་ཀྱི་ཡོད། བཀུར་འོས་ཁ་བརྡ་རྩོམ་སྒྲིག་པས་ངོ་དེབ་ལས་བཤུས་ཏེ་ཁ་བརྡ་དྲ་བར་སྤེལ་འདུག དེ་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
“བུ་སྟོན་རིན་པོ་ཆེར‘‘བུ་སྟོན་ཁ་ཆེ’’ཞེས« བུ་སྟོན་ཆོས་འབྱུང» དུ་ཐོག་མར་འབྱུང་བ་བཞིན། ཆོས་འབྱུང་དང་ལོ་རྒྱུས་གཞན་དུའང་དེ་ལྟར་བྲིས་ཡོད་པ་མཐོང་། འོན་ཀྱང་། དེ་དངོས་མིང་ངམ་བཏགས་མིང་གང་ཡིན་མ་ཤེས། བུ་སྟོན་རིན་པོ་ཆེའི་སློབ་མ་མགོན་པོ་དཔལ་གྱིས་མཛད་པའི་བུ་སྟོན་རིན་ཆེན་གྲུབ་ཀྱི་རྣམ་ཐར་དབུ་མེད་བྲིས་མ་ཞིག་ཡོད་པ་དེ་བམ་ཀློག་ཅིག་བྱས་མོད། མིང་དེ་བྱུང་བའི་ལོ་རྒྱུས་ཡོད་པ་མ་མཇལ། གལ་སྲིད་ལོ་རྒྱུས་གཞན་དུ་ཡོད་པ་མཇལ་ཚེ་ལན་ཕུལ་ཆོག
ཁ་སང་ཁེ་ཉིན་ཞེས་པའི་ཁ་སང་ལ་ཁ་ས་དང་ཁ་རྩང་ཞེས་འབྲི་སྲོལ་ཁ་ཤས་ཡོད་པ་འདྲ། དེ་རིང་གི་ཉིན་སྔོན་མ་དེ་རེད། ཁེ་ཉིན་ནམ་ཁས་ཉིན་ཞེས་པ་ནི་ཁ་སང་གི་ཉིན་སྔོན་མ་དེར་གོ་དགོས་པ་འདྲ་མོད། ཚིག་མཛོད་རེ་ཟུང་དུ་ཁ་སང་དང་ཁེ་ཉིན་གཉིས་དོན་གཅིག་ཏུ་བཞེད་འདུག ད་དུང་ཁ་ས་ཁ་ཉིན་ལྟ་བུའང་བྲིས་འདུག་པ་མཐོང་། གང་ལྟར། རྒན་ལགས་ཀྱིས་ཁས་ཉིན་ཞེས་པ་སྔོན་བྱོན་མཁས་པ་ཚོས་མཛད་པའི་བསྟན་བཅོས་གང་དང་གང་དུ་ཡོད་པ་མཇལ་བྱུང་ངམ། ཐུགས་རྗེ་ཆེ།
ཁ་སང་དང། ཁ་ས་དང་། ཁ་རྩང་གསུམ་ག་ནོར་བ་འདྲ། ལོ་རྒྱུས་ཡིག་རྙིངག་ནང་ལ། མདང་ཟེར། མདང་སྐྱེས་ཀྱི་བུ་ལ་སོ་ནི་སྐྱེས་འདུག་སོགས་གསལ།
མདང་།
དེ་རིང་།
སང་ཉིན།
མདང་ ང་ ཕྱིན་པ་ ཡིན།
དེ་རིང་ ང་ འགྲོ་བགྱིད་ ཡོད།
སང་ཉིན་ ང་ འགྲོ་བགྱི་ ཡིན།
སྙན་བཟང ལེགས་ཀྱི་ཡི་གེ་དག་པོ་དཔེར་འོས་པ་ཞིག་ཏུ་སྣང་།
ལ་དྭགས་ལུང་པར་མདང་དི་རིང་མཐོ་རས་ཟེར། ཁ་རྩན་ཞག་དང་། སྔོན་མ་ཞག་དང་། དེའི་ཞག་ཟེར། དེ་བཞིན་མཇུག་ལ་འོང་རྒྱུའི་ཞག་པོ་ལ་གནངས། རྗེས། དགུས། ཟེར།
དབུས་གཙང་དུ། ཁ་སང་། ཁས་ཉིན་དང་། སང་། གནངས། ཟེར་བ་ཐོས། འདི་དག་གི་ཡི་གེའི་ཐོབ་དངོས་མ་གང་ཡིན། བརྟག་དཔྱད་དགོས་སོ།
ཁ་ཉི་མ།
མདང་།
་
དེ་རིང་།
་
སང་ཉིན།
གནངས་ཉེན།
གཞེས་ཉིན།
དགུས་ཉིན།
རྒན་ལ་དྭགས་པ་སྐུ་ཁམས་བཟང་། ཕྲན་ཡང་བདེ་བར་བདོག འདི་ནས་ཞུ་བ་ཞིག་ལ། སྔགས་ཡིག་ཞིག་ཏུ། མ་མ་ཀོ་ལིཾ་ས་མནྟ། ༼གོ་ལིང་། ཀོ་ལིང་། ཀོ་ལིཾ། གུ་ལང་། གྷི་ལང་། སྣ་ཚོགས་བྲིས་འདུག༽དོན་ཅི་ཡིན་ནམ། གཙང་རྟ་ནག་པ་པདྨ་འོད་གསལ་གྱི་ཟིན་བྲིས་སུ། ལེགས་སྦྱར་སྐད་དེ། བོད་སྐད་དུ། དོན་བསྒྱུར། ཀུན་ཏུ་བཟང་མོ་ཀུན་བདག་ཉིད། ། ཡང་ན་། ཀུན་ཏུ་དག་པ་ཡུམ་གྱི་དབྱིངས། །ཞེས་བསྒྱུར་བ་ཡང་ཡོད་ཅེས་འཁོད་འདུག །འདི་རེ་རེ་བྱས་ནས་སྒྲུབ་ཚུལ་ཡོད་དམ། བཀའ་འདྲི་ཞུ། །སྐུ་ཚེ་རིང་། །
དྲི་མེད་ལྷག་བསམ་གྱིས་གང་བའི་སྐྱེས་མཆོག་བྲིས་ཡིག་མཇལ་བས་སྤྲོ་བ་འཕེལ།
་
མ་མ་ཀོ་ལིཾ་ས་མནྟ། ཞེས་པ་ན། ས་མནྟ། རྐྱང་རྐྱང་བདག་གིས་ཤེས། ས་མནྟ་བྷ་དྲ། ཀུན་ཏུ་བཟང་པོ། ཞེས་པ་ལྟ་བུ། ཀུན་ཏུ་བཟང་མོ་ཀུན་བདག་ཉིད། ། ཡང་ན་། ཀུན་ཏུ་དག་པ་ཡུམ་གྱི་དབྱིངས། །ཞེས་བསྒྱུར་ཡོད་པ་ལ་མོས་པ་ཡོད། སྔགས་ཟློ་བའི་ཚེ་མོས་པ་གཙོ་ཆེ་བའི་ལོ་རྒྱུས་འདུག སླར་མཇལ་བའི་རེ་འདུན། སྐུ་ཁམས་བཟང་བར་སྨོན།
དྲི་མེད་ལྷག་བསམ་ལགས། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་པ་འདི་ལྷ་མོའི་སྔགས་དང་ཞི་ཁྲོའི་རིག་འཛིན་རྩ་སྔགས་གསུམ་གྱི་སྔགས་གཉིས་ཀའི་གྲས་སུ་བགྲངས་འདུག་པའི་རྒྱུ་མཚན་ཅི།
རྒན་ལ་དྭགས་པ་ལ་ཐུགས་རྗེ་ཆེ་ཞུ། སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་ཡོད།
ཀླུ་སྨྱོན་ལེགས། སྐུ་ཁམས་བཟང་། རུ་ལུའི་སྔགས་ཀྱི་ལོ་རྒྱུས་སྔགས་རྒྱུད་སྤྱི་དང་འབྲེལ་ཆེ། གསང་བ་སྤྱིའི་སྔགས་བྱས་ཀྱང་རུང་སྙམ། ༀ་ཡེ་ཤེས་ལྔ། རུ་རཀྟ་སྟེ་རྗེས་ཆགས་ཐུགས་རྗེ་ཆེན་པོ། ལུ་ལུམ་བི་ནི་སྟེ་དགའ་བའི་ཚལ་བདེ་བ་ཆེན་པོར་འདྲེན་པ། བྷྱོ་མ་མོ་སྤྱིའི་སྲོག་སྙིང་སྟེ་མཁའ་འགྲོ་ལས་ལ་འཛུད་པ། ཧཱུྃ་འགྱུར་བ་མེད་པ་སྟེ་ཐུགས་རྗེ་བསྐུལ་བའི་སྔགས་སོ། །ཀྱེ་རྡོར། བདེ་མཆོག ཡང་དག ཞི་ཁྲོ། མ་མོ་སྤྱིའི་སྔགས་ཀུན་ལ་འབྲེལ་བ་ཡོད། རྗེའི་བདེ་མཆོག་སྦས་དོན་ཀུན་གསལ་གྱི་དགོངས་པ་ཉིད་ཀྱི་མཁྱེན་གསལ་ལྟར་ལ། བཀའ་མ་རྫོང་ཕྲེང་དང་། ཡང་དག་སྐབས་སུ། རུ་ལུའི་ཤེས་པ་བརྒྱད་ཅེས་གྲགས་པ།རུ་ལུ་དཀྱིལ་འཁོར་ཏུ་ཤེས་པ། ལྷར་ཤེས་པ། སྒྲར་ཤེས་པ། ཕྲིན་ལས་སུ་ཤེས་པ། མཆོད་པར་ཤེས་པ། དབྱངས་སུ་ཤེས་པ། བསྙེན་པར་ཤེས་པ། ཆོས་ཉིད་དུ་ཤེས་པ་སོགས་གསག་བ་བསམ་མི་ཁྱབ་པའི་གནས་སོ། །མ་མོའི་ལས་རྒྱུད་དང་། མ་མོ་རྒང་ཤར་སོགས་སུ་ལས་རླུང་གོ་ལྡོག་སྲོག་འཕྲོག་བྱད་མ་ཕྱིར་ལྡོག་རང་གཤེད་དུ་འབེབ་པའི་མན་ངག་ཡིག་ཆུང་གུད་དུ་སྦས་པ་ཡང་བཞུགས་སོ། །སྔགས་ཀྱི་སྲོག་སྡེབས་ཟབ་མོ་བདུན་ཕྲག་གཅིག་གིས་རྟགས་ཐོན་ངེས་པ་སོགས་འདི་ནས་གླེང་མི་བདེ་བས་དེ་ཙམ་གྱིས་ཞུ་འོས་མེད་པས་དགོངས་འགལ་མེད་པར་ཞུ། །
ཞི། རྒྱས། དབང་། དྲག་བཞི་ལས། དྲག་པོ་ནི། དངོས་གྲུབ་དམའ་ཤོས་ཡིན་པ་དེ་ཡང་། བོད་ཆོས་གནང་མཁན་ཚང་མས་སེམས་ནང་མི་བརྗེད་གནང་གལ་ཆེན་པོ་རེད། དེ་མིན་གྲྭ་ཆས་གྱོན་ནས་ལག་དམར་མི་ཆགས་པའི་ངེས་པ་ཡོད་མ་རེད་དོ།།