རྩོམ་པ་པོ། འགྱན་སངས་རྒྱས་དོན་གྲུབ། འོས་སྦྱོར་བ། ཚེ་དཔག་རིག་འཛིན།
རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
མདོ་སྨད་རྨ་ཆུའི་ལྷོ་རྒྱུད་དུ་ཆགས་པའི་ས་མ་འབྲོག་གི་ཡུལ་ཞིག་ཏུ་སྐྱེས། སྔ་ཕྱིར་རྫོང་མི་རིགས་སློབ་འབྲིང་དང་ནུབ་བྱང་མི་རིགས་སློབ་ཆེན་སོགས་འགྲིམ་ནས་སློབ་གཉེར་བྱས་མྱོང་ལ། སློབ་ཆེན་དེ་ཉིད་དང་མཚོ་སྔོན་སྤྱི་ཚོགས་ཚན་རིག་ཁང་སོགས་ནས་རིག་གནས་དཔྱོད་འཇུག་གི་ལས་ཀ་བསྒྲུབས་མྱོང་། ཁོང་གིས་ལས་ཞོར་དུ་《བོད་ལྗོངས་ཞིབ་འཇུག་》སོགས་རིག་གཞུང་དུས་དེབ་གང་མང་ཅིག་གི་སྟེང་དུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་དཔྱད་རྩོམ་མི་ཉུང་བ་ཞིག་སྤེལ་ཡོད་པ་དང་།《དགག་སྒྲུབ་སྙིང་སྟོབས་》སོགས་བརྩམས་ཏེ་བོད་ཀྱི་ཡོན་ཏན་པའི་སྡེ་ལ་ཤུགས་རྐྱེན་ཟབ་མོ་ཞིག་བཞག་ཡོད། ད་ལྟ་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་ན་དགེ་རྒན་གྱི་ལས་ཀ་དོན་དུ་གཉེར་བཞིན་ཡོད།
སློབ་བུ་ཐོས་དགའ་ལགས་ཀྱིས་གྲོགས་པོ་ཇི་ལྟ་བུ་ཞིག་བསྟེན་དགོས་ཞེས་པའི་དྲིས་ལན་དུ་འདི་སྨྲས་སོ།།
འཁོར་བའི་མི་ཞིག་ཡིན་ཙ་ན། ཚེ་གང་པོར་གྲོགས་མེད་ཁེར་རྐྱང་དུ་སྡོད་དགོས་བྱུང་ན། ཇི་ལྟར་ཕོ་རྒོད་ཡ་མེད་དང་རིག་རྒོད་འགྲན་མེད་ཅིག་ཡིན་དུ་ཆུག་ཀྱང་། ལྟག་ཆུ་ཆད་པའི་རྫིང་བུ་དང་གཤོག་སྣེ་ཆད་པའི་རྒོད་པོ། དཔུང་ཡ་མེད་པའི་དཔའ་བརྟུལ་དུ་འགྱུར་ངེས་པར་མ་ཟད། མི་ཚེའི་སྤྲོ་དགའ་སྐྱིད་གསུམ་གྱི་སྣང་བ་གསལ་ལ་མ་གསལ་བ་དེའང་ཡུལ་པོ་ཆིག་རྐྱང་གི་སྡུག་བསྔལ་གྱིས་བཅོམ་ནས་འཇིག་རྟེན་གྱི་དོན་རབ་གྲུབ་ལ་གནོད་བྱེད་པས་ན།
སྐྱེ་བ་འདི་ལ་བློས་ཐུབ་ཀྱི་གྲོགས་ཤིག་ལ་འཕྲད་རྒྱུ་དེ་རྒྱུས་མེད་ཡུལ་དུ་བགྲོད་པའི་མགྲོན་པོ་ལམ་སྟོན་ས་མཁན་ལ་འཕྲད་པ་ལྟ་བུ། རྒྱ་མཚོའི་ཕ་མཐའ་འགྲིམ་པའི་ཚོང་དཔོན་མཉན་པའི་རམ་ཟླར་འཕྲད་པ་ལྟ་བུ། འབྱུང་གཞིའི་ལུས་སྟོབས་རྒུད་པའི་ནད་པ་སྨན་པ་མཁས་པར་འཕྲད་པ་ལྟ་བུ། ཟས་གོས་འབྱོར་བས་ཕོངས་པའི་མེད་པོ་དགོས་འདོད་ཀྱི་ནོར་ལ་འཕྲད་པ་ལྟར་ཤིན་ཏུ་ནས་གལ་ཆེ་སྟེ། གྲོགས་བཟང་པོའི་དྲིན་ལ་བརྟེན་ནས་སྐྱེ་བའི་དོན་གྲུབ། མཛད་པའི་མཐའ་བསྐྱངས། གྲགས་པའི་དུང་བུས་པའི་སྐྱེས་བུ་ཆེ་འབྲིང་གི་བྱུང་རབས་ལོ་རྒྱུས་ཀྱི་གདགས་སྲིབ་ན་མིག་གིས་མཐོང་ཞིང་རྣ་བས་ཐོས་སུ་ཡོད་པ་ལྟར་རོ།།
ལར་མི་ལ་རབ་འབྲིང་ཐ་གསུམ་ཡོད་པ་ལྟར་གྲོགས་ལའང་རབ་འབྲིང་ཐ་གསུམ་ཡོད་ངེས་པས། དགེ་བའི་གྲོགས་པོ་གསེར་ལས་དཀོན།། གཞན་ཕྱོགས་ཡིན་ཀྱང་གཉེན་དུ་ཁུག། སྡིག་པའི་གྲོགས་པོ་དུག་ལས་ཐུ།། རང་ཕྱོགས་ཡིན་ཀྱང་བོར་ན་ལེགས།། ཟེར་བ་ལྟར་ཡོན་ཏན་གྱི་དྲི་བསུང་འགོས་པའི་གྲོགས་རེ་ཨེ་རྙེད་ལ་དགོངས་པ་གཏད་དགོས་ཏེ།འཇིག་རྟེན་ཁ་དཔེར། དགྲ་འདྲེ་གཉིས་དང་མ་ཐུག་ན། རང་ཚུགས་ཅན་རེ་སུ་ཡང་ཡིན། གྱོད་རྐྱེན་གཉིས་དང་མ་ཐུག་ན། ཁ་ཡག་ཅན་རེ་སུ་ཡང་ཡིན། སྐྱིད་སྡུག་སྟེང་དུ་མ་བབ་ན། ཨ་མའི་གོ་ཁར་སུ་ཡང་བཟང་ཟེར་དཔེ་ཡོད་པ་ལྟར་དེང་སང་མི་རྣམས་སྤྱང་ཐལ་དྲགས་པས། ཨ་སྨྲའི་འབྲས་ལྟར་ཕྱི་བལྟས་ཀྱིས་དྲང་པོ་དང་འཁྱོག་པོའི་ངོ་མི་ཟིན། མཁས་པ་དང་རྫུན་མའི་མགོ་མི་ཚོས། བཟང་པོ་དང་ངན་པའི་རྐྱ་མི་ཕྱེ། དྲུང་པོ་དང་མགོ་བདེའི་ཁྱད་མི་ཕྱེད།ཞེ་འཇམ་དང་ཁ་འཇམ་གྱི་ཧ་མི་གོ བདེན་ཅན་དང་གཡོ་ཅན་གྱི་དབྱེ་བ་མི་འཁོར་བས། མི་ཡི་བཟང་ངན། རྟ་ཡི་མགྱོགས་ཞན་མངོན་ལྐོག་གང་རུང་ནས་ཡུན་རིང་ལ་བརྟགས་ཏེ་སྤང་བླང་གི་གནད་མི་འཕྱུགས་རྒྱུ་གནད་ཀྱི་དོན་པོ་སྟེ་ཁ་དཔེར། གྲོགས་པོ་མ་བརྟག་དུག་ཐུང་འདྲ། བུད་མེད་མ་བརྟགས་གཡང་མཆོངས་འདྲ་བྱ་བའི་བཤད་སྲོལ་ཡོད་པ་ལྟར་རེད། དེ་བཞིན་བཀའ་གདམས་གོང་མ་ཚོས་ཀྱང་། སྔར་འགྲོགས་ཀྱི་དུས་སུ་སྤོབས་པ་མ་མྱུར། གཞུང་འགྲོགས་ཀྱི་དུས་སུ་ཁྲེལ་གཞུང་མ་ཆུང་། ཕྱི་འགྲོགས་ཀྱི་དུས་སུ་ཕྱི་ཐག་མ་ཐུང་བྱ་བའི་གསུང་གནང་ཡོད་པ་འདིར་ཐུགས་བསམ་རེ་བཞེས་དང་ལྟ་བའི་གནད་ཅིག་ཞོར་ལ་གོ་འོང་གི དེ་ལྟ་མ་ཡིན་པར་འཕྲད་མ་ཐག་ཏུ་གསར་འགྲོགས་ཆེ་བ། འདྲིས་མ་ཐག་ཏུ་བློ་གཏད་ཆེ་བ། དགའ་མ་ཐག་ཏུ་བསྔགས་ཐལ་ཆེ་བ། སྡུག་མ་ཐག་ཏུ་འགྲས་ཐལ་ཆེ་བ་འདི་བློ་དང་བྱ་བའི་ཚོད་མི་ཟིན། དགའ་སྡུག་གཉིས་ཀྱི་མགོ་མི་གནོན་བྱ་བ་དེ་ཡིན་པས། དེ་ལྟ་བུའི་སྐྱེས་བུས་བློ་གཏད་སྙིང་ཐུབ་ཀྱི་གྲོགས་རྙེད་དཀའ་ལ། གལ་སྲིད་རྙེད་ནའང་ཨ་གསར་གསར་མའི་མེ་ལྕེ་དེ། འབར་སྐབས་དྲོ་ཡང་འབར་ཡུན་ཐུང་བས་ཉིན་ཞག་གཅིག་གི་མཐའ་ཅན་དུ་འགྱུར་ཉེན་ཡོད་པར་མ་ཟད། སྐབས་སྐབས་སུ་དགའ་ཐལ་ཆེ་དྲགས་ནས་རང་མཚང་ཕྱི་ལ་བསྟན། གསང་བ་མི་ལ་བསྒྲགས་ནས་རང་ཉིད་རང་གིས་བཙོངས། རང་སྡུག་རང་གིས་ཉོས་ཏེ་འགྱོད་པ་མི་ཚེ་ལ་བཟླ་དགོས་པ་འབྱུང་ངོ་།།
དེང་སང་དུས་ཀྱི་སྙིགས་མར་སོང་གཤིས། མེས་པོ་ཚོས་སྲོག་སྤུན་ནམ་མནའ་བཅད་དུ་བཏགས་པའི་ཚུགས་ཅན་རི་དབང་ལྟ་བུའི་གྲོགས་པོ་དང་ཤེས་ཅན་ཉི་མ་ལྟ་བུའི་གྲོགས་པོ། ཁོག་ཅན་རྒྱ་མཚོ་ལྟ་བུའི་གྲོགས་པོ། ཁྲེལ་ཅན་ཕ་མ་ལྟ་བུའི་གྲོགས་པོ། བརྗིད་ཅན་སེང་གེ་ལྟ་བུའི་གྲོགས་པོ་དེ་རིགས་ལག་གིས་རྙེད་རྒྱུ་ཕར་ཞོག ལོ་རྒྱུས་ཀྱི་ཡིག་ཚང་དང་སྙན་ངག་པའི་སྨྱུག་རྩེ་ན་མ་གཏོགས་མཐོང་རྒྱུའང་ཤིན་ཏུ་དཀོན་པོར་སྣང་བས་དེ་ཚོ་གཡུགས་ཞོག
དེང་སང་ཡུལ་བབ་གང་ལ་བརྟགས་ཀྱང་། བྱས་པ་གཟོ་ཞིང་ཆུད་ཟོས་མེད་པ་དང་།། གྲོགས་ལ་བཟང་ཞིང་རང་མདོ་མི་འཆོར་བ།། སྨྲ་མཁས་ཀུན་གྱི་མཛངས་ཚོད་རིག་པ་ཡི།། མི་དེ་འཇིག་རྟེན་འདི་ན་ཚོད་ཅན་ཡིན།། བྱ་བའི་གྲོགས་པོ་ཚོད་ཅན་ཞིག་ཀྱང་རྙེད་དཀའ་ཚོད་དུ་སྣང་ན། སྦྲ་ཆེན་ལ་ཧེབ་མ་ལངས། སྦྲ་ཆུང་ལ་ཡིད་མ་ཆད་ཟེར་བ་ལྟར་མིག་གི་ལྟ་ས་དམའ་རུ་བཏང་། ལག་པའི་བསྲིང་ས་ཐུང་དུ་བཏང་ནས་ཡུལ་བབ་དང་མཐུན་པའི་གྲོགས་རབ་འབྲིང་གང་རུང་རེ་ཨེ་རྙེད་ལ་ལྟ་དགོས།
དེང་སང་གི་གྲོགས་པོ་རིགས་གསུམ་དུ་དབྱེ་ཆོག་སྟེ། དང་པོ་མེད་ན་མི་ཆོག་བཟའ་བཏུང་ལྟ་བུའི་གྲོགས་སོ།། འདིའི་རིགས་ངས་ནམ་རྒྱུན་ཁྱོད་ལ་བཤད་པ་ལྟར་དྲང་པོ་ཚངས་པའི་ཐིག་ཤིང་འདྲ་བ། བརྟན་ཚུགས་གོར་མོ་རྡོ་དང་འདྲ་བ། ཉེ་སྙོམ་གྲུ་བཞི་ཤོ་མིག་འདྲ་བ། སྡུག་བཟོད་མགར་བའི་བཟོ་སྟེགས་འདྲ་བ། ཞི་དུལ་ཁྱུ་མཆོག་རྭ་ཆད་འདྲ་བ། ཤེས་རྒྱ་རྒྱ་མཐོང་ཁ་ཕྱེ་འདྲ་བའི་མི་གཞིའི་ཡོན་ཏན་གྱིས་བརྒྱན་པའི་སྟེང་ལ། རིགས་ཀྱི་སྤྱི་དོན་སྒྲུབ་ཕོད་པ། ཕྱི་ནང་གཉིས་ཀྱི་མཚམས་ཤེས་པ། བཟང་ངན་གཉིས་ཀྱི་ངོ་ཤེས་པ། གཉེན་དང་གྲོགས་ཀྱི་ཚིག་ཁྱག་པ། སྐྱིད་དུས་མི་ལ་བསྟུན་ཤེས་པ། སྡུག་དུས་ཀེག་གིས་ལངས་ཤེས་པ། གསང་གྲོས་ནང་ཚིག་སྦེད་ཤེས་པ་ཞིག་དགོས་སོ།། དེ་སྐད། ནོར་གྱི་མཆོག་ནི་སྦྱིན་པ་སྟེ།། བདེ་བའི་མཆོག་ནི་སེམས་སྐྱིད་པ།། རྒྱན་གྱི་མཆོག་ནི་ཐོས་པ་སྟེ།། གྲོགས་པོའི་མཆོག་ནི་མི་སླུ་བ།། ཟེར་བ་ལྟར་དེ་འདྲའི་གྲོགས་དེ་དལ་དལ་རིང་ལ་གར་སོང་དང་འདིར་སོང་མི་ཤེས་ནའང་། བྲེལ་བྲེལ་རིང་ལ་མ་བོས་རྒྱ་སྟག་ནགས་ནས་ཐོན་འདྲ། མ་བཀུག་འབྲོང་ཆུང་རྫ་ནས་བབ་འདྲ། མ་བྲིས་འཇའ་ཚོན་མཁའ་ནས་ཤར་འདྲ་ཞིག་བྱས་ཏེ་དུས་ལས་ཡོལ་བ་མེད་པར་ཁྱོད་ཀྱི་གན་དུ་རང་འཁོར་བརྒྱབ་ཡོང་བར་མ་ཟད། ལྷོད་ཤིག་གེར་སྡུག་ཀོ་མོག་གི་ཆུ་ལ་མཉམ་འཐུང་ཡང་བྱེད་ངེས་སོ།། དེ་ལྟ་བུའི་གྲོགས་དེ་ཁྱོད་རང་ནམ་རྒྱུན་སོས་དལ་བག་ཡངས་སུ་སྡོད་སྐབས། སྐུ་ལ་དགྱེ་སྒུར་མེད་པ། གཏམ་ལ་མཉེན་གྱོང་མེད་པ། ངག་ལ་སྙན་ཆ་མེད་པ། ཚིག་ལ་འཇམ་ཤ་མེད་པར་རྒྱུད་ཧྲོག་གེ་བ། ཐུགས་གྱོང་ངེ་བ། བཞིན་ནག་རོག་སེར་སྣང་ནས་སེམས་ཅན་གཞན་གྱི་མིག་ལ་མི་མཛེས་པའི་གནས་སྐབས་འབྱུང་སྲིད་ཀྱང་། གལ་ལ་ཐུག་དུས་ཆབ་མི་འགྱུར་ཆུ་ཀླུང་རིང་མོ། མདོག་མི་འགྱུར་གསོམ་དཀར་སྡོང་པོའི་འགྲེང་སྟབས་སུ་བཞེངས་ཏེ་ཉེ་ས་ནས་བསྲུང་ཞིང་རིང་ས་ནས་འཚོས་པར་འགྱུར་ལ། ཡོ་དུས་མཐའ་ནས་འཐེན་ཞིང་སྒུར་དུས་མདུན་ནས་འགྱོག་པ། སྡུག་དུས་འགབ་ནས་འདེགས་ཤིང་ན་དུས་རྒྱབ་ནས་བསྐྱོར་བའི་རྗེས་འཛིན་གྱི་བརྩེ་ཞགས་ཁྱོད་ལ་ནམ་ཡང་ལྷོད་མི་སྲིད་པས་ཡར་འཐེན་གྱི་ལྕགས་ཀྱུ་དང་གྲུ་འདེགས་ཀྱི་ཕྱར་བ་གྲོགས་ཁོ་རང་རེད་ལ། ཁྱོད་ཀྱི་དོན་དམ་པའི་རྟེན་སའི་མཁར་རྫོང་དང་གབ་སའི་ནགས་ཚལ། སྲ་བའི་གོ་ཆ། རྣོ་བའི་མཚོན་ཆ། ཉིན་གྱི་བྱ་ར། མཚན་གྱི་མེལ་ཚེ། གཞི་ཡི་ཁ་འཛིན། བྱེས་ཀྱི་བསུ་སྐྱེལ་ཡང་གཞན་སུ་ཞིག་ཀྱང་མ་ཡིན་པར་གྲོགས་ཁོ་རང་ཡིན་ནོ།། འདི་ལྟ་བུའི་གྲོགས་པོ་མི་ཚེ་ལ་འཕྲད་དཀའ་བ་གསེར་དངུལ་རྙེད་པས་དོ་མ་ཡིན་པས། ཕར་ལའང་དེ་ལུགས་ཀྱི་ཐུགས་རྗེ་བསྟི་སྟངས་མི་བརྗེད་པར་བྱས་ནས་བྱམས་པའི་མིག་གིས་འཚོས། འཇམ་པའི་ངག་གིས་སྨྲས། མཐུན་པའི་སེམས་ཀྱིས་འགྲོགས་དགོས་པར་མ་ཟད། བརྒྱ་ལ་རྡོ་རྗེའི་དམ་ཚིག་ལ་འགལ་འཕྲིག་གི་སེར་ཀ་ཕྲ་མོ་རེ་ཤོར་ཡང་།གྲོགས་རང་སར་བཞག རང་གྲོགས་སར་བཞག་ནས་བློ་གཤོགས་མཐའ་རུ་བསྐྱེད། མཛའ་བའི་མཐའ་འཁྱོལ་བར་བྱ་དགོས་སོ།།
གཉིས་པ་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་པ་ཨ་རག་ལྟ་བུའི་གྲོགས་པོ་སྟེ། འདི་ལ་ཇ་ཁ་ཆང་ཁའི་གྲོགས་པོ་ཡང་ཟེར། གྲོགས་པོ་འདིའི་རིགས་ལ་བལྟས་ཚོད་ཀྱིས་སྐྱེ་བའི་འདུན་པ། ཚེ་ཡི་དམིགས་བྱ། ཕུགས་ཀྱི་བསམ་དོན་རང་ག་བ་ཞིག་ལས་མི་འདུག་པ་འདྲ་ཡང་། དུས་ལ་བབ་ཚེ་སྤྱི་དོན་ལས་རང་དོན་གཙོ། གནས་ལུགས་ལས་རང་འདོད་གཙོ། ཕ་རོལ་ལས་སོ་སོ་གཙོ། འདྲ(དྲང་)་བདེན་ལས་ཕྱོགས་རིས་གཙོ་བས་ན། ཚུར་ལ་གྲོགས་བསྒྲིགས་པའང་རང་དོན་གྱི་ཆེད་དེ། དབྱར་གྱི་ཆུ་མིག་རྩ་ཡི་མེ།། སྤྲིན་བར་ཉི་མ་ཟླ་བ་ཉ།། བློ་ངན་རིག་པ་ངན་དང་མཛའ།། དགོས་ཚེ་འབྱུང་བའི་ངེས་པ་མེད།། ཟེར་བ་ལྟར། སྐྱིད་དུས་བྱ་བཞིན་འཁོར་ནས་ཡོང་། སྡུག་དུས་འཇའ་བཞིན་ཡལ་ནས་འགྲོ མཁོ་དུས་ཀླད་པའི་གཙུག་ལ་བཀུར། མི་མཁོ་གོར་མོ་རྡོ་ལ་རྒྱག ཕན་དུས་ཨ་སྔོན་དཀྱིལ་ལ་བསྟོད། མི་ཕན་དོག་མོ་ས་ལ་འཕེན་པ་ཁོ་ཚོའི་གཤིས་སུ་གྲུབ་ལ། ཁྱད་པར་དུ་འདྲིས་ཆེན་མིག་གིས་རྫི་མ་མི་མཐོང་བའི་དཔེ་ལྟར་མཚམས་མཚམས་ལ་མཁས་པ་ང་ཡིན། དབྱུག་པ་མདུང་ཡིན་ཟེར་བཞིན་ཁྱོད་ལ་དོན་གྱི་གོ་གཤིབ། ལག་གི་བྲིས་གཤིབ། མཁས་པའི་ལྕེ་གཤིབ། མགྱོགས་པའི་བང་གཤིབ། དཔའ་བའི་དཔུང་གཤིབ་ནས་ཡོང་སྐབས་མང་པས། འདིའི་རིགས་ལ་མ་བརྟགས་མ་དཔྱད་པར་དགའ་སྡུག་ཆགས་སྡང་མི་སྔ་རྒྱུ། གོ་ཚད་དྲན་ཚད་མི་བཤད་རྒྱུ། གསང་བའི་གྲོས་མགོ་མི་ཤོར་རྒྱུ། གྲོགས་ཀྱི་བསམ་པ་མི་འཛིན་རྒྱུ། ཕན་འདོགས་དྲིན་གྱིས་མི་བསྐྱང་རྒྱུ་ཤེས་པར་བྱས་ཏེ་འདྲ་འདྲ་འགྲིག་འགྲིག ཁྲ་ཁྲ་རིག་རིག མིད་པ་ཡན་ཆད་ཀྱི་སྐད་ཆ་རེ་བཤད་ནས་འདུག་རྒྱུ་ཐུགས་ལ་ངེས་དགོས་སོ།། མཚམས་འདི་ནས་ཡ་ཧུ་དཱ་པའི་གཏམ་རྒྱུད་ཅིག་ལ་གསན་མཛོད་དང་གྲོགས་ཀྱི་དྭངས་མ་ཞེས་པ་ཇི་འདྲ་ཞིག་ཡིན་ཚུལ་མིག་ལ་གློག་བརྙན་བཞིན་འཆར་འོང་གི
སྔོན་མ་ཞིག་ལ། མཚན་ཉིད་མཁན་པོ་ཞིག་གིས་རང་གི་བུ་གན་དུ་བོས་ཡོང་ནས།“བུ། ཁྱོད་ལ་གྲོགས་པོ་དུ་ཡོད། ང་ལ་གཅིག་ཤོད་དང”ཞེས་དྲིས། བུ་དེས་ཁེངས་སེམས་དང་བཅས།“ཉུང་མཐར་ཡང་བརྒྱ་ལྷག་ཡོད”ཅེས་ལན་བཏབ། མཚན་ཉིད་མཁན་པོས།“ཡུལ་དུས་གང་དུ་སླེབས་ཀྱང་། མི་དེ་གྲོགས་སུ་བསྟེན་རུང་མིན་རྩད་མ་ཆོད་གོང་ལ་ཧ་མ་ཧོལ་ལ་གྲོགས་པོ་སྒྲིག་མི་ཉན། གནམ་སྔོན་པོ་སྔོན་ལ་ངས་མཐོང་ཡང་། ངས་ཚེ་གང་བོར་གྲོགས་པོ་ཕྱེད་ཀ་ཞིག་མ་གཏོགས་རྙེད་མ་སོང་། ཁྱོད་ཀྱིས་ཉུང་ཤོས་ལ་གྲོགས་པོ་བརྒྱ་ལྷག་ཡོད་ཟེར་ཏེ། ངས་བལྟས་ན་ཁྱོད་རང་མགོ་ཡང་དྲགས་འདུག་བསམས་ཀི ཁྱོད་ཀྱིས་ཁོ་ཚོར་ཉམས་སད་ཅིག་བྱས་ནས་ཁོ་ཚོའི་གྲལ་ན་བློས་ཐུབ་ཀྱི་གྲོགས་པོ་རེ་ཨེ་འདུག་ལྟོས”ཞེས་བཤད། བུ་དེས།“ཉམས་སད་ཇི་ལྟར་བྱེད”ཅེས་དྲིས། མཚན་ཉིད་མཁན་པོས།“ཁྱོད་ཀྱིས་བ་ཆུང་ཞིག་བཤས། ཤ་རུས་ཐམས་ཅད་དུམ་བུར་གཏུབ་ནས་སྒྱེ་མོ་ཞིག་གི་ནང་དུ་བླུགས། སྒྱེ་མོ་ཡང་བསྐྱར་ཁྲག་གི་ནང་དུ་ཅུང་སྦངས་རྗེས་ཁུར་ནས་གྲོགས་པོའི་ནང་དུ་སོང་སྟེ། གྲོགས་པོ་ལགས། ང་ལ་མགོན་སྐྱབས་ཤིག་གནང་དང་། ངས་ད་སོ་མ་མི་ཞིག་བསད་ཚར། ཁྱོད་ཀྱིས་ང་ལ་རོགས་བྱས་ཏེ་བེམ་པོ་ཁྱེད་ཚང་གི་སྒོ་རའི་ནང་དུ་སྦས་ཏེ་གཞན་སུ་ཞིག་གིས་ཀྱང་མི་མཐོང་བར་བྱ་རོགས། འདི་ལྟར་བྱས་པས་ཁྱོད་ཀྱིས་ངའི་སྲོག་བསྐྱབས་པ་རེད་ཅེས་ཞུ་བ་འཐེན་ཁུལ་བྱོས”ཞེས་བསླབས།
བུ་ཆུང་དེས་ཕ་རྒན་གྱི་ཐབས་ལ་ཉན་ཏེ་སྒྱེ་མོ་ཁུར་ནས་གྲོགས་པོ་ཞིག་གི་ནང་ལ་ཕྱིན་ཏེ་རོགས་བྱེད་པའི་རེ་བ་ཞུས་པ་ན། གྲོགས་པོས།“ཡོང་གི་མ་རེད། ཁྱོད་ས་གཞན་ལ་སྦ་རུ་སོང་། ཁྱོད་རང་ཉིད་ཀྱིས་བྱས་པའི་བྱ་བ་ལེགས་པོས་ངེད་ཚང་ལ་གྲིབ་མ་མི་གནག་རོགས”ཞེས་བཤད། བུ་དེ་མུ་མཐུད་ནས་གཅིག་གཅིག་བྱས་ཏེ་གྲོགས་པོ་ཚང་མའི་སྒོ་རྩ་འགྲིམས་ནས་རོགས་སྐྱོབ་ཀྱི་རེ་བ་ཞུས་ཀྱང་། རོགས་བྱེད་མཁན་གཅིག་ཀྱང་མ་བྱུང་། ཁོ་ཁྱིམ་དུ་ལོག་ནས་ཕ་རྒན་ལ་གནས་ཚུལ་དེ་བཤད།“དེ་ལ་བསམ་བློ་མི་འཁོར་རྒྱུ་ཅི་ཡང་མི་འདུག”ཕ་རྒན་གྱིས་ཁོའི་སེམས་གསོ་ཞོར། “སྐྱིད་ན་ནམ་མཁའི་བྱ་ཡང་འཁོར། སྡུག་ན་མཆན་གྱི་བུ་ཡང་འབྲོ་ཟེར་བ་དེ་ཡིན་པས་སེམས་སྡུག་མི་དགོས། ད་ཁྱོད་སོང་ལ་ངའི་གྲོགས་པོ་ཕྱེད་ཀ་དེ་བཙལ་ནས་དེ་ལྟར་ཤོད་དང་ཁོས་ཅི་ཟེར་ཞིག་བལྟ”ཞེས་བསླབས། བུ་དེ་ཕར་ཕྱིན་ནས་དེ་ལྟར་ལབ་པ་ན། ཕ་རྒན་གྱི་གྲོགས་པོ་ཕྱེད་ཀ་དེས།“མགྱོགས་པོར་ནང་ལ་ཤོག
གཞན་ལ་མཐོང་གི་མ་འཇུག”ཟེར་ཞོར་ཆུང་མ་དང་བུ་ཕྲུག་རྣམས་ཕྱི་རུ་མངགས་རྗེས། དེ་མ་ཐག་སྒོ་རའི་ནང་དུ་ས་དོང་རྐོ་མགོ་བརྩམས་པ་ན། བུ་དེས་གནས་ཚུལ་ངོ་མ་ཁོང་ལ་ཞུས།“བདག་གིས་ཁྱེད་རང་ངའི་ཕ་རྒན་གྱི་གྲོགས་པོ་ཨེ་ཡིན་བལྟ་ཆེད་འདི་ལྟར་བྱས་པ་ཡིན། ད་ངས་གཞི་ནས་ཧ་གོ་སོང་། ཁྱེད་རང་ངའི་ཕ་རྒན་གྱི་གྲོགས་པོ་ངོ་མ་རེད་འདུག”ཅེས་བཤད།
གསར་འགྲོགས་ཆེ་བའི་གྲོགས་ལས་ཕྱི་ཐག་རིང་བའི་དགྲས་དགའ་ཟེར་བ་ལྟར་ཨ་རག་ལྟ་བུའི་གྲོགས་པོ་ཚོའི་བློ་ཁོག་དང་ཕྱི་ཐག་ལ་ལྟོས་དང་སྤྱིར་ན་དགོས་བྱེད་ཤིན་ཏུ་ཆུང་བས། དེ་ལྟ་བུའི་གྲོགས་པོ་མ་བསྟེན་ཡང་གནོད་ཆ་མེད་དོ།།
གསུམ་པ་ནི་གཏད་མེད་གཡོ་ཅན་ཝ་སྐྱེས་ལྟ་བུའི་གྲོགས་པོ་རེད་ལ། འདིའི་རིགས་དེ་ལས་ཐུ་སྟེ། ཕྱི་དྲང་མོ་མདའ་སྨྱུག་འདྲ་ཡང་ནང་གཡོ་སྒྱུའི་འཁོར་ལོ་བསྐོར་བ། ཁ་ཁུ་བྱུག་བཞིན་དུ་སྙན་ཡང་ཁོག་གཞུ་མོ་བཞིན་དུ་འཁྱོག་པ། ཚིག་འཇམ་པོ་མར་ལོ་འདྲ་ཡང་དོན་རྩུབ་མོ་ཚེར་མ་འདྲ་བ། མདུན་དུ་ངོ་བསྟོད་ཀྱི་ཁུ་བྱུག་གྲག་ཀྱང་རྒྱབ་ནས་ངན་བཤད་ཀྱི་འུག་པ་རྒོད་པ། གདོང་ན་སོ་དཀར་གྱི་འཇའ་རིས་འཁྱུག་ཀྱང་ཁོག་ན་ངན་ཐབས་ཀྱི་སྤྲིན་ནག་འཐིབས་ཡོད་གཤིས། མཛའ་གཅུགས་ཀྱི་སེམས་པ་ལ་ཕྲག་དོག་གི་ཁུ་ཚུར་འཆིང་ཞིང་།རྗེས་འཛིན་གྱི་ཕན་བཏགས་ལ་ལྕེ་ངན་གྱི་རྐན་སྒྲ་སྒྲོག་པ། དྲང་གཏམ་གྱི་བསླབ་བྱ་ལ་ཁྱད་གསོད་ཀྱི་མཆིལ་ཞགས་འཕེན་པའི་སེམས་ཅན་དུ་གཏོགས་སོ།། འདི་ལྟ་བུའི་གྲོགས་དེ་ཇི་སྐད། ལས་སུ་སྡིག་སྤྱོད་གཞན་ལ་རྐུ།། སེམས་ངན་སྤྱོད་ངན་རང་བཞིན་ངན།། རྣམ་ཐར་ངན་པ་གཞན་ལ་བགོ། རིམས་ནད་ལྟ་བུའི་སྐྱེས་བུ་སྤངས།། ཞེས་རིམས་ནད་ལྟ་བུའི་སྐྱེས་བུ་ཡིན་པར་གསུངས་ཡོད་པས་ན། ཟ་འདྲེ་ཤི་གཤེད་བཞིན་དུ་རིང་ནས་སྤང་བྱ་ཉིད་དོ། །
མདོར་ན། ཁ་དཔེར། བཙག་དང་བསྡེབས་ན་དམར། རམ་དང་བསྡེབས་ན་སྔོ་ཟེར་བ་ལྟར་གྲོགས་ཡག་པོ་ཞིག་ལ་འགྲོགས་པས་རང་ཉིད་ལ་ཡར་སྐྱེད་འབྱུང་ཞིང་གྲོགས་ངན་པ་ཞིག་ལ་འགྲོགས་པས་རང་ཉིད་ཇེ་ལོད་དུ་འགྲོ་བ་དཔེ་ཡིན་པས། གྲོགས་ཀྱི་འདམ་ཀ་མི་ནོར་རྒྱུ་གཞིར་བྱས། མུ་མཐུད་ནས་རྒྱུད་འཇམ་པ་དང་གཅིག ཁོག་ཡངས་པ་དང་གཉིས། བློ་བརྟན་པ་དང་གསུམ། ཚོད་ཟིན་པ་དང་བཞི། སེམས་བཟང་བ་དང་ལྔ། ཤ་ཚ་བ་དང་དྲུག དཔྱད་ཤེས་པ་དང་བདུན། སྤྱི་སེམས་པ་དང་བརྒྱད། འགན་ཁུར་བ་དང་དགུ ཤེས་རབ་ཆེ་བ་དང་བཅུ་སྟེ་མེས་པོ་ཚོས་གཙོ་བོ་དག་ལ་གལ་ཆེན་དུ་གསུངས་པའི་མི་གཞིའི་ཡོན་ཏན་དག་རང་རྒྱུད་ལ་སྦྱོར་ཅི་ཐུབ་བྱ་དགོས་སྙམ་མོ།།
༢༠༡༤ལོའིཟླ༡༠པའི་ཚེས༡༣ལ་འགྱན་སངས་ཀྱིས།
སངས་རྒྱས་དོན་གྲུབ་ལགས་ཀྱི་ཆེད་རྩོམ་དེ་གང་ལེགས་བྲིས་འདུག་པ་ཐུགས་རྗེ་ཆེ།
ཁྱེད་དུས་ཚོད་ཀྱང་ཡག་པོ་རག་ཡོད་པ་འདྲ། མུ་མཐུད་ནས་རང་མི་་རིགས་ཀྱི་སྐད་ཡིག་ལ་
གུས་བརྩི་བདག་བཟུང་གནང་རོགས་གནང། རྗེས་སུ་ཡི་རངས་ཡོད།
Whats the meaning of གྲོགས་པོ in English?