ཚེ་རིང་གི་བུ།
མདང་དགོང་། ང་གྲོགས་པོ་ཞིག་གི་སར་ཕྱིན། གྲོགས་པོས་ཤ་བཙོས་འདུག ཆང་ཉོས་འདུག ངེད་གཉིས་ཀྱིས་ཤ་ཟ་བཞིན་ཆང་འཐུང་། མཚམས་ཤིག་གྲོགས་པོ་ཁོང་ར་བཟི་སོང་བ་འདྲ། ཁོང་གིས་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དང་། དེ་ལས་འཕྲོས་པའི་གཏམ་མང་པོ་ཞིག་བཤད་བྱུང་། ཁོང་རྩོམ་རིག་ལ་ཧ་ཅང་མཁས་པ་འདུག མ་གཞི་ནས་ཁོང་ཉིད་རྩོམ་པ་པོ་ཞིག་དང་། སྙན་ངག་པ་ཞིག་ཀྱང་རེད། ཁོང་གིས་ནུབ་ཕྱོགས་ཀྱི་བསམ་བློ་བ་ཚོ་དང་བོད་ཀྱི་བསམ་བློ་བ་ཚོའི་ལྟ་གྲུབ་བསྡུར་གི ནུབ་ཕྱོགས་རྩོམ་རིག་དང་བོད་ཀྱི་སྒྱུ་རྩལ་གྱི་དགེ་སྐྱོན་ཕྱོགས་ནས་ལྟ་བ་གསར་བ་བཤད་ཀི མདོར་ན་གསར་བཏོད་ཀྱི་ཆ་མང་པོ་ཞིག་གསུང་གི སྐད་ཆ་དེ་ཚོར་དངོས་གནས་བྲོ་བ་འདུག ང་དགའ་པོ་བྱུང་།
དེ་ནས་རྗོད་གཞི་འདི་བཞག་སྟེ། ཁོང་ཉིད་བོད་དོན་ཐོག་ཕྱོགས་སོང་། ཁོང་གིས་རྒྱལ་བ་རིན་པོ་ཆེས་ཤར་ཕྱོགས་ཀྱི་སྙིང་དབུས་སུ་གནས་པའི་གདོང་དམར་ཡུལ་འདི་འགྱེལ་ས་ནས་ལངས་ཐུབ་ཆེད་སྐུ་ངལ་མང་པོ་བཞེས་ཡོད་པ་རེད། དཔེར་ན། བཙན་བྱོལ་བོད་གཞུང་གསར་འཛུགས་ཀྱིས་གཞུང་གི་ངོ་བ་དེ་ཡང་དམངས་གཙོའི་ལམ་ལུགས་ཤིག་ཏུ་བསྒྱུར་བ། བཙན་བྱོལ་བོད་གཞུང་གི་ལྟ་གྲུབ་དེ་ཡང་འཚེ་མེད་ཞི་བ། ད་དུང་བྱེས་ཀྱི་ལུང་པར་དགོན་སྡེ་གསར་རྒྱག་དང་། སློབ་གྲ་གསར་འཛུགས་སོགས་ཀྱིས་མཚོན་པའི་རྒྱལ་བ་རིན་པོ་ཆེའི་བླ་ན་མེད་པའི་བཀའ་དྲིན་ཤོད་ཀྱིན། ཁོང་ལ་མིག་ཆུ་བཞུར་གྱིན་འདུག ཁོང་རྒྱལ་བ་རིན་པོ་ཆེར་དད་པ་ཟབ་མོ་ཡོད་པ་འདྲ།
ཁོང་གིས་མུ་འཐུད་དུ་བཤད་དོན། ཡིན་ནའང་། བཙན་བྱོལ་བོད་གཞུང་གིས་བོད་ཀྱི་དོན་གྱི་བདག་པོ་གཞིས་ལུས་མི་མང་ཡིན་ཟེར་གྱི་ཡོད་པ་རེད། དེ་ནི་དངོས་གནས་རེད། གཞིས་ལུས་མི་མང་མང་པོས་རང་སྲོག་རྒྱལ་ཁབ་ལ་མཆོད་པ་རེད། ད་དུང་མཆོད་བཞིན་པ་རེད། འདི་རིགས་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ལག་ཆ་ལྟ་བུར་གྱུར་ཡོད། འོན་ཀྱང་།བཙན་བྱོལ་བོད་གཞུང་གིས་ཕར་གཞིས་ལུས་མི་མང་ལ་རོགས་འདེགས་བྱེད་ཐུབ་ཡོད་པ་མ་རེད། བཙན་བྱོལ་བོད་གཞུང་ཕྱུག་པོ་རེད། བཙན་བྱོལ་བོད་གཞུང་གི་ངོས་ནས་ཐ་ན་བོད་ནང་དུ་སློབ་གྲ་གསར་བ་ཞིག་ཀྱང་རྒྱག་ཐུབ་ཡོད་པ་མ་རེད་ལ། ཐ་ན་ནུབ་ཕྱོགས་སྦྱིན་བདག་ཚོར་རེ་སྐུལ་གྱིས་བོད་ནང་དུ་དགོན་སྡེ་ཞིག་ཀྱང་གསར་རྒྱག་བྱེད་བཅུག་ཡོད་པ་མ་རེད། ཐ་ན་གསང་བའི་ཐོག་བོད་ནང་གི་གཞོན་ནུ་མང་པོ་ཞིག་ལ་སློབ་སྦྱོང་ཐད་སྐྱོབ་གསོ་ཙམ་ཡང་གནང་མི་འདུག དེང་སང་བོད་ནང་དུ་སྤྱིའི་ཆ་ནས་དཔལ་འབྱོར་གྱི་ཚད་ཧ་ཅང་མགྱོགས་ནའང་། ལྟོས་ས་ལྟོས་འཇོག་གིས་བཤད་ན། བོད་ནང་གི་དཔལ་འབྱོར་གྱི་ཁ་སྟབས་སྐྱོ་པོ་རེད། འདི་རིགས་ཐུགས་ལ་འཛིན་དགོས་ཀྱི་འདུག རྒྱལ་བ་རིན་པོ་ཆེ་སྐུ་འདས། རྗེས་ནས་གཞིས་ལུས་མི་མང་གི་བློ་ལོག་ཚེ། བཙན་བྱོལ་བོད་གཞུང་ཚར་བ་རེད། ཉེན་ཁ་ཧ་ཅང་ཆེན་པོ་ཡོད། འདི་རྒྱལ་བ་རིན་པོ་ཆེའི་ནོར་འཁྲུལ་མ་རེད། བཙན་བྱོལ་བོད་གཞུང་གི་ནོར་འཁྲུལ་རེད། བཀའ་བློན་དང་སྤྱི་འཐུས་ཚོའི་ནོར་འཁྲུལ་རེད་ཟེར་བཞིན། ཁོང་ངར་ལངས་ཀི་འདུག
ད་དུང་། ཁོང་གིས་བཙན་བྱོལ་བོད་གཞུང་གིས་མ་འོངས་པར་བོད་ལ་རང་སྐྱོང་དགོས་ཟེར་གྱི་ཡོད། གལ་ཏེ་བོད་ལ་རང་སྐྱོང་རེག་ནའང་བོད་ལ་གྲ་སྒྲིག་མེད་པ། རྒྱལ་བ་རིན་པོ་ཆེས་གཏན་འབེབས་བྱས་པའི་བཅའ་ཁྲིམས་གཅིག་པུས་འགྲིག་གི་མ་རེད། དབུ་མའི་ལམ་འདི་ཡང་བཙན་བྱོལ་བོད་གཞུང་གི་རྒྱ་ནག་ལ་སྒྲོག་གིན་པའི་ཆབ་སྲིང་ཀྱི་ལྟ་གྲུབ་ཅིག་རེད་མ་གཏོགས། མ་འོངས་རང་སྐྱོང་བོད་ཀྱི་སྒྲིག་འཛུགས་ལྟ་བུ་ཞིག་མ་རེད། དང་པོར་སྔོན་ལ་མ་འོངས་པའི་སྐོར་ལ་སྐྱ་ཐིག་ཅིག་བཟོ་དགོས་ཀྱི་ཡོད་པ་རེད།
དེ་བཞིན། བཙན་བྱོལ་བོད་གཞུང་གིས་བཙན་བྱོལ་དུ་ཡོད་པའི་བོད་ཀྱི་ཤེས་ཡོན་པ་ཚོའང་བདག་པོ་རྒྱག་ཐུབ་ཡོད་པ་རེད། མང་ཤོས་ཤིག་ཕྱི་རྒྱལ་དུ་ཕྱིན་ཚར་བ་རེད། ཤེས་ཡོན་པ་ཚོ་ཟླ་ཕོགས་ཡག་པོ་རེ་སྤྲད་དེ། བཙན་བྱོལ་དུ་ཉར་དགོས་པ་གལ་ཆེན་པོ་མཐོང་། བོད་གཞུང་ཟླ་ཕོགས་ཡག་པོ་སྤྲོད་ཐུབ་ཀྱི་རེད་ལ། དེ་ལྟར་བྱུང་ཚེ་བཙན་བྱོལ་གྱི་ཤེས་ཡོན་ཚོའང་ནུབ་ཕྱོགས་ལུང་པར་དངུལ་འཚོལ་དུ་འགྲོ་དགོས་ཀྱི་ཡོད་པ་མ་རེད། དྲང་མོར་བཤད་ན། བཙན་བྱོལ་བོད་གཞུང་གིས་དོན་དག་ཆེ་ནས་བརླག་གིན་འདུག ཟེར་བཞིན་གཏམ་མང་པོ་ཞིག་བཤད་བྱུང་།
ངས་ཁྱེད་ལ་སྙད་གཙེར་ཤོད་ཀྱི་མེད་རུང་རང་གི་བསམ་ཚུལ་འགའ་ཞུ་འདོད་བྱུང་། ཁྱོད་ཀྱི་གྲོགས་པོ་དེ་ངེས་པ་དོན་དུ་གང་འདྲ་ཞིག་ཡིན་པ་ཁྱེད་ཀྱིས་ཤེས་ན་མ་གཏོགས་ངས་ག་ལ་ཤེས། འོན་ཀྱང་མི་ལ་ལས་བཅོས་མའི་མིག་ཆུ་གཏོང་ཐུབ་ཀྱིན་འདུག འཁྲབ་སྟོན་པ་ཕུལ་བྱུང་ཚོས་དགོད་དགོས་དོན་མེད་རུང་གད་མོ་ཤོར་ཤེས་ལ་ངུ་དགོས་དོན་མེད་རུང་མིག་ཆུ་འབྱིན་ཤེས་ཀྱིན་འདུག མ་གཞི་ཁྱོད་ཀྱི་གྲོགས་པོས་རྒྱལ་བ་རིན་པོ་ཆེས་འགྲིགས་ཡོད་རེད། བཙན་བྱོལ་བོད་གཞུང་གི་འགྲིགས་ཡོད་པ་མ་རེད་ལབ་ན་ངས་དེའི་གོ་བ་ལེན་ཤེས་ཀྱིན་མི་འདུག བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་རྒྱལ་བ་རིན་པོ་ཆེ་མ་རེད་དམ། དེའི་སྐོར་ལ་རྒྱལ་བ་རིན་པོ་ཆེ་རང་ཉིད་ཀྱིས་ཀྱང་བཀའ་སློབ་གནང་འདུག བཙན་བྱོལ་བོད་གཞུང་ཕྱུག་པོ་རེད་ཟེར་མཁན་དེ་ཚོར་རྒྱུ་མཚན་མེད། བཙན་བྱོལ་བོད་གཞུང་ཕྱུག་པོ་གང་ཡང་མ་རེད། བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་ཡོང་སྒོ་ལ་རེ་ལྟོས་བྱེད་ཡུལ་དྲག་ཤོས་དེ་ཕྱི་རྒྱལ་འབྱོར་ལྡན་རྒྱལ་ཁབ་ཏུ་གནས་སྡོད་བྱེད་མཁན་བོད་མི་ཚོས་རྒྱལ་གཅེས་དང་བླངས་མ་དངུལ་དེ་ཆད་མེད་དུ་ཕུལ་རྒྱུ་དེ་ཙམ་ལས་མེད་སྟབས་དངོས་གནས་རྒྱལ་བ་རིན་པོ་ཆེ་དང་རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་ལ་ཞབས་འདེགས་ཆེད་རྒྱལ་གཅེས་དང་བླངས་མ་དངུལ་དེ་ཆད་མེད་དུ་ཕུལ་རྒྱུ་དེ་བོད་མི་ཕྱི་རྒྱལ་དུ་སྡོད་མཁན་ཚོས་དངོས་གནས་བསྒྲུབ་ཐུབ་པའི་ལས་ཀ་ཞིག་རེད། ཤེས་ཡོན་ཅན་བདག་པོ་མ་བརྒྱབ་ཅེས་པ་དེ་ལ་ཡང་རྒྱུ་མཚན་མེད་དེ་ཤེས་ཡོན་ཡོད་ཟེར་མཁན་ཚོས་རང་རང་གི་ལྷག་བསམ་དང་སྙིང་སྟོབས་ཀྱིས་མ་འདངས་ནས་ཕྱི་རྒྱལ་གྱི་མི་སེར་བྱེད་དུ་བསྐྱོད་པ་རེད། རང་གི་སྤྱི་ཚོགས་ལ་ལྷག་བསམ་དང་ཤ་ཞེན་ལྷད་མེད་ཡོད་མཁན་རེ་ཡིན་ན་རང་རང་དང་བླངས་ཀྱིས་སྤྱི་ཚོགས་ཀྱི་ཞབས་འདེགས་ཞུ་དགོས་པ་མ་གཏོགས་དངུལ་གྱི་ཡོང་སྒོ་འབེལ་པོ་ཞིག་དང་། མིང་སྙན་པོ་ཞིག གོ་གནས་མཐོན་པོ་ཞིག་ལ་རེ་བ་རྒྱག་འདུག་མཁན་གྱི་མི་དེ་ཚོས་རང་ཉིད་ཤེས་ཡོན་ཅན་དང་ལྷག་བསམ་ཅན་དུ་ཁས་འཆེ་བ་ལ་སྙིང་པོ་ཅི་ཡང་མེད།
ང་ཚོ་གཞུང་སྒེར་ཚང་མས་བཙན་བྱོལ་དང་སྐྱབས་བཅོལ་ཟེར་བའི་མིང་འདི་རྟག་པར་ཁུར་ནས་བསྡད་ཡོད་པས་ཁ་ཐབས་སྐྱོ་བོ་ཞེ་དྲག་རེད། འགྱེལ་བའི་སྒང་ལ་རྡོག་རྫིས་ཞེ་དྲག་མ་གཏོང་རོགས། རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གཉིས་དབྱེ་འབྱེད་བྱེད་རྒྱུ་ཞེ་དྲག་ཨེ་ཡོད་སྙམ། དེ་གཉིས་ཁ་དང་ཁ་སྤུ་རེད། བོད་མི་སྤྱི་སྒེར་ཚང་མས་འབད་བརྩོན་བྱས་ཏེ་གཞུང་གི་ལས་བྱེད་རྣམས་ལ་ཕོགས་དངུལ་འབོར་ཆེན་པོ་ཞིག་སྟེར་ཐུབ་པ་ཡིན་ན་མི་སྣ་གལ་ཆེན་མང་པོ་རྡོ་ཁབ་ལེན་གྱིས་ལྕགས་དྲངས་པ་བཞིན་རང་བཞིན་གྱིས་དྷ་སར་འདུས་ཡོང་གི་རེད། དེ་མིན་སེམས་ཤུགས་དང་ལྷག་བསམ་ཁོ་ནས་སྐུལ་སློང་གིས་ལས་ཀ་བྱེད་དགོས་ན་ཅུང་ཁག་པོ་མིན་འགྲོ་བསམ། ད་ཡིན་ན་དང་པོ་སློང་མོ་བའི་རྩམ་ཁུག་དེ་རྩམ་པས་བརྒྱངས་དགོས་པ་རེད། དེ་ཅི་ལྟར་བྱས་ན་བཟང་།
སྤོབས་པ་ལགས་ཀྱི་བཙན་བྱོལ་བོད་གཞུང་ཕྱུག་པོ་མ་ཡིན་པའི་བསམ་ཚུལ་དེ་ལ་མོས་མཐུན་ཡོད། ཕྱི་རྒྱལ་གྱི་རོགས་སྐྱོར་ལ་བརྟེན་ནས་ཕྱུག་ན་མ་གཏོགས་ཕྱུག་ཐབས་ནི་གཏན་ནས་ཡོད་པ་མ་རེད༎རང་གི་ཐོན་ཁུངས་དང་བཟོ་གྲྭ་ནི་མེད༎རྒྱལ་གཅེས་མ་དངུལ་ཟེར་བ་དེ་མ་གཏོགས་དཔྱ་ཁྲལ་བསྡུ་རྒྱུ་ཡང་མེད༎ རོགས་སྐྱོར་གྱིས་དཀའ་ངལ་རེ་སེལ་སྲིད་ན་ཡང་ཕྱུག་པོར་འགྱུར་རྒྱུ་ཧ་ཅང་ཁག་པོ་ཡིན་རྒྱུ་རེད།
ཚེ་རིང་གི་བུའི་གྲྲོགས་པོ་དེས་བཙན་བྱོལ་བོད་གཞུང་གིས་བོད་ནང་ལ་སློབ་གྲྭ་ཞིག་ཀྱང་བརྒྱབ་མེད་ཚུལ་གྱི་སྐྱོན་བརྗོད་བྱས་ཡོད་པ་དེ་ཡང་བློ་ལ་འགྲོ་དཀའ། གཅིག་ནས་གོང་དུ་བཤད་པ་ལྟར། བཙན་བྱོལ་བོད་གཞུང་གིས་བཙན་བྱོལ་བོད་གཞུང་རང་ཉིད་སོས་ན་རབ་རེད། དཔལ་འབྱོར་གྱི་ཐོག་ནས་དེ་ལས་རེ་བ་ཆེན་པོ་རྒྱག་པའི་རྒྱུ་མཚན་མེད། གཉིས་ནས་དཔལ་འབྱོར་གྱིས་ལྕོགས་པའི་དབང་དུ་བཏང་ན་ཡང་། རྒྱ་ནག་གཞུང་གིས་བཙན་བྱོལ་གཞུང་ལ་བོད་ལ་སློབ་གྲྭ་རྒྱག་ཏུ་མི་འཇུག་པ་དེ་ལ་ཚོམ་ཅི་ཡང་ཡོད་པ་མ་རེད། དེང་སང་བོད་ཡུལ་དུ་ཡར་རྒྱས་ཀྱི་ལས་གཞི་སྤེལ་མཁན་དག་ལ་ཚོད་འཛིན་ནན་མོ་བྱེད་ཀྱི་ཡོད་པ་ཡང་དེ་དག་བཙན་བྱོལ་བོད་གཞུང་དང་དངོས་བརྒྱུད་ཀྱི་འབྲེལ་བ་ཡོད་པར་དོགས་པ་ཟ་གི་ཡོད་པར་མང་པོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
བོད་ནང་ལ་སློབ་གྲྭ་དང་དགོན་པ་རྒྱག་རྒྱུ་ནི་གནས་སྐབས་འདིར་བཙན་བྱོལ་བོད་གཞུང་གིས་འཇོན་མི་དགོས་པ་དང་འཇོན་ཐབས་མེད་པའི་དོན་དག་རེད། (མ་ཚར)
དེ་རིང་ཡིན་ན་སྤོབས་པའི་སྐད་ཆ་དངོས་གནས་ཤོད་གི་འདུག དེ་ཡང་གནས་ལུགས་ཡོད་པའི་སྐད་ ཆ་རྗེན་པ་འདི་འདྲ། ང་ཡིན་ན་དེ་རིང་སྤོབས་པའི་སྐད་ཆ་ལ་མོས་མཐུན་ཡོད་པ་མ་ཟད་ཁོའི་གཞུག་ན་ ཀ་ལངས་ལངས་ཡིན། གོང་གི་བུས་བཙན་བྱོལ་གཞུང་གིས་བོད་ནང་དུ་དགོན་པ་དང་སློབ་གྲ་བཙུག་ མ་སོང་ཟེར་ནས་འཁན་ར་དང་གཞིས་ལུས་མི་མང་གི་ངོ་ལོག་ན་དཀའ་མོ་ཡོད་རེད་ཟེར་ནས་ཞེ་སྣང་ བསྐུར་བཞིན་འདུག གཞིས་ལུས་མི་མང་གི་བློ་ཁ་དེ་འདྲ་ལོག་ཆོག་ཆོག་ཅིག་ཡོད་མིན་མི་ཤེས་ལ་ གུང་ཁྲན་གྱི་འོག་ཏུ་བོད་ནང་དུ་འདི་དང་དེ་བྱེད་དགོས་རེད་ཟེར་བ་དེ་ཡང་རང་རེའི་བསམ་པ་ནང་ བཞིན་ཅིག་དཀའ་མོ་རེད། ཡང་གཅིག་བཤད་ན་གཞིས་བྱེས་མི་མང་གི་སེམས་ཁམས་ལ་ཕོག་ཐུག་ གཏོང་མཁན་འདྲ་ཡོད་ན་དེ་ནི་༧གོང་ས་མཆོག་ལས་གནས་ནས་དགོངས་ཞུ་གནང་དགོས་རེད་མདོག་ མདོག་ཤོད་མཁན་དེའི་གྲངས་ཡིན་སྲིད་པ་རེད།།
སྤོབས་པ་ལགས། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཟེར་བ་ཞིག་ཡོད་པ། ངའི་གྲོགས་པོ་ལ་སྐུར་འདེབས་མ་བྱེད། རྒྱལ་བ་རིན་པོ་ཆེའི་ནོར་འཁྲུལ་མ་རེད། བཙན་བྱོལ་བོད་གཞུང་གི་ནོར་འཁྲུལ་རེད་ཟེར་བ་དེ་ནི། ངའི་གྲོགས་པོས་འདི་འདྲ་ཞིག་དྲན་གྱི་ཡོད་པ་འདྲ། དཔེར་ན། དམངས་གཙོའི་རྒྱལ་ཁབ་ཁ་ཤས་ནང་སྲིད་འཛིན་གྱི་ལས་ཀ་དེ་གཙོ་བོ་རྒྱལ་ཁབ་གཞན་ལ་འབྲེལ་བ་བྱེད་དགོས་པའི་ཐོག རྒྱལ་ཁབ་གཞན་དང་མཉམ་དུ་ཚོང་ལས་དཔལ་འབྱོར་གྱི་སྲིད་ཇུས་དེ་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དེ་སྲིད་འཛིན་གྱི་ལས་འགན་དང་པོ་རེད། རྒྱལ་ཁབ་ནང་ལོགས་ཀྱི་མི་མང་གི་སྐྱིད་སྡུག་གཙོས་པའི་ནང་གི་སྲིད་ཇུས་དེ་སྲིད་བློན་གྱི་ལས་འགན་ཡིན་སྟབས། ངའི་གྲོགས་པོས་བཤད་པ་ལྟར། རྒྱལ་བ་རིན་པོ་ཆེའི་ནོར་འཁྲུལ་མ་རེད། དེ་དག་བཀའ་བློན་ཁྲི་བ་གཙོས་པའི་བཀའ་བློན་རྣམ་པ་དང་། སྤྱི་འཐུས་རྣམ་པའི་ནོར་འཁྲུལ་རེད་ཟེར་བ་དེ་ལ་རྒྱབ་ལྗོངས་ཡོད་འདུག
བཙན་བྱོལ་བོད་གཞུང་ཕྱུག་པོ་རེད་ཟེར་བ་དེ་བདེན་པར་སྙམ། རྒྱལ་གཅེས་དངས་བླངས་མ་དངུལ་དེ་ཆ་ཤས་ནང་གི་ཡང་ཤས་རེད། བཙན་བྱོལ་བོད་གཞུང་གི་ལོ་རེའི་ཡོང་འབབ་ཀྱི་རྩིས་ཕྲ་དང་། ད་དུང་ལོ་རེའི་སྐུ་སྒེར་ཡིག་ཚང་གི་ཡོང་འབབ་ལ་གཟིགས་དང་གསལ་བོར་མཁྱེན་ངེས་རེད།
བོད་ནང་དུ་སློབ་གྲ་གསར་འཛུགས་འདོད་ཀྱང་རྒྱ་ནག་གིས་བཀག་སྡོམ་ལས་ཐར་གྱི་མ་རེད་སྙམ་མཁན་ཡོད་ན། འདིར་ངས་དཔེ་ཞིག་འཇོག ཉེ་ཆར་ང་ཨ་མདོའི་བུད་མེད་ཅིག་ཐུག མོས་ཕ་ཡུལ་ལ་མགོ་སེར་སྦྱིན་བདག་ཁ་ཤས་ཁྲིད་དེ་ཕྱིར་ལོག་པ་ཡིན་ཟེར། སྦྱིན་བདག་ཚོས་འགྲོ་གྲོན་བཏང་སྟེ་ད་ཕྲུག་སློབ་གྲ་ཞིག་དང་རྒན་གསོ་ཚང་ཞིག་གསར་རྒྱག་བྱེད་ཀྱིན་ཡོད་ཟེར། རྒྱ་ནག་གི་མགོ་ཁྲིད་ཁ་ཤས་ངའི་རྩར་སྐད་ཆ་འདྲི་བར་སླེབས། ངས་ཁོང་ཚོར་ངེད་ཅག་གིས་རང་རེའི་མེས་རྒྱལ་ལ་རོགས་པ་བྱེད་ཀྱིན་ཡོད་ཅེས་ལབ་པ་ཡིན། སྐད་ཆ་འདི་གོ་རྗེས་ཁོང་ཚོ་ཐམ་མ་འཐོམ་མེར་བུད་སོང་ཟེར། རྩ་བའི་ཆ་ནས་བཤད་ན་འདི་འདྲ་རེད།
འདི་ངའི་བསམ་ཚུལ་ཡིན། ངའི་གྲོགས་པོའི་བསམ་ཚུལ་མ་རེད།
ངས་ཁྱོད་ཚོར་གཏམ་ཉོག་ཅིག་བཤད། ན་ནིང་ང་ལ་དྭགས་ལ་ཡོད་སྐབས་ཤིག་ལ་གཞིས་ཆགས་མ་རྒན་ཞིག་དང་གླེང་མོལ་ཏོག་ཙམ་བགྱིས། མོས་ང་ལ་ཁྱོད་གསར་འབྱོར་བ་ཞིག་ས་ཐག་རིང་ཁུག་ཀྱོག་འདི་འདྲ་ཞིག་ལ་ཅི་བྱེད་དུ་ཡོང་བ་ཡིན་ཟེར། ངས་གནས་སྐོར་ལ་ཡོང་བ་ཡིན་ཞེས་ལན་བཏབ། མོས་ང་ལ་བོད་གཞུང་གིས་གསར་འབྱོར་བ་ལ་རོགས་སྐྱོར་ཆེན་པོ་བྱེད་ཀྱིན་ཡོད་པས་ཁྱོད་ལ་བོད་གཞུང་གིས་དངུལ་མང་པོ་སྤྲད་ཡོད་རྒྱུ་རེད་ཟེར། ངས་དེ་ལྟར་མིན་ཚུལ་དང་བོད་གཞུང་ལ་དངུལ་དེ་འདྲ་མང་པོ་ཞིག་སྤྲོད་རྒྱུ་ག་ལ་ཡོད་ཅེས་བརྗོད་ཅེས་རྒྱུ་མཚན་ག་ཚོད་ཅིག་དང་སྦྲགས་ནས་བཤད་ན་ཡང་མོས་སྔར་བཞིན་ཨུ་ཚུགས་རྒྱག ད་དུས་མོས་བོད་གཞུང་གིས་ང་ཚོ་ལྟ་བུའི་གཞིས་ཆགས་སྐྱོ་པོ་ཚོར་གཟིགས་རྟོགསལེགས་པོ་མི་གནང་བར་གསར་འབྱོར་བ་ཁོ་ན་བདག་སྐྱོང་བྱེད་ཀྱིན་འདུག་ཅེས་འཁངས་ར་བྱེད་ཀྱིན་འདུག ཡང་རྡེ་ར་རྡུན་ནས་ཚུར་རྡ་རམ་ས་ལར་ཡོང་སྐབས་ཤིག་ལ་ཁམས་པ་ཕོ་གསར་ཞིག་དང་འདུག་སྟེགས་མཉམ་དུ་ཁེལ། ཁོས་བོད་གཞུང་ཕྱུག་པོ་ཡིན་ཡང་གསར་འབྱོར་བ་འགྲོ་ས་འདུག་ས་མེད་མཁན་ཚོར་རོགས་སྐྱོར་བྱེད་ཀྱིན་མི་འདུག་ཅེས་ཨུ་ཚུགས་རྒྱག ང་ཚོའི་སྤྱི་ཚོགས་ཀྱི་མི་ལ་ལས་རང་གི་གཞུང་འདི་སྐྱབས་བཅོལ་བ་ཡིན་པ་དང་དཔལ་འབྱོར་གྱི་ཡོང་ཁུངས་མེད་པ་ལ་བསམ་བློ་མི་གཏོང་བར་རོགས་སྐྱོར་ཁོ་ན་ལེན་རྒྱུ་ལ་འདོད་རྔམ་འཁོར། རོགས་དངུལ་རེ་མ་ཐོབ་ན་བོད་གཞུང་ཡག་པོ་མེད་ཚུལ་ལབ། དེའི་ཕྱིར་མི་དེ་གཉིས་ཀྱི་སྐད་ཆ་དེས་ངའི་སེམས་ལ་ཧ་ཅང་གནོད་བྱུང་།
བཙན་བྱོལ་བོད་གཞུང་གིས་བོད་ནང་དུ་སློབ་གྲྭ་བརྒྱབ་མེད་ཀྱང༌། སྐུའི་གཅེན་མོ་ཨ་ཅག་ཚེ་རིང་སྒྲོལ་མ་ནས་འགོ་བཙུགས་ཏེ། སྐུའི་གཅུང་མོ་རྗེ་བཙུན་པདྨ་གཉིས་ཀྱིས་བསྐྱངས་པའི་བོད་ཁྱིམ་སློབ་གྲྭ་འདི་བོད་མི་དྭ་ཕྲུག་དང་གཞིས་ནས་ཡོང་བའི་བོད་ཕྲུག་རྣམས་ཀྱི་ཆེད་དུ་བཙུགས་ཡོད་ལ། ད་ལྟ་འདིའི་མ་ལག་དང་བཅས་པར་བཙན་བྱོལ་གྱི་སློབ་ཕྲུག་ཁྲི་གསུམ་ལ་ཉེ་བ་ལས་ཆིག་ཁྲི་ཆིག་སྟོང་ལྷག་ཅིག་ཟིན་ཡོད་པས། བཙན་བྱོལ་གྱི་སློབ་མའི་བརྒྱ་ཆ་ཡི་བཞི་བཅུ་ཟིན་གྱི་ཡོད་ལ། དེ་ལས་མང་ཤོས་བོད་ནས་འབྱོར་བ་ཤ་སྟག་ཡིན་སྟབས། དེ་ཡིས་བོད་སྤྱི་ལ་ཁྱབ་པའི་བོད་ཕྲུག་ཚོར་ཕན་ཚོད་ཅིག་ཕན་ཡོད་པས། དེ་རྣམས་ལ་ཡི་རང་མ་ཞུས་པར་དྲིན་ཆུང་དུ་བཏང་ན་ག་ལ་འགྲིག ཡང་གཅིག་བཤད་ན། བོད་ནང་དུ་སློབ་གྲྭ་བརྒྱབ་པའི་དབང་དུ་བཏང་ན་ཡང་ས་ཁུལ་བྱེ་བྲག་པ་ཅིག་ལས་རྒྱག་མི་ཐུབ།
བཙན་བྱོལ་བོད་གཞུང་ཕྱུག་པོ་ཡིན་མིན་མི་ཤེས། ཡིན་ནའང་ཕྱི་རྒྱལ་གྱི་རོགས་དངུལ་ཆུད་ཟོས་སུ་བཏང་ཡོད་པ་དངོས་སུ་ཤེས། ངས་དེའི་དཔེ་མཚོན་གཅིག་བཤད། དེ་ནི་ ༡༩༩༦ གི་ལོ་ལ་རེད། བོད་གཞུང་འཆར་འགོད་ལས་ཁུངས་ཀྱི་དྲུང་ཆེ་བླ་མའི་འཛིན་སྐྱོང་འོག་ཏུ། ཧིན་སྒོར་འབུམ་དགུ་ཆུད་ཟོས་སུ་སོང་བ་སྐབས་དེའི་གྲོས་ཚོགས་ཀྱི་ཡིག་ཆའི་ནང་དུ་གསལ་བོར་བཀོད་ཡོད། ཆུད་ཟོས་སུ་སོང་སྟངས་ནི་ Scandinavian རྒྱལ་ཁབ་ཅིག་གིས་བོད་གཞུང་འཆར་འགོད་ལས་ཁུངས་ལ་བོད་ཀྱི་གནའ་ཁང་གི་བཟོ་བཀོད་ལ་ཉམས་ཞིབ་བྱེད་པའི་ལས་འཆར་ཞིག་ལ་རོགས་དངུལ་སྤྲད་ཡོད་པར། འཆར་འགོད་ལས་ཁུངས་ཀྱིས་ལས་འཆར་ཇི་བཞིན་མ་བསྒྲུབས་པར་དཔེ་ཆ་གཉིས་དཔར་སྐྲུན་བྱས་པ་ན། སྦྱིན་བདག་གིས་དེའི་ལྷག་དངུལ་ཚང་མ་ཕྱིར་སྤྲོད་དགོས་ཞེས་འཆར་འགོད་ལས་ཁུངས་ཀྱིས་ཧིན་སྒོར་འབུམ་དགུ་ཕྱིར་སྤྲད་པ་རེད། འཆར་འགོད་ལས་ཁུངས་ཟེར་བ་བོད་གཞུང་གི་འཛུགས་སྐྲུན་གྱི་འཆར་གཞི་འགོད་མཁན་གྱི་ལས་ཁུངས་རེད། གོང་གི་དཔེ་མཚོན་འདིའི་འཐུས་ཤོར་གྱི་འགག་རྩ་བླ་མ་རྒྱལ་མཚན་ལ་ཐུག་ཡོད། དེ་བས་ང་ཚོས་དྲུང་ཆེ་བླ་མས་ཇི་ལྟར་མ་འཇོན་པ་བྱེ་བྲག་ཏུ་བཤད་རྒྱུ་མ་གཏོགས། བོད་གཞུང་འཆར་འགོད་ལས་ཁུངས་ཀྱིས་མ་འཇོན་ཚུལ་བཤད་ན་སྐད་ཆ་དག་དག་ཅིག་མ་རེད།
དེང་སང་འཆར་འགོད་ལས་ཁུངས་སུ་དཀོན་མཆོག་བརྩོན་འགྲུས་ཟེར་མཁན་ཞིག་གིས་འགན་འཁྱེར་ནས་ལས་ཀ་ཚགས་ཇེ་ཚུད་དུ་སོང་ཡོད་པའི་སྐད་ཆ་གོ་རྒྱུ་འདུག བཙན་བྱོལ་གྱི་མི་གྲངས་དང་དེའི་ཁྱབ་ཁོངས་སོགས་ཀྱི་སྐོར་ལ་དཔེ་དེབ་སྤུས་ལེགས་ཤིག་བཏོན་ཡོད་པ་རེད་ཟེར། ཡིན་ནའང་ཀློག་མ་མྱོང་།
དེ་ནས་བོད་དུ་སློབ་གྲྭ་རྒྱག་ཕྱོགས་ཀྱི་སྐོར་ལ། འདས་པའི་ལོ་ངོ་བཅོ་ལྔ་ལྷག་ཙམ་གྱི་རིང་ལ་ཕྱི་རྒྱལ་དུ་ཡོད་པའི་བོད་དང་ཡང་ན་ཕྱི་རྒྱལ་གྱི་སྒེར་གྱི་ཐེབས་རྩ་ཚོགས་པ་འདྲ་མིན་གྱིས་བོད་དུ་སློབ་གྲྭ་བརྒྱག་པའི་འགུལ་སྐྱོད་ཅིག་ལངས་ཡོད། རྒྱ་ནག་གཞུང་གིས་ཐེབས་རྩ་ཚོགས་པ་ཚོར་བོད་དུ་གཙོ་བོ་སློབ་གསོ་དང་འཕྲོད་བསྟེན་གྱི་ཐོག་ལ་མ་གཏོགས་ཇུས་གཏོགས་བྱེད་དུ་འཇུག་གི་མེད། ཐེབས་རྩ་ཚོགས་པའི་ནང་ན་རབ་འབྲིང་ཐ་གསུམ་ཡོད་པ་མ་ཟད། ཡེ་ཤུའི་ཆོས་སྤེལ་མཁན་ཡང་ཡོད། ནེའུ་ཡོག་གི་ཀུན་ཕན་ཐེབས་རྩ་ཚོགས་པ་ནི་བྱས་རྗེས་ཆེ་ཤོས་ཀྱི་གྲས་རེད།
ཡིན་ནའང་ཐེབས་རྩ་ཚོགས་པ་ཁ་ཤས་ཀྱིས་རྒྱ་ནག་གཞུང་གི་སྲིད་ཇུས་དང་མང་ཚོགས་ཀྱི་གནས་སྟངས་ཀྱི་རྒྱབ་ལྗོངས་མ་ཤེས་པར་རང་གཞན་སུ་ལའང་མི་ཕན་པའི་རོགས་སྐྱོར་གྱི་ལས་ཀ་བསྒྲུབས་པ་ལ་བརྟེན་ནས། བོད་གཞུང་གིས་བོད་དུ་རོགས་སྐྱོར་བྱེད་སྟངས་ཀྱི་ལམ་སྟོན་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་ཡོད་ཅིང་། དེ་བོད་གཞུང་དྲ་རྒྱའི་ཐོག་ཏུ་དེང་སང་ཡང་ཀློག་ཆོག་ཆོག་འདུག གསར་འབྱོར་བ་མང་པོ་ཞིག་ལ་བོད་དོན་ཐོག་སེམས་ཤུགས་དང་ཤ་ཚ་ཆེ་རུང་། མཚམས་མཚམས་ལ་གནས་ཚུལ་ངོ་མ་དང་སྲིད་ཇུས་བྱེ་བྲག་ཏུ་བཤད་རྒྱུ་མེད་པར། ཁྲོམ་སྲང་གི་ཅ་ཅོ་ཡིག་ཐོག་ནས་འུར་སྒྲོག་བྱེད་པ་ནི་ཅོལ་ཆུང་དང་འུ་ཐུག་གི་ལས་ཀ་རེད།
བོད་ལ་ཤ་ཚ་ནས་སྐྱོན་བརྗོད་བྱེད་ཀྱི་ཡིན་ན་ཐོག་མར་སྐད་ཆ་ཁུངས་མེད་བཤད་རྒྱུ་མཚམས་འཇོག་རོགས། སྐད་ཆ་ལ་ཁུངས་ཡོད་ན་རང་བཞིན་གྱིས་བོད་གཞུང་གིས་འགྲིག་མ་འགྲིག་གི་སྤྱི་བཤད་འདི་ཡོང་གི་མ་རེད། དེ་མིན་བསམ་ཚུལ་ཙམ་བཤད་རྒྱུ་ཡིན་ནའང་བོད་གཞུང་ཞེས་མ་བཤད་པར་གཞུང་འཛིན་མཁན་དང་ཡང་ན་ལས་སྣེའི་མི་དེའི་མིང་ནས་བོས་ཏེ་ཤོད། དེ་ཡང་མི་དེའི་ལས་ཀ་བྱེ་བྲག་གི་ཐོག་ལ་ཤོད། དཔེར་ན། རྒྱ་བོད་ཀྱི་གྲོས་མོལ་ལ་གྲུབ་འབྲས་མེད་པ་ཇེ་གསལ་ནས་ཇེ་གསལ་དུ་འགྲོ་བའི་སྐབས་འདིར། མང་ཆེ་བ་ཞིག་གཙོ་ཆེར་མི་གསུམ་ཏེ། རྒྱལ་བ་རིན་པོ་ཆེ་དང་། ཟམ་གདོང་རིན་པོ་ཆེ། རྒྱ་རི་རིན་པོ་ཆེ་བཅས་ཀྱི་ཐོག་ལ་ཤོར་གྱི་འདུག
ཀླུ་སྨྱོན་གྱིས་སྐབས་ཤིག་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་བཀའ་བློན་ཁྲི་བའི་འོས་གཞི་རྩེད་སྤྱད་བྱས་ཏེ། ཟམ་གདོང་རིན་པོ་ཆེའི་ཐོག་ལ་འདི་ལྟར་ཤོར་ཡོད།
༤༽ ཡེ་ཤེས་ནས།
སྤྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༡ གི་ཆུ་ཚོད་ ༡༩ སྐར་མ་ ༢༥
ཨ་རོ། ད་ཟམ་གདོང་ལ་ཨ་ཁུ་སྟོན་པར་འོར་ལྡིང་ཡོད་ཀྱི་མ་རེད། ད་ཡང་སྐྱར་ལྡིང་དུ་བཅུག་ན་བླ་རྒན་གྱི་མཇེ་སྐམ་པོ་ཀེ་ལ་འདྲ་བོའི་མགོར་ཐག་པ་འདོགས་དགོས་པ་ཞིག་རྡ་ས་དང་ནོར་གླིང་གི་ཨ་ནེ་མེ་ཏོག་འདྲ་བ་དེ་ཚོས་ལོས་བྱེད་ཡ།
དྲ་གྲོགས་མང་པོ་ཞིག་གིས་ཀླུ་སྨྱོན་དང་དེ་རིགས་ཀྱི་མི་ལ་བཀའ་བློན་གྱི་འོས་གཞི་དེ་ལྟར་རྩེད་སྤྱད་བྱས་ན་མི་འགྲིག་པའི་བསམ་ཚུལ་བཤད་རུང་། ཀླུ་སྨྱོན་གྱིས་གཙོས་པའི་མི་སུ་གཅིག་གིས་ཀྱང་ད་སྔ་དེ་ལ་དགོངས་དག་ཅིག་ཀྱང་ཞུས་མ་སོང་། ཚེ་རིང་གི་བུ་ཟེར་བ་འདི་ཡང་བཀའ་ཁྲིའི་འོས་གཞི་རྩེད་སྤྱད་བྱེད་མཁན་ཚོའི་གྲས་ཀྱི་གཅིག་ཡིན།
ང་ནི་ཟམ་གདོང་རིན་པོ་ཆེར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་ཞིག་མིན། ངས་སྔར་མཆན་བུ་བཏབས་པ་དེ་དག་ལ་ལྟོས་དང་། ང་ནི་ཟམ་གདོང་རིན་པོ་ཆེར་སྐྱོན་བརྗོད་བྱེད་མཁན་ལྟེ་བ་ཞིག་ཡིན། ཡིན་ནའང་ང་ལ་མཚོན་ན་གཙོ་བོར་ཁོང་གིས་ཆོས་སྲིད་གཉིས་མཉམ་བསྲེས་བཏང་བར་སྐྱོན་བརྗོད་བྱས་པ་ཡིན། ང་རང་གི་བསམ་པར་ཟམ་གདོང་བླ་མའི་བྱས་རྗེས་ཆེ་ཤོས་གཅིག་ནི་བོད་གཞུང་གི་དཔལ་འབྱོར་ལ་དོ་དམ་དང་སྟངས་འཛིན་ནན་མོ་བྱས་པ་འདི་རེད་བསམ་གྱི་འདུག གོང་དུ་ཁ་ཤས་ཀྱིས་གསུངས་པ་ལྟར། བོད་གཞུང་གི་ལས་སྒོ་མང་པོ་ཞིག་ཕྱིའི་རོགས་དངུལ་ལ་བརྟེན་ཡོད་ཅིང་། ཕྱིའི་རོགས་དངུལ་ཚུལ་བཞིན་དུ་བེད་སྤྱོད་མ་བཏང་བའི་དཔེ་མཚོན་གང་མང་མང་ཡོད། ཡིན་ནའང་ཟམ་གདོང་བླ་མས་འདི་ལ་གཙང་བཤེར་བྱས་པ་ན་ངན་པ་ལངས་ཤོར་ལ་སོང་བའི་མི་ཁ་ཆེན་ལག་ཆེན་མང་པོ་ཞིག་གི་ཟ་སྐལ་འཐུང་སྐལ་ཆད་པར་གྱུར་བས། ཟམ་གདོང་བླ་མར་ངན་རྒུ་གང་མིན་ཚད་སྒྲོག་བཞིན་ཡོད་པ་ནི་དཔེར་ན་འཛམ་གླིང་ཟེར་མཁན་དེས་ཟམ་གདོང་ཤུགས་ལྡན་བསྟེན་མཁན་རེད་ཅེས་བཤད་པ་ལྟ་བུ་ཡིན།
ཟམ་གདོང་བླ་མས་བོད་ཡིག་དང་བོད་སྐད་ཀྱིས་ཁོང་གི་སྲིད་ཇུས་རྣམས་ལྟ་གྲུབ་ཀྱི་རྒྱབ་ལྗོངས་དང་བཅས་མང་ཚོགས་ཀྱི་མདུན་ལ་བཀྲམས་ཡོང་དུས། ང་ཚོར་ཁོང་གི་ཐོག་ལ་ཤོར་ཆོག་ཆོག་ཡོད། བཀའ་ཟུར་འཇུ་ཆེན་ཁོའི་ཐོག་ལ་ཤོར་གྱི་ཡོད་ལ། བཀའ་ཟུར་བསོད་ནམས་སྟོབས་རྒྱལ་ཡང་ཤོར་གྱི་ཡོད། ཡིན་ནའང་བསམ་བློ་ཞིབ་ཏུ་བཏང་ན་ད་སྔ་ང་ཚོ་ལ་བཀའ་ཟུར་སུ་ཞིག་གིས་སོ་སོའི་ཆབ་སྲིད་ཀྱི་དགོངས་དོན་དང་སྲིད་ཇུས་སྐོར་གྱི་ཡིག་ཆ་ཞིག་བཀྲམས་མྱོང་ཡོད་དམ། ཟམ་གདོང་ནི་བཀའ་བློན་ཡིན་པའི་ཆ་ནས་གཞུང་གི་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་མ་བྱས་རང་བྱས་རེད་མ་གཏོགས། ཁོས་བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་སྤེལ་རྒྱུའི་གྲ་སྒྲིག་བྱས་པ་མ་རེད་དམ། བདེན་པའི་ཨུ་ཚུགས་ནི་ཐབས་ལམ་རེད་དམ་དམིགས་ཡུལ་རེད་ཅེས་རྩོད་པ་མང་མོད། ངས་འདིར་དེ་བཤད་དོན་ནི། བདེན་པའི་ཨུ་ཚུགས་ལ་ནུས་པ་དང་གྲུབ་འབྲས་ཡོད་མེད་ཀྱི་སྐད་ཆ་མིན་པར། ཟམ་གདོང་ལ་ག་ཚད་མིན་ཡང་ང་ཚོས་ཤེས་རྒྱུ་དང་འཛིན་རྒྱུ་ཡོད་པའི་ཁོའི་སྲིད་ཇུས་དང་བསམ་ཚུལ་ཞིག་ཡོད་པ་རེད། འགྲིག་ན་འགྲིག་གི་ཟེར་ས་ཞིག་དང་མི་འགྲིག་ན་མི་འགྲིག་གི་ཞེས་མཛུབ་མོ་འཛུགས་ས་ཞིག་ཡོད་པ་རེད། རྒྱ་རི་ལ་ང་ཚོས་ཟམ་གདོང་ནང་བཞིན་གྱི་ཕྱི་གསལ་ནང་གསལ་གྱི་སྐྱོན་འཛུགས་སའི་གཞི་འཛིན་རྒྱུ་མེད་པ་དེ། རྒྱ་རི་དང་མང་ཚོགས་ཀྱི་བར་ན་གསར་འགོད་གསལ་བསྒྲགས་ཙམ་ལས་ལྷག་གི་འབྲེལ་བ་མེད་པ་དེ་རེད། འདིའི་ཐད་ལ་རབ་གསལ་ལགས་ཀྱིས་སྔར་བཙན་བྱོལ་བོད་གཞུང་གི་ཁྲིམས་ཀྱི་དབང་སྒྱུར་ནི་གང་ཟག་ཆུང་ཆུང་ཁོ་ནའི་ཐོག་ལ་མ་གཏོགས། རྒྱ་རི་ལྟ་བུ་ནི་ཁྲིམས་དང་སྒྲིག་གཞིའི་འོག་ཏུ་མི་ཚུད་པའི་གང་ཟག་ཆེན་པོ་ཡིན་པའི་བསམ་ཚུལ་བཤད་པ་ལ་གནས་ལུགས་ཆེན་པོ་མི་འདུག་གམ།
ཁ་ཤས་ཀྱིས་ཉེ་ཆར་གཞུང་དམངས་ཛ་དྲག་ལས་འགུལ་ཚོགས་ཆུང་ཟེར་བ་དེའི་ཐོག་ནས་ཟམ་གདོང་བླ་མ་སྐྱོན་བརྗོད་བྱེད་ཀྱི་ཡོད་མོད། ཡིན་ནའང་ཟམ་གདོང་བླ་མས་དུས་ནས་དུས་སུ་བོད་གཞུང་གིས་གཞིས་བྱེས་མང་ཚོགས་ལ་ཆབ་སྲིད་འཐབ་རྩོད་ཀྱི་ཐོག་ནས་འབོད་སྐུལ་ཙམ་མ་གཏོགས་འདི་བྱོས་དང་དེ་བྱོས་ཞེས་བཀའ་ཕབ་པའི་དབང་ཆ་ཡོད་མ་རེད་ཅེས་བཤད་ཡོད་ལ། བདུན་ཕྲག་ཁ་ཤས་ཀྱི་སྔོན་ལ་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཁང་གིས་བཀོད་སྒྲིག་བྱས་པའི་ཚོགས་ཐོག་ཏུ་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེས་གཞུང་དང་ལྟ་བ་མི་མཐུན་པའི་ཚོགས་པ་ཚོར།
ཁྱོད་ཚོས་གཞུང་དང་ཆབ་སྲིད་ལྟ་བ་མི་མཐུན་པ་དེ་མང་ཚོགས་ལ་གསལ་བོ་བཟོ་དགོས་པ་རེད་མ་གཏོགས། ནང་དོན་གཅིག་པ་ཡིན་མདོག་མདོག་བྱས་ན་ཡག་པོ་མ་རེད། ཆབ་སྲིད་དགོས་མཁོའི་ཐོག་ནས་ལྟ་གྲུབ་འདྲ་མིན་བཟོས་བཞག་པ་ལས། ང་ཚོ་ཚང་མར་རྒྱལ་བ་རིན་པོ་ཆེས་བཀོད་སྒྲིག་བྱས་པ་ཡིན་མདོག་མདོག་བྱེད་པ་དེ་ཞེ་དྲག་ཐབས་སྐྱོ་བོ་རེད། འདི་ལྟར་བྱས་ན། དམངས་གཙོའི་སྤྱི་ཚོགས་ཀྱི་གནས་ཚུལ་ལ་ཕན་གི་མ་རེད་ལ། བོད་པའི་རྩ་དོན་ལའང་ཕན་གི་མ་རེད། གཞུང་དང་ཆབ་སྲིད་ཀྱི་ལྟ་གྲུབ་མི་མཐུན་པ་དང༌། རྒྱལ་བ་རིན་པོ་ཆེའི་དགོངས་དོན་དང་མི་མཐུན་པ་ཁས་ལེན་དགོས་པ་མ་ཟད། དེ་མང་ཚོགས་ལ་གསལ་བོ་བཟོ་དགོས་ཞེས་བཤད་ཡོད།
འདི་ལྟར་བལྟས་ཡོང་ཚེ། ང་ཚོའི་དཀའ་ངལ་ནི་ཟམ་གདོང་གིས་གཞུང་གི་ངོས་ནས་ཆབ་སྲིད་ཀྱི་ཐག་གཅོད་ཅིག་བྱས་ཡོང་ཚེ། མང་ཚོགས་ཀྱི་ནང་ནས་མང་གཙོའི་ལམ་སྲོལ་ལྟར་སོ་སོའི་ཆབ་སྲིད་ཀྱི་འདོད་དོན་ལྟར་གཞུང་གི་སྲིད་ཇུས་དང་ལོགས་སུ་ཐོན་ཐུབ་ཀྱི་མེད་པ་གསལ་བོ་རེད། འདི་ལྟར་གཞུང་གི་སྲིད་ཇུས་དང་ལོགས་སུ་རང་ཚུགས་ཀྱི་བསམ་བློ་གཏོང་མི་ཐུབ་ཚེ། དམིགས་བསལ་གྱིས་མ་ཚད་ཛ་དྲག་གི་ཚོགས་འདུ་འཚོགས་རུང་དེ་ལ་གྲུབ་འབྲས་གསར་བ་ཅང་ཐོབ་རྒྱུ་མེད་པ་གསལ་བོ་རེད།