ནམ་མཁའ།
སྐུ་བདེ་བོ་ཡིན་ནམ། དེ་རིང་འདིར་ནམ་རྒྱུན་བཞིན་ཁྱེད་རང་སྐྱིད་པོ་ཡིན་ནམ་ཅེས་པའི་ཚིག་འདིའི་འཚམས་འདྲི་བྱས་ཐུབ་མ་སོང་། ད་ཐེངས་ཚིག་འདི་ཡིད་ལ་འཆར་ན་ཡང་ངའི་སོར་རྩེ་ནས་རི་མོ་འདི་ལེགས་པོ་ཞིག་ཐོན་དཀའ་བར་འདུག
མཛའ་མོ་ལགས།
ནམ་རྒྱུན་ཁྱེད་རང་གིས་སློབ་གྲྭའི་གུང་སེང་གང་ཡིན་ལ། ང་རང་ཕ་ཡུལ་ལ་འགྲོ་གི་ཡོད་ཟེར་བའི་བརྡ་འཕྲིན་འབྱོར་ཐེངས་རེར། ང་རང་ཁྱེད་ལ་ཡིད་སྨོན་འཆོར་ཞིང་། ངའི་སེམས་གཏིང་ནས་སྐྱོ་སྣང་ཞིག་གིས་ངའི་མགྲིན་པ་བརྣངས་སུ་བཅུགས་མྱོང་།
མཛའ་མོ་ལགས། དེ་ནི་གཞན་ཞིག་མ་ཡིན་པར། དྲི་མ་མེད་པའི་ཁྱེད་ཀྱི་སེམས་པ་དང་རང་གཤིས་འཇམ་པོ་དེས། ཁྱེད་ཀྱི་མི་ཚེ་ནང་བཀའ་དྲིན་ཆེ་བའི་ཕ་མ་གཉིས་ལ་སྐུ་གཡོག་ཞབས་ཞུ་སྒྲུབས་བཞིན་པ་ལ་ཡིད་སྨོན་ཤོར་ལ། ངའི་ཕ་མ་གཉིས་ཀྱིས་འཁྱམས་པོ་ང་རང་དྲན་ནས་ཞལ་རས་ལ་ཆུ་གཉེར་གྱི་རི་མོ་བྲིས་པ་དེ་རེད། འཁྱམས་པོ་ངས་ཕ་མ་གཉིས་ལ་ཇ་ཕོར་བ་གང་བསྐོལ་ཏེ་འབུལ་བའི་དུས་ཞིག་ནམ་ཡིན་ནམ་སྙམ་པས་སྐྱོ་སྣང་ཞིག་གིས་མགྲིན་པ་བརྣངས་པ་ཐེངས་མང་ཡིན་ལ། ངའི་མིག་མཐར་གྱི་མཆི་མ་རེ་རེ་ཡང་། ཁྱེད་ཀྱི་མགུལ་རྒྱན་མུ་ཏིག་གི་ཕྲེང་ཐག་ཆད་པ་བཞིན་ས་མཐར་ཐེངས་མང་འཐོར་མྱོང་།
མཛའ་མོ་ལགས།
ཕ་ཡུལ་ན་ཁྱེད་ཀྱིས་ཕ་མ་གཉིས་ལ་ཞབས་ཞུ་ཅི་ལྟར་སྒྲུབ་བཞིན་པ་ངས་མིག་གིས་དངོས་སུ་མཐོང་དཀའ་ན་ཡང་། ངའི་ཡིད་ཀྱི་མེ་ལོང་ངོར་ཁྱེད་ཀྱི་ལག་ཟུང་དྲོན་མོ་དེས། གུས་ཞབས་ལྡན་པའི་ངང་གསོལ་ཇ་དཀར་བོའི་སྟེང་འབྲི་མར་སེར་བོས་བརྒྱན་སྟེ། བཅོས་མིན་འཛུམ་མདངས་ཀྱིས་འབུལ་བཞིན་པ་ཤར་པ་ཡང་གྲངས་མེད་པ་ཡིན་ལ། ཁྱེད་རང་བསོད་ནམས་དང་སྐལ་བ་བཟང་པོ་རེད་སྙམ་ནས་ཡིད་སྨོན་སྐྱེས་མྱོང་།
མཛའ་མོ་ལགས།
ཁྱེད་ཀྱིས་ང་ལ་ཕ་ཡུལ་གྱི་ལོ་སར་ཚེ་གཅིག་གི་ཉིན་མོར། ༼ལོ་གསར་བཟང་༽ཞེས་བའི་བརྡ་འཕྲིན་འདི་འབྱོར་དུས། ཕྲན་གྱིས་ཕ་མ་གཉིས་ལ་ལོ་གསར་འཚམས་འདྲི་ཞུས་ཚར་ཙམ་ཡིན་ལ། ངའི་མིག་མཐའི་མཆི་མ་ས་ལ་འཐོར་བཞིན་པའི་སྒང་རེད། དེ་ནི་ངའི་ཕ་མ་གཉིས་ཀྱིས་ང་ལ་ལོ་གསར་འཚམས་འདྲི་མགྲིན་པ་བརྣངས་ཞོར། ཁྱེད་ཀྱི་ལོ་གསར་སྐལ་ལ་དྲི་མ་མེད་པའི་ཁ་བཏགས་དཀར་བོ་ཞིག་དང་ཤིང་ཏོག་འགའ་ཁྱེད་ཀྱི་འདྲ་པར་མཉམ་དུ་བཞག་ཡོད་ཟེར། དེས་རྐྱེན་ཡང་བསྐྱར་ཁྱེད་ཀྱིས་སྐལ་བཟང་གི་ཕ་མ་གཉིས་འཛོམས་ཀྱི་ལོ་གསར་རོལ་བཞིན་པ་ལ་ཡིད་སྨོན་སྐྱེས་སོང་།
མཛའ་མོ་ལགས།
འཇིག་རྟེན་ནི་ངོ་མ་གློག་དམར་བཞིན་འགྱུར་སླ་བ་ཞིག་ཡིན་ཟེར་བ་ཅིའི་མ་བདེན། སྐྱེ་བའི་མཐར་འཆི་བ་དང་འདུས་བའི་མཐར་བྲལ་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཞིག་ཡིན་མོད། འོན་ཀྱང་རང་དང་འབྲེལ་འདྲིས་ཆེ་བའི་མི་ཞིག་འཇིག་རྟེན་འདི་དང་གཏན་དུ་དགྱེས་ཚེ། སེམས་སུ་སྐྱོ་གདུང་ཅི་འདྲ་ཞིག་ཡོད་པ་བཤད་དཀའ་བ་ཞིག་རེད། ཡིན་ན་ཡང་སེམས་ཀྱི་བདེ་སྡུག་གང་མྱོང་བ་གདོང་གི་རི་མོའི་མཚོན་ཐུབ་པ་ལས། འདི་ནི་ཚིག་གིས་བརྗོད་ཐུབ་པ་ཞིག་ག་ལ་ཡིན།
མཛའ་མོ་ལགས།
ཁྱེད་ཀྱིས་ང་ལ་༼ཨ་ཕ་མ་བདེ་ཐལ༽ཞེས་བའི་བརྡ་འཕྲིན་འདི་འབྱོར་དུས། ངས་ཁྱེད་ཀྱི་ཕ་མ་གཉིས་མཇལ་མྱོང་མེད་ན་ཡང་། ངའི་སེམས་སུ་ཚགས་ཤེད་འདྲ་ཞིག་ལངས་ཏེ། ངའི་གཟུགས་པོ་ཆ་ཚང་སྦུར་སོང་བས་ཚིག་གང་ཞིག་གིས་ལན་འབྲི་དགོས་བ་ཡང་ཤེས་མ་སོང་། ཡིན་ན་ཡང་ཕལ་ཆེར་ཚིག་འདི་འདྲ་ཞིག་བྲིས་ཡོད་སྲིད། སེམས་ཁུར་མ་བྱེད། དགུང་ལོ་ཡང་བརྒྱད་བཅུ་ལྷག་བརྒལ་ཟིན་པས་ཚེ་ལོ་མཐར་ཕྱིན་པ་རེད། ཅེས་ཚིག་ཐུང་ངུ་འདི་བྲིས་ཡོད་སྙམ། ཚིག་འདི་དག་འབྲི་ཞོར་ངའི་སེམས་སུ་རྟོག་པའི་རི་མོ་འདྲ་མིན་ཞིག་བྲིས་སོང་།
མཛའ་མོ་ལགས།
དུས་ཚོད་ཀྱི་སྔ་རྗེས་མ་གཏོགས་ངའི་རྣ་ལམ་དུ་ཡང་། ཚིག་ངན་འདི་ལྷུང་ངེས་རེད་སྙམ་པས་སྐྱོ་གདུང་ཞིག་གིས་གཟུགས་པོ་ངལ་དུབ་ཀྱི་ནང་དུ་ལྷུང་ལ། དེ་དུས་ངའི་མི་ཚེ་ནང་བཟློག་ཐབས་མེད་པའི་འགྱོད་གདུང་ཞིག་སྐྱེས་ངེས་ཡིན། རྒྱུ་མཚན་ནི།ངས་ཁྱེད་རང་བཞིན་ཕ་མ་གཉིས་ལ་ཞབས་ཞུ་ཇ་ཕོར་བ་གང་ཡང་བསྐོལ་ནས་ཕྱག་ཏུ་བཞག་མ་མྱོང་བ་མ་ཟད། འཁྱམས་པོ་ང་རང་དྲན་པའི་སྡུག་བསྔལ་གྱི་རི་མོ་སྣོན་མ་བྲིས་ཡོད་ལ། ད་རུང་མིག་ཟུང་ལས་བུ་ཆུང་དྲན་པའི་མིག་ཆུའི་ཞལ་རས་ཀྱི་རྒས་གཉེར་གསེབ་ཏུ་བྲིས་བའི་རི་མོ་ཡལ་ཐུབ་མེད།
མཛའ་མོ་ལགས།
ཁྱེད་ཀྱིས་ཡིད་སེམས་དྲོན་པོས་ཕ་མ་གཉིས་གཉོར་སྐྱོང་བྱས་བའི་འབྲས་བུ་ལ། ཕའི་ཚེ་ལོ་མཐར་ཕྱིན་པ་མ་ཟད། ཁྱེད་ཀྱིས་ང་རང་བཞིན་ཕ་མ་གཉིས་ལ་དྲན་པའི་སྡུག་བསྔལ་སྤྲད་མྱོང་མེད། ཁྱེད་ཀྱི་ལུས་སེམས་གཉིས་ཀྱིས་ཞབས་ཞུ་གང་ནུས་སྒྲུབས་ཏེ། ཕ་མའི་དྲིན་ལན་མི་ཚེ་འདིར་མཇལ་ཡོད། མི་སུ་ཞིག་ཡིན་ན་ཡང་རང་གི་ཕ་མ་དང་གཉེན་ཉེ་ཐ་ན་ངོ་ཤེས་ཞིག་ཡིན་ཚེ་ཡང་། འཇིག་རྟེན་འདི་དང་བྲལ་ཚེ་སེམས་སུ་སྡུག་བསྔལ་མེད་མཁན་སུ་ཡོད།
འོན་ཀྱང་ལག་པའི་སོར་མོ་བཅུ་བོ་བྲང་ལ་བཞག་སྟེ། བསམ་གཞིགས་རེ་བྱས་ཚེ་ལམ་ཁ་འདི་ནས་ཐར་བའི་མི་ཞིག་འཇིག་རྟེན་འདིར་རྙེད་མི་ཐུབ་ལ། ལམ་ཁ་འདི་ནི་སུས་ཀྱང་བཟློག་མི་ཐུབ་པ་ཞིག་ཡིན་པས། མཛའ་མོ་ལགས་ཀྱིས་སེམས་ཁུར་མི་བྱེད་པའི་རེ་བ་དང་བཅས།
ཡོ་རུབ་ནས།
ཕ་མ་དྲན་སྟངས་འདིས་ང་ལ་མིག་ཆུ་ཤོར་སོང་།ས་མཐའ་ན་ཡོད་པས་ལོས་ཡིན།
སྐྱོ་གདུང་ངེ་ཞིག་འདུག་
ས་མཐའ་ནས་འདི་འདྲའི་རིགས་ཀློག་རྒྱུ་མི་འདུག སྡུག་བསྔལ་སྣོན་མ་རེད།