རྡོར་དབང༌།
ཤེས་རབ་མེ་ཡིས་མུན་པའི་ནགས།།
སྲེག་པར་སྤྲོ་ན་མཐོང་ཐོས་ཀྱི།།
ནོམ་པ་གསོག་པར་བྲེལ་སྟབས་ཀྱིས།།
འཇུག་ལ་ཕྱི་བཤོལ་དུས་ཀྱིས་གཏུགས།།
དུས་དང་བསྐལ་བའི་བར་དག་ཅི།།
ཉིན་དང་ཟླ་བས་ཟུངས་འཛད་དེ།།
འཆི་ལམ་སྙེགས་པའི་གད་སྙིགས་ཚོགས།།
གཅེས་པར་མ་འཛིན་རིགས་ཀྱི་བུ།།
གང་དུའང་སྔོན་རབས་མཁས་པའི་གསུང༌།།
ཅི་ཙམ་མཇལ་བ་དེ་ཙམ་གྱིས།།
བློ་གྲོས་རྒྱས་པའི་སྲོག་འཛིན་ན།།
གཅེས་པར་ཟུངས་ཤིག་རེ་བའི་བུ།།
རང་གིས་རང་མགོ་མ་ཐོན་པར།།
གཞན་གྱི་མགོ་འདྲེན་ཇི་ལྟར་བྱ།།
དེ་རིང་སང་གི་གསར་བུའི་ཚིག།
རིན་ཐང་སྲང་ལ་འཇལ་བཞིན་འཐུས།།
གཡས་དང་གཡོན་གྱི་ཚུལ་འཆོས་དག།
རྒྱབ་མདུན་དཔྱད་པ་ཐིག་པ་གནོངས།།
ཅི་ལགས་ཞེ་ན་དེང་གི་མིར།།
ཕྱི་ནང་གོ་ལྡོག་འབྱུང་བ་མང༌།།
མདོར་ན་ཕུན་ཚོགས་ཐམས་ཅད་ལས།།
ཤེས་བྱའི་ནོམ་འདི་རྩ་ཆེ་བས།།
སྙིང་ལ་རུས་པ་ལེགས་བཅུག་སྟེ།།
བརྩོན་པ་མཐུད་ཕྱིར་ངས་འདི་ཕུལ།།
རྡོར་དབང་ལགས།
སྙན་ངག་སྙན་པོ་འདུག སྐད་ཡིག་བྱང་པོ་འདུག ཡིན་ནའི་དེ་ལྟབུའི་བསླབ་བྱ་ཕལ་པ་ཞིག་གིས་ད་ཆ་སུ་ལའང་མི་ཕན། འཛམ་གླིང་གི་མི་ཚང་མས་ཤེས་བྱ་སྦྱོང་དགོས་པ་དེ་ཤེས་ཀྱི་ཡོད། འདི་སྐྱར་བཤད་བྱེད་ཀྱིན་སྡོད་པ་འདི་ཁྱེད་རང་གི་དུས་ཚོད་འཕྲོ་བརླག་རེད་ལ་ཀློག་མཁན་གྱི་དུས་ཚོད་ཀྱང་འཕྲོ་བརླག་རེད། ཁྱེད་ཀྱི་རྩོམ་དེས་་”ལྟོ་ཟོ་ལྟོ་ཟོ། ཟེར་བ་ལས་བཟའ་ལུགས་ཇི་ལྟར་ཡིན་པ་བསྟན་མེད། མི་ཚང་མས་ལྟོ་བཟའ་དགོས་པ་དེ་ཤེས་ཡིན་ནའི་ལྟོ་དེ་དག་ཇི་ལྟར་བརྙེད་ཀྱི་ཡོད་པ་དེ་མི་ཤེས། དེ་བཞིན་བོད་པ་མང་པོས་ཤེས་བྱ་དགོས་པ་དེ་ཤེས་ཡིན་ནའི་ཇི་ལྟར་ཤེས་བྱ་འདི་དག་ལེན་དགོས་པ་དེ་ཤེས་ཀྱི་མེད་ལ། ཆ་རྐྱེན་ཡང་མེད། དེ་ལས་རྗེས་མ་ཤེས་བྱ་གང་ལ་བསླབ་ན་ཕན་པ་གང་ཡོད་པ་དང་། ཤེས་བྱ་འདི་ཇི་ལྟར་བསླབ་དགོས་པ། དེ་དག་ལེན་ཐུབ་པའི་ཆ་རྐྱེན་དང་མཐུན་རྐྱེན་ལེན་ཐབས་སོགས་བྲིས་ན་དེས་མི་ཉུང་ཤས་ལ་ཕན་ཤས་ཆེ།
ཁྱེད་ཀྱི་ཤེས་གསལ་རེད། བོད་ཡིག་སྙན་ངག་ཀློག་ཐུབ་མཁན་ཞིག་གིས་ཤེས་བྱ་དགོས་པ་དེ་ལོས་ཤེས། དེས་ན་རྩོམ་དེས་དགོས་པ་གང་བྱུང་སོང་།
ཁྱེད་བོད་ཡིག་ལ་བྱང་པོ་འདུག ཡིན་ནའི་བསམ་བློ་གཏོང་སྟངས་ཅུང་གུ་དོག་པོ་ལྟ་བུ་རེད། ང་རང་བོད་ཡིག་ཡག་པོ་མེད་ཡིན་ནའི་སློབ་གསོ་མི་ཉུང་བ་འགྲིམ་ནས་སྤྱི་ཚོགས་ཐོག་གི་གནད་དོན་འགའ་ལ་ལྟ་ཐུབ། དེས་ན་ངེད་གཉིས་མཉམ་འབྲེལ་བྱས་ནས་ངས་ཁྱེད་ལ་བསམ་ཚུལ་བཤད་ཁྱེད་ཀྱི་དེ་དག་བྲིས་ཐུབ་ན་ཕན་པ་ཨེ་ཡོད།
བཀུར་འོས་ཤེས་རབ་ལགས
ཉིད་ཀྱིས་རྡོར་དབང་ལགས་ཀྱིས་གྲོགས་ལ་སྤྲིངས་བའི་འཕྲིན་ལ་ཕུལ་བའི་མཆན་བུ་དེ་བཀླགས་གྲུབ་རྗེས། གུས་བར་རྨོངས་འཆར་ཞིག་གླེང་འདོད་ཀྱི་འདུན་པ་སྐྱེས།
ཉིད་ཀྱིས་རྩོམ་འབྲི་བ་ཁོང་གི་སྙན་ངག་སྙན་པོ་དང་ཁོང་བོད་ཡིག་ལ་བྱང་པོ་འདུག་གསུངས་འདུག འོན་ཀྱང་ཁྱེད་རང་བོད་ཡིག་ཡག་པོ་མེད་ལབ་འདུག
ཡང་ཉིད་ཀྱིས་རྩོམ་འབྲི་བ་ཁོང་གི་ཚིགས་བཅད་རྩོམ་ཡིག་འདི་བ྄སླབ་བྱ་ཕལ་བ་རེད་གསུངས་འདུག འོན་ཀྱང༌། ངས་ནི་རྩཽམ་འབྲི་བ་ཁོང་གི་ཚིགས་བཅདརྩོམ་ཡིག་འདི་བསླབ་བྱ་ཕལ་བ་ཞིག་མ་རེད་སྙམ། དཔེར་ན།
གང་དུའང་སྔོན་རབས་མཁས་བའི་གསུང༌།།
ཅི་ཙམ་མཇལ་བ་དེ་ཙམ་གྱིས༌།།
བློ་གྲོས་རྒྱས་བའི་སྲོག་འཛིན་ན།།
གཅེས་བར་ཟུངས་ཤིག་རེ་བའི་བུ༌།། ལྟ་བུ།
ད་དུང༌། ཉིད་ཀྱིས་རྩོམ་ཡིག་འདི་འདྲ་འབྲི་བ་ནི། རྩོམ་མཁན་དང་ཀློག་མཁན་གཉིས་ཀྱི་དུས་ཚོད་འཕྲོ་བརླག་ཡིན་པའི་སྐོར་ཞིག་གསུངས་འདུག། སྐད་ཆ་འདི་ཁྱེད་ཀྱིས་སོ་སོར་འདྲི་དགོས་བའི་དྲི་བ་ཞིག་རེད།
རྩོམ་མཁན་དང་ཀློག་མཁན་གཉིས་ཀའི་དུས་ཚོད་འཕྲོ་བརླག་ལ་གཏོང་བྱེད་ཀྱི་རྩོམ་ཡིག་ཞིག་ལ་ཉིད་ཀྱིས་དུས་ཚོད་འཕྲོ་བརླགས་ལ་བཏང་སྟེ་མཆན་བུ་བཏབ་ནས་ཅི་ཕན། ཉིད་ཀྱིས་གཞན་རྩོམ་འབྲི་བ་ཁོང་གིས་ལྟོ་ཟོ་ཟེར་བ་ལས་བཟའ་ལུགས་བརྗོད་མི་འདུག་གསུངས་འདུག
ངས་ནི་རྩོམ་འབྲི་བ་འདིས་ལྷག་པར་དུ་དེང་གི་མི་རྣམས་ལ་ལྟོ་བཟའ་ལུགས་ཤིག་བརྗོད་ཀྱི་ཡོད་པ་མཐོང༌། དཔེར་ན། གཡས་དང་གཡོན་གྱི་ཚུལ་འཆོས་དག། རྒྱབ་མདུན་དཔྱད་པ་ཐིག་པ་གནོངས།། ལྟ་བུ།
གཞན་ཉིད་ཀྱིས་རྩོམ་འབྲི་བ་ཁོང་གི་བསམ་བློ་གཏོང་སྟངས་ཅུང་གུ་དོག་པོ་རེད་ལབ་འདུག་ སྐད་ཆ་དྲང་མོར་གབཤད་ན༌། གུས་བས་ཉིད་ཀྱི་གསུངས་དེའི་གནད་རྟོགས་ཐུབ་མ་སོང༌། གཅིག་བྱས་ན་ཀློག་མཁན་ང་ཡང་བསམ་བློ་གུ་དོག་ཅན་ཞིག་ཡིན་སྲིད། བསམ་བློ་གུ་དོག་རེད་ཟེར་བ་འདིའི་ཐད་ལ་བློ་ལྡན་པ་ཤེས་རབ་ལགས་ཀྱིས་ཁ་གསལ་གཏིང་གསལ་ཤིག་ཞིག་བཟོ་ཐུབ་ན་རྗེས་ཕྱོགས་ཀློག་མཁན་དང་རྩོམ་མཁན་གཉིས་ཀའི་ཆུ་ཚོད་འཕྲོ་བརླག་ལ་མི་འགྲོ་བའི་དགེ་ཕན་རྒྱ་ཆེར་འདུག་སྙམ།
གང་ལྟར༌། གུས་བའི་རྨོངས་འཆར་གྱི་དབང་དུ་བྱས་ན།
ཚིགས་བཅད་྄རྩོམ་ཡིག་འདིས།་ དེང་གི་སྤྱི་ཚོགས་འདིར་བླུན་པོ་ཆུ་སྣ་གར་འཁྲིད་ལྟ་བུ་མ་ཡིན་པར་རྣམ་དཔྱོད་དང་བློ་གྲོས་ལྡན་པའི་སྐྱེས་བུ་ཞིག་བྱེད་རྒྱུར་སྐུལ་འདུག་སྙམ།
རྩོམ་འདི་འདྲ་མུ་མཐུད་དུ་སྤེལ་རོགས༌།
སྐུ་ཞབས་tenwin dawo ལགས།
ཁྱེད་ཀྱིས་གུས་པའི་མཆན་ལ་ལན་གནང་བ་དེ་ཐུགས་རྗེ་ཆེ། ངས་འདིར་ཡིག་ཉུང་ཚིག་ཉུང་བྱས་ནས་གསལ་བཤད་ཞུ་རྒྱུར།
༡ ང་ཚོ་ཡི་གེ་ཤེས་པ་དང་མཐོང་རྒྱ་ཅུང་ཡོད་པ་རྣམས་ནས་བསམ་བློ་གུ་ཅུང་ཡངས་སུ་བཏང་ནས་ཐབས་ལམ་གསར་པ་དང་བསམ་བློ་གསར་པ་ཏོག་ཙམ་ལེན་ནས་ངེད་ཚོའི་གཅེས་པར་འོས་པའི་ཁ་བ་ཅན་གྱི་ནོར་བུ་བློ་གསར་བུ་ཕྲུག་རྣམས་ལ་དེང་དུས་ཀྱི་སྤྱི་ཚོགས་དང་རང་གི་འཚོ་བ་ལ་འཚམས་པའི་སློབ་གསོ་སྤྲོད་རྒྱུ་ནི་གལ་ཆེན་པོ་རེད་སྙམས། ངས་ཞུས་པ་བཞིན་བོད་ཕྲུག་མང་པོ་ཞིག་གིས་ཤེས་བྱ་ལེན་དགོས་པ་དེ་ཤེས་ཡིན་ནའི་ཤེས་བྱ་གང་ཞིག་ལེན་ན་ཚེ་འདི་ལ་ཕན་པ་ཆེ་བ་དང་རང་གི་མི་རིགས་ལ་ཞབས་ཕྱི་སྨིན་པ་ཞུ་ཐུབ་པ་དེ་ཤེས་མཁན་ཉུང་། དཔེར་ན་ཁྱེད་ཀྱིས་རྡོར་དབང་ལགས་ཀྱི་སྙན་ངག་དུམ་བུ་གསུམ་པ་(གང་དུའང་སྔོན་རབས་མཁས་པའི་གསུང༌།།)ཅེས་པ་ནས་ལུང་དྲངས་ཏེ་དེ་བསླབ་བྱ་དེ་ཐུན་མོང་མ་ཡིན་པ་བསྟན་འདུག ཡིན་ནའི་ཁྱེད་དགོངས་པ་ཡག་པོ་ཞིག་བཞེས་ན་ངེད་ཚོའི་བུ་ཕྲུག་རྣམས་ལ་སྔོན་གྱི་མཁས་པའི་གསུངས་རྣམས་ལ་ལྟོས་ཟེར་བཤད་པ་ཙམ་གྱིས་ཁོང་ཚོར་ཕན་པ་ཇི་ལྟར་གྲུབ་ཐུབ། ཁོང་ཚོའི་ད་ལྟའི་དཀའ་ངལ་ཇི་ཡིན་མ་རྟོགས་པར་སྔོན་གྱི་མཁས་དབང་གྱི་གསུངས་ལ་ལྟོས་ཟེར་ན་དེ་བཞད་བགད་སློང་ཡུལ་དུ་མི་འགྱུར་རམ། ངེད་ཚོའི་ཁ་བ་ཅན་གྱི་ནོར་ཕྲུག་མང་ཆེ་བའི་དཀའ་ངལ་དེ་དེང་དུས་ཀྱི་སློབ་གསོ་ཚད་གཞི་ལྡན་པ་ཞིག་མ་ཐོབ་པ་དེ་ཡིན། དེ་མ་ཐོབ་པར་བརྟེན་ཁོང་ཚོར་འཇོན་ཐང་དང་ཤེས་རྩལ་མི་རིགས་གཞན་ལྟར་ཚད་མཐོན་པོར་སླེབས་ཐུབ་ཀྱི་མེད། དེའི་འབྲས་བུར་བོད་ཕྲུག་མང་ཆེ་བ་ཕྱི་ནང་གཉིས་ལ་གཞན་གྱི་གཡོག་པོ་རྒྱུག་བཞིན་ཡོད། དེས་ན་ཁོང་ཚོར་སྔོན་གྱི་མཁས་དབང་གི་གསུངས་ལྟོས་དང་དེས་ཕན་ཟེར་ན་ངོ་མ་ཕན་པ་ཨེ་ཡོང། སྔོན་གྱི་མཁས་དབང་གི་གསུངས་ཀྱི་ཁ་གྲངས་ནི་བརྗོད་ལས་འདས་པ་དང་ནང་དོན་ཡང་མི་ཉུང་བས་མཁས་དབང་སུའི་གསུངས་དང་ནང་དོན་གང་ལ་བལྟས་ན་འཚམས་པོ་ཡོད་པ་དེ་སྟོན་མེད་པས། དེས་ན་ཕན་ཐོག་ཆེན་པོ་མེད་པ་དེ་མཐོང་ནས་ངས་བསླབ་བྱ་དེ་ཕལ་པ་རེད་ཅེས་བསམ་ཚུལ་བཤད་པ་ཡིན། དེ་ལྟར་མིན་པར་གལ་ཏེ་རྡོར་དབང་ལགས་ཀྱི་སྙན་ངག་ནང་ཞིབ་ཚགས་ལ་འབྲེལ་བ་ཡོད་པའི་བསླབ་བྱ་ཞིག་ཡིན་ན་ངོས་ནས་ངེས་པར་དུ་དགའ་བསུ་ཞུ་རྒྱུ་ཡིན་ལ་ངའི་རེ་བར་ཁོང་ནས་ནུས་པ་ཡོད་ལ་ཀློག་པ་པོ་དང་འབྲེལ་བ་དམ་པོ་ཡོད་པའི་བསླབ་བྱ་སྤེལ་ཐུབ་ན་དེས་ངེད་ཅག་ཚང་མར་ཕན་པ་ཡོད་སྙམ། དཔེར་ན།
སུ་ཞིག་ཚེ་འདིར་དཔལ་འབྱོར་རྒྱས་འདོད་ན།
མ་འཇོག་འབུན་གཏོང་འབུན་ལེན་གྱི།
ཤེས་བྱ་ཁོད་པའི་སྐད་གྲགས་དེབ།
“ཕྱུག་པོའི་ཕ་དང་ཕ་དངུལ་མེད་”
(Rich Dad Poor Dad)
ཅེས་པའི་དེབ་ལ་གཟིགས་པར་འཚལ།
དེབ་འདི་འབྲི་མཁན་Robert T Kiyosaki
སྐད་ཡིག་མང་པོའི་ནང་དུ་གསལ།
དཔེར་ན་རྒྱ་ཡིག་དབྱིན་ཡིག་སོགས།
ལྟ་བུ་སྤེལ་ཐུབ་ན་ཕན་པ་ཆེ་བ་མེད་འགྲོ་སྙམ། དེས་ཀློག་པ་པོར་ཤེས་བྱ་དེ་དག་ཇི་ལྟར་ལེན་པར་གདམས་ཐུབ།
དེ་བཞིན་ཆོས་ཀྱི་སློབ་གསོ་སྤེལ་འདོད་ན།
སུ་ཞིག་བྱང་ཆུབ་སེམས་ལ་སློབ་འདོད་ན།
“སྤྱོད་འཇུག་”ཞུ་བའི་དཔེ་ཆར་གཟིགས་པར་འཚལ།
དེ་ནི་མཛད་མཁན་སློབ་དཔོན་ཞི་བ་ལྷ།
དེ་ཡི་འགྲེལ་བ་རྒྱལ་ཚབ་ཆོས་རྗེ་དང་།
རིས་མེད་མཁས་དབང་མང་པོས་མཛད་པ་ཡོད། ཟེར་ན་ཀློག་པ་པོས་ཤེས་བྱ་དེ་ཇི་ལྟར་ཐོབ་ཐུབ་མིན་ཤེས་ཐུབ་སྙམ།
ལན་གཉིས་པ་དང་གསུམ་པ་མུ་མཐུད་རྗེས་མ་དགོད་རྒྱུ།
བློ་ལྡན་པ་ཤེས་རབ་ལགས
ཉིད་ཀྱི་བསམ་ཚུལ་བྋཐྲྤཀླགས་པ་ཡིན། གང་བསམ་པ་དེ་ཆུ་ཚོད་དམ་འཛིན་གྱི་སྒོ་ནས་ཡིག་ཐོག་ལ་ཕབ་པར྄རྗེས་སུ་ཡི་རངས་ཡོད། ད་ནི་ཁྱེད་ཀྱི་བསམ་ཚུལ་གཉིས་་པ་དང་གསུམ་པ་ལ་སྒུག་ནས་བ྄སྡད་ཡོད། ཉིད་ཀྱི་བསམ་ཚུལ་གཉིསཔ་དང་གསུམ་པ་འབྱོར་རྗེས། རྩོམ་འབྲི་བ་ཁོང་གི་རྩོམ་ཡིག་དེར་ཕྲན་དཔྱད་ཞིག་མཉམ་དུ་ཉིད་ཀྱི་བསམ་ཚུལ་གྱི་གལ་དང་གནད་རྣམས་ཞིབ་ཏུ་དཔྱད་རྒྱུ་ཡིན།
སྐུ་ཞབས་tenwin dawo ལགས།
གུས་ཀྱི་ལན་གཉིས་པ་བསམ་བློ་གུ་དོག་པོའི་སྐོར་དེ་ལ་གསལ་བཤད་ཐུང་ངུ་ཞིག་ཞུ་རྒྱུ།
ངོས་ཀྱི་སེམས་ལ། བསམ་བློ་གུ་དོག་པོ་ནི་སྲོལ་གཅིག་དང་ལམ་ལུགས་གཅིག ལྟ་ས་གཅིག་དང་མཐོང་ས་གཅིག ལད་མོའི་རྩལ་ལ་མཆོག་འགྱུར་ཀྱང་། གསར་གཏོད། གསར་འཚོལ་གྱི་བློ་གྲོས། དེ་བཞིན་ཚོད་ལྟ་དང་པྱོགས་སྡོམ་བཅས་མེད་པའི་གང་ཟག་གི་ཁྱད་ཆོས་ཤིག་ལ་གོ་བཞིན་འདུག སྐུ་ཞབས་རྡོར་དབང་ལགས་ལ་གོང་རྩོམ་ལ་གོང་གི་ཁྱད་ཆོས་ཚང་པ་འདུག་ཟེར་བ་མིན་ཀྱང་། གང་ལྟར་ཁོང་གི་རྩོམ་ཡིག་དེ་གསར་གཏོད་དང་རང་གི་ལྟ་བ་གསར་པ་ཡོད་པའི་རྩོམ་ཞིག་མིན་པ་མཐོང་སོང་། དེར་བརྟེན་ཅུང་གུ་དོག་པོ་འདུག་ཟེར་བར་ཐལ་སོང་།
གལ་ཏེ་ཁྱེད་བོད་ཀྱི་སྔོན་བྱོན་མཁས་དབང་རྣམས་ཀྱི་གསུངས་ལ་ལྟ་མྱོང་མཁན་ཞིག་ཡིན་ན་བསླབ་བྱ་དེ་ཚོ་ལོ་ང་བརྒྱ་ཕྲག་གོང་ནས་བོད་ཤོག་སྟོང་དང་གསུངས་འབུམ་བརྒྱ་ཕྲག་ནང་གཅིག་གི་ལད་མོ་གཅིག་གི་བྱས་ནས་བཏོན་མྱོང་ཡོད་སྟབས། དེ་ལྟ་བུའི་བསླབ་བྱ་དག་ད་ཆ་མེད་དུ་མེད་རུང་བ་མིན་པ་ཤེས་ཐུབ། དེར་བརྟེན་ངས་ད་ཆ་དུས་ཚོད་དཀོན་པོ་དང་བོད་ཀྱི་གནས་ཚུལ་ཛ་དྲག་འདི་འདྲའི་གནས་སྟངས་འོག་ཡང་སྐྱར་རྩ་ཆེའི་དྲ་གནས་འདི་འདྲའི་ཐོག་འདི་ཡང་སྐྱར་འབྲི་བར་དུས་བསྐྱལ་ན་དུས་ཚོད་འཕྲོ་བརླག་རེད་ཅེས་བསམ་ཚུལ་བཤད་པ་ཡིན། སྐུ་ཞབས་རྡོར་དབང་ལགས་ལ་གོང་གི་བསམ་ཚུལ་འདི་དག་བཟོད་པར་དཀའ་ཡང་ཕུགས་ལ་དེས་ཁྱེད་ལ་ཤེས་རབ་ཀྱི་དངོས་གྲུབ་ངོ་མ་ཞིག་ལ་འགྱུར་བའི་སྨོན་ལམ་ཞུ།