གངས་ཉི་གཞོན།
ཆུང་ཆུང་བྱིས་དུས་ཀྱི་མཇལ་འཛོམས་སྐྱིད་པོ།།
ལྷད་མེད་དྭངས་གཙང་གི་རྫ་ཆབ་བསིལ་མ།།
ལོ་ཟླའི་འཕྱོན་མ་འདིས་ཁམ་དུ་བྱས་ཀྱང་།།
ཡ་ཆུང་སེམས་ཁོང་ན་ཡལ་བ་མི་འདུག།
ལྷམ་ཀྲད་ཧྲུལ་བོ་དེ་རྐང་བའི་གདོས་ཡིན།།
རྩེད་ཆས་ཐབས་ཆག་དག་ཡིད་ཀྱི་དྲོད་ཡིན།།
འཇམ་གཉེན་རྩྭ་ཐང་ནི་བརྩེ་བའི་ཁྱིམ་ཡིན།།
བྱིས་པའི་ལག་རྡང་དེ་ལྷག་དུ་དྲན་གི།།
གྲལ་དག་གཙང་དག་གི་སྡེར་ཁའི་ཁྲོད་ནས།།
བཟའ་བཏུང་སྣ་ཚོགས་ཀྱི་མགྲོན་ཁ་ཡོད་ཀྱང་།།
ཆུང་དུས་འུ་གཉིས་ཀྱིས་ལྐོག་ནས་བརྐུས་པའི།།
ཤ་སྐམ་ཞིམ་རྡོག་གི་མངར་ཁ་མི་འདུག།
ས་མཐའི་འཚོ་བ་དེ་སྐད་ཅིག་སྐད་ཅིག།
སེམས་ཀྱོ་དགའ་སྐྱོ་ནི་གློ་བུར་གློ་བུར།།
ཡིད་རྟོན་མེད་པ་ཡི་མི་ཚེའི་རྡོག་འགྲོས།།
ཆུ་ངོགས་གཏམ་རྒྱུད་ཀྱི་གློག་བརྙན་ཆ་ཚང་།།
ཞེ་མཐུན་ཆུང་གྲོགས་ཀྱིས་བྲིས་པའི་རི་མོ།།
ས་མཐའི་འཁྱམ་པོ་ངའི་སྙིང་སིམ་ཡོང་།།
རྣམ་རྟོག་རླུང་བུ་ཡི་རྒྱུགས་ཕྱོགས་ཤིག་གིས།།
དེ་རིང་མཛའ་གྲོགས་ཁྱོད་ཧ་ཅང་དྲན་གི།།
ཆུང་བྱིས་པའི་དུས་ཀྱི་རྩེད་རོགས་འགྲོགས་རོགས། །
ན་དར་བའི་དུས་སུ་ཉལ་རོགས་ལངས་རོགས། །
ལུས་རྒས་པའི་དུས་སུ་སྐྱོ་རོགས་རྒོད་རོགས། །
དུས་དེ་རིང་མ་གཏོགས་བཀའ་དྲིན་མ་ཚོར། །
ཤླཽཀ་གཉིས་པ་དང་གསུམ་པས་ཆུང་དུས་དྲན་གི་བཅུགས་སོང་་་་དེ་གཉིས་ཡག་པོ་འདུག་་
ཆུང་བྱིས་པའི་དུས་སུ་རྩེད་རོགས་དང་རྩོད་རོགས།ན་དར་བའི་སྐབས་སུ་ཟ་རོགས་དང་ཉལ་རོགས།ན་རྒས་པའི་དུས་སུ་གཅིག་སྙེ་གཅིག་གིས་འདྲེན་རོགས།དུས་དེ་རིང་ཕྱི་མ་མཉམ་འཛོམས་ཀྱི་སྨོན་ལམ་འདེབས་རོགས།