སྤྱན་ཆེན་པོ།
ཤོག་བུའི་ལྭ་དམར་གྱོན་པའི་དམའ་མི་འགའ་གྲོང་ཁྱེར་དུ་ཐོན
གཞི་མདོར་ཡོད་པའི་ཚོང་ཁང་དེའི་སྒོ་འགྲམ་ནས
གཏོར་མ་དམར་མདོང་འགའ་བཟོས་ནས
གྲོང་ཁྱེར་གྱི་ཐན་པ་ནག་པོ་འདི
ང་ཚོས་ལྕེབས་ཐག་གི་བར་དུ་འཇོག་རྒྱུ་ཡིན་ཟེར
“ཤ་འཚོང་མཁན་དང་མེ་ཏོག་ཉོ་མཁན་”ཚོའི་ཁྲོད་དུ་ཡང
ཁོ་བ་ཚོས་ཕྲེང་བ་ཟད་པོ་རེ་ལག་ཏུ་བཟུང་ནས
གྲོད་ཁོག་ལྷག་མའི་བར་གྱི་དཔུང་ཤུགས་དེ་མངོན་བཞིན
ང་ཚོ་ནི་ལུང་བསྟན་དུ་མ་ཤོང་བའི་དམག་སྤྱི་ཡིན་པས
གྲོང་ཁྱེར་གྱི་དཔལ་ཡོན་ལ་གོམས་པའི་མྱི་འདི་དག་ཀྱང
སྔ་མོ་ནས་གཙང་ཕྱགས་བྱེད་དགོས་པ་འདྲ་ཟེར
ཁོ་བ་ཚོར་སེམས་ཧ་ཅང་སྙི་མོ་ཞིག་ཡོད་པ་འདྲ
གྲོང་ཁྱེར་གྱི་དབུས་ན་ཡོད་པའི་རྡོ་སེང་དེར་འགྲམ་པ་གླེན་བཞིན
ཁྱོད་ནི་འཇིག་རྟེན་འདིའི་བྱེད་པོ་གཅིག་བུ་དེ་ཡིན་པས
ང་ཚོ་འཇིག་རྟེན་འདིར་ཡོང་བ་ནི་ཁྱོད་ཁོ་ནའི་ཆེད་ཡིན
ཁྱོད་ནི་ང་ཚོའི་སྐྱབས་དང་མགོན་ནོ་ཟེར་བཞིན
མིག་མཐའ་ལ་དད་པའི་མཆི་མ་རེ་འཁྱིལ་འདུག
ཁོང་ཚོ་གྲོང་ཁྱེར་ལ་མ་ཐོན་སྔོན་ལ
ཁོང་ཚོ་དམག་ཁོངས་སུ་མ་ཞུགས་སྔོན་ལ
ཁོང་ཚོ་ནི་བེའུ་རྫ་ན་ཡོད་པའི་བྱིས་པ་རྐང་རྗེན་འགའ་ཡིན་ལ
དེ་དུས་ནས་ཁོང་ཚོས་སྨོན་ས་ནི་གྲོང་ཁྱེར་གྱི་ལོངས་སྤྱོད་དེའོ
2016-3-28