གསལ་ལེ་རྒྱལ།
གཅིག
གྲྭ་ས་ནའང་གྲལ་རིམ་འདུག གྲྭ་སའི་གྲལ་རིམ་ནི་ཡོན་ཏན་གྱི་གྲལ་རིམ་ཞིག་རེད། གྲྭ་ས་ནའང་གྲལ་རིམ་འཐབ་རྩོད་འདུག གྲྭ་སའི་གྲལ་རིམ་འཐབ་རྩོད་ནི་ཡོན་ཏན་གྱི་གྲལ་རིམ་འཐབ་རྩོད་ཅིག་རེད།
གྲྭ་སའི་གྲམ་རིམ་འཐབ་རྩོད་ཀྱི་མཐའ་ལ་ལྷུང་བའི་གྲྭ་གཟུགས་དེ་ཚོའི་མིང་ལ་རྡོབ་རྡོབ་ཟེར། རྡོབ་རྡོབ་ཚོར་འགྲོ་ས་དང་འཚང་ས་གཅིག་ལས་མེད། དེ་ནི་ཁྱིམ་པ་ཕོ་མོའམ་འཇིག་རྟེན་པའི་གྲལ་མགོར་འཚང་ཁ་རྒྱག་རྒྱུ་དེ་རེད། དེའང་གསལ་བོར་བཤད་ན། སྡོམ་པ་ཡོད་མེད་གཉིས་ཀས་གྲྭ་ཆས་་ཤིག་གོན་ནས་སྤྱི་འཐུས་ཀྱི་མིང་ཐོག་ནས་གྲོས་ཚོགས་ར་བའི་ནང་ལ་འཚང་ཁ་རྒྱག་རྒྱུ་དེ་རེད། གྲྭ་སའི་གྲལ་རིམ་གྱི་མཐའ་ནས་འདུག་མ་བཟོད་པར་འཇིག་རྟེན་པའི་གྲལ་མགོར་རེ་བ་བྱེད་ཀྱིན་པ་དེ་མི་གཞན་པར་ཤེས་སུ་མི་འཇུག་པའི་ཆེད་དུ། ཁོ་ཚོས་འཚང་ཁ་དེའི་མིང་ལ་རྒྱལ་ཞེན་དང་རིགས་ཞེན། ཡང་ན་སེམས་ཤུགས་ཟེར།
སེམས་ཤུགས་ལ་རིགས་གཉིས་ཡོད། ཐེག་ཆེན་སེམས་ཤུགས་དང་ཐེག་དམན་སེམས་ཤུགས་རེད། ཐེག་དམན་སེམས་ཤུགས་སམ་རང་ཁོ་ན་རྒྱལ་བར་འདོད་པའི་སེམས་ཤུགས་དེ་ཁྱིམ་པ་ཕོ་མོ་ལའང་ཡོད་པས་གྲྭ་གཟུགས་ཤིག་འཛིན་དགོས་དོན་ཡེ་ནས་མེད། “བཎ་དེ་སྐྱ་མིན་སེར་མིན། སངས་རྒྱས་བསྟན་པའི་དགྲ་བོ།” སྟོན་པའི་བསྟན་པ་དང་གཞན་ལ་གཅེས་མི་ཐུབ་ནའང་རང་ལ་གཅེས་མི་ཤེས་སམ། “རང་གིས་རང་ལ་སྡུག་པོ་གཏོང་ན། ཁ་གནམ་ལ་འཁོར་ནས་གཅིན་ཐོངས” ཞེས་པ་འདི་རེད།
གྲྭ་སའི་རྡོབ་རྡོབ་ཚོ་གྲོས་ཚོགས་ར་བའི་ནང་ལ་ཡོང་ནས་ཅི་བྱེད། ངས་གོ་ཚོད་ལྟར་ན་གྲྭ་སའི་རྡོབ་རྡོབ་ཚོས་གྲྭ་ས་ལ་ཕན་ཐོགས་ཀྱིན་ཡོད་པར་བཤད། ཁོ་ཚོར་ཡོན་ཏན་མེད་ཀྱང་དགོན་པ་ལ་སྲུང་སྐྱོབས་བྱེད་ཀྱིན་ཡོད་པ་རེད་ཟེར། དགོན་པའི་སྲུང་དམག་ལྟ་བུ་རེད་ཟེར། དེ་ན་གྲོས་ཚོགས་ར་བའི་ནང་གི་རྡོབ་རྡོབ་ཚོ་ཕྱིར་གྲྭ་སར་སོང་ནས་རང་ལ་འཚམས་པའི་དགོན་པའི་སྲུང་དམག་བྱས་ན་རང་གཞན་གཉིས་ལ་ཕན་ཞིང་མཛེས་པར་མཐོང་།
གཉིས།
ཁ་སང་ཡང་འདིའི་སྐོར་ནས་ཚིག་འགའ་བྲིས་པར་བོད་ཡིག་སྐྱབས་ཟེར་བའི་དྲ་གྲོགས་ཤིག་གིས་” རྡོབ་རྡོབ་ཚོར་བཤད་ནས་གོ་བ་མེད་པས། དེ་ལས་མི་མང་གིས་ཁོ་ཚོ་སྤྱི་འཐུས་ལ་མི་འདེམས་པའི་ཐབས་ཤེས་བཙལ་ན་ལེགས་” ཟེར། དེ་ནི་ཧ་ཅང་བདེན་པར་མཐོང་ནས་ཚིག་འགའ་འབྲི་བར་བྱ།
རྒྱལ་གཅེས་དང་རིགས་ཞེན་གྱི་མེ་ལྕེ་དགུང་ལ་འཕྱུར་བའི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་དད་ཡུལ་རབ་བྱུང་སེར་མོ་བ་དང་གྲྭ་གཟུགས་རྡོབ་རྡོབ་ཀྱི་དབྱེ་བ་བཀར་ནས། རང་ལ་དབང་བའི་སྤྱི་འཐུས་ཀྱི་འོས་ཤོག་གཅིག་པུ་དེ་རྡོབ་རྡོབ་ཚོར་མ་བླུག་རོགས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་ཟིན་པའི་དཔའ་བོ་དཔའ་མོ་རྣམ་པ་དང་། ད་དུང་རང་སྲོག་བློས་བཏང་གིས་འཐབ་རྩོད་བྱེད་བཞིན་པའི་བོད་ནང་གི་ཕུ་ནུ་རྣམ་པར་གུས་བཀུར་བྱེད་པའི་ཆེད་དུ་ཡིན། ཆེན་པོ་མི་འཇོན་ནའང་འདི་ཙམ་ང་ཚོས་ངེས་པར་བྱེད་ཐུབ་དགོས། མི་རེ་རེ་ཡིས་རང་ཉིད་ནས་མགོ་བཙུགས་ནས་འགན་འཁུར་དགོས། ཚང་མས་འགན་མཉམ་འཁུར་གྱིས་རྡོབ་རྡོབ་ཚོ་གཙང་སེལ་བྱས་ན་གྲོས་ཚོགས་ར་བ་འདི་གཙང་མ་ཆགས་ཀྱི་རེད། འདི་ང་ཚོ་ཚང་མའི་འགན་ཁུར་རེད།
གཞན་ལ་གཅེས་པའི་བློ་མེད་ཀྱང་འདི་ནི་རང་གིས་རང་ལ་གཅེས་སྟངས་ཤིག་ཀྱང་རེད། གཞན་ལ་མི་གཅེས་ནའང་རང་ལ་གཅེས་རོགས། ད་ང་ཚོར་ཉིན་འགའ་ལས་མི་འདུག
༢༦/༡༢/༢༠༢༠།
གཞེན་སྐུལ་འདི་དུས་ཐོག་གི་ཆར་པ་ལྟ་བུར་མཐོང་ཡང་ཉན་མཁན་དཀོན་མོ་རེད། དེ་སྔ་བོད་ཀྱི་རྡོབ་རྡོབ་རྣམས་གྲྭ་ཚང་གི་དཀོར་ཟོས་ནས་ལྟོ་གོས་འཚོལ། ད་ལྟ་བྲོལ་བྱོས་བའི་རྡོབ་རྡོབ་རྣམས་སྤྱི་འཐུས་ཀྱི་ཕོགས་དང་མཚན་དོད་བླངས་ཏེ་མི་ཚེ་སྐྱེལ་བ་འདི། ཆོལ་ཁ་དང་ཆོས་ལུགས་ཀྱི་སྤྱི་འཐུས་ཟེར་བ་འདིའི་ཐད་བཅའ་ཁྲིམས་ལ་འགྱུར་པ་ཞིག་མ་ཐེབས་པར་མི་མང་གི་སེམས་ལ་འགྱུར་བ་ཐེབས་རྒྱུའི་རེ་བ་མི་འདུག མདོར་ན་ཇི་སྲིད་ཆོལ་ཁ་དང་ཆོས་ལུགས་ཀྱི་དབྱེ་འབྱེད་འདི་མེད་པ་མ་ཆགས་བར་དེ་སྲིད་དུ་རྡོབ་རྡོབ་ཚོའི་ལྟོ་གོས་འཚོལ་སའི་སྤྱི་འཐུས་ཞེས་པའི་མིང་སྙན་པོ་འདི་དང་འབྲལ་བའི་རེ་བ་མེད་སེམས་ཐག་གོར་མོའི་རྡོ་རེད།
ཉི་སྟོང་བཅུ་གཅིག་འགོ་ནས་སྲིད་སྤྱིའི་ནང་། །
ལངས་མཁན་ཚང་མ་གཞན་དོན་རང་དོན་ལས། །
ཆེ་བ་ཡོད་པ་མིག་མེད་ལོང་བས་མཐོང་། །
རྡོབ་རྡོབ་ཡིན་དང་མིན་ལ་ཁྱད་པར་ཅི། །
གྲོས་ཚོགས་ར་བའི་ནང་གི་གླང་དམར་ཚོ་ལ་གླང་དམར་སྐོམ་ཆུ་སྤྲད་ཡོད་ཀི་ཡ།
ཨ་ཁུ་འབྲོག་པ།
བདེན་ཞད་འདུག ཡིན་ན་ཡང་ཁྲིམས་ལུགས་ལ་འགྱུར་བ་གཏོང་བར་མི་མང་གི་བསམ་འཆར་མང་པོ་འདོན་རྒྱུ་གལ་ཆེ། མི་མང་ནང་ནས་ཡིག་ངག་གཉིས་ཐོག་ནས་ཁྲིམས་བཟོ་ལྷན་ཚོགས་ལ་བསམ་འཆར་དང་རེ་བ་ཅི་ཙམ་གྱིས་མང་པོ་འདོན་ཐུབ་ན་དེ་ཙམ་གྱིས་ནུས་པ་ཐོན་ངེས། དེ་ཡང་གཅིག་ནས་ཆོལ་ཁོངས་སོ་སོའི་སྤྱི་འཐུས་རྣམས་བརྒྱུད་དེ་གྲོས་ཚོགས་ནང་ལ་བསམ་འཆར་སླེབས་ཐབས་དང་། གཉིས་ནས་ཐད་ཀར་དུ་སྤྱི་འཐུས་རྒྱུན་ལས་ལ་ཡིག་ཐོག་ནས་བསམ་འཆར་དང་རེ་འདུན་རྒྱུན་ཆད་མེད་པར་འབུལ་ཐུབ་དགོས། གལ་ཏེ་འདི་ལྟར་མི་མང་བརྒྱ་ཆ་ལྔ་བཅུ་ཙམ་གྱིས་སྙན་ཞུ་ཕུལ་ན་གྲོས་ཚོགས་ནང་དེ་དོན་ཐག་གཅོད་ཅིག་ཡོང་ཐུབ། འོན་ཀྱང་བྱ་བ་དམིགས་ཡུལ་དང་འཆར་གཞི་ཡོད་པའི་སྒོ་ནས་ལོ་བཞི་ལྔ་ལ་རྒྱུན་སྐྱོམག་ཐུབ་དགོས། དེ་ལྟར་ཐུབ་སོང་ན་སྐབས་རྗེས་མའི་འོས་བསྡུ་ཆེན་མོ་དེ་རྣམ་པ་མི་འདྲ་བ་ཞིག་ཡོང་རེ་ཡོད།
དེས་ན་ཐོག་མར་ཆོལ་ཁ་དང་ཆོས་བརྒྱུད་ཁག་ནས་ལས་འགུལ་འདིར་མཉམ་ཞུགས་གནང་མཁན་གྱི་ཚོགས་པ་རྒྱ་མི་ཆུང་བ་ཞིག་གསར་འཛུགས་ཐུབ་དགོས། གསར་འཛུགས་བྱས་ན་ནང་ལ་ཞུགས་ཐུབ་བམ།
བན་ཆུང་སྐྱ་མིན་སེར་མིན། སདས་རྒྱས་བསྟན་པའི་དགྲ་བོ།
ང་ཚོ་བོད་པའིགྲོས་ཚོགས་ར་བའི་ནང་གི་གླང་དམར་ཚོ།
གྲ་སའི་སྒྲིག་གཞི་དང་སློབ་སྦྱོང་གི་བརྒྱུད་རིམ་སོགས་ལ་ཁུངས་མ་འཁྱོལ་མཁན།
ཆབ་སྲིད་ཀྱི་གོ་རྟོགས་མེད་པའི་བཙན་བྱོལ་བའི་གྲོས་ཚོགས་འཐུས་མི་ཚོ།
བོད་ཡིག་ཁྱ་རེ་ཁྱོ་རེ་ཙམ་ལས་སྐད་ཡིག་གཞན་གཅིག་ཅང་མི་ཤེས་པའི་གྲོས་ཚོགས་འཐུས་མི་ཚོ།
སྐད་ཡིག་གཞན་པ་མི་ཤེས་པའི་རྐྱེན་གྱིས་ཉིན་རེའི་འཛམ་གླིང་གི་འགྱུར་ལྡོག་མགོ་མི་ཚོས་པའི་གྲ་གཟུགས་ཆབ་སྲིད་པ་ཚོ།
མིང་འདི་རྣམས་ང་ཚོའི་་གྲ་གཟུགས་གྲོས་ཚོགས་འཐུས་མི་ཚོར་ཧ་ཅང་འོས་་འཚམ་ཡིན།
གྲ་གཟིགས་འདི་ཚོས་སྐད་ཡིག་གཞན་མི་ཤེས་པས་ཁོང་ཚོས་ནམ་ཡིན་ཡང་གྲོས་ཚོགས་ར་བའི་ནང་སྲང་ལམ་ན་འགྲོ་བཞིན་པའི་སྐད་ཆ་རྐྱང་བཤད་བསྡད་ཡོད།
ཁོ་ཚོས་གྲ་སར་ཁ་དོག་དཀར་དམར་ལ་སློབ་སྦྱོང་གནང་ཡོད་པས་རྩོད་པ་རྒྱག་སྟངས་ལ་མཁས།
ཉི་སྟོང་བཅུ་གཅིག་གོང་གི་སྲིད་སྤྱིའི་ནང་། །
ལངས་མཁན་ཚང་མ་རང་དོན་གཞན་དོན་ལས།།
ཆེ་བ་ཡོད་པ་མིག་ལྡན་ལོང་བས་མཐོང་།།
རྡོབ་རྡོབ་ཡིན་དང་མིན་ལ་ཁྱད་པར་ཅི། །