(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ་གྱི་ཁོངས་སུ་འཇོག་རོགས།)
དོན་རིན། གོ་པལ་པུར།
བྱ་དངོས་གང་རུང་གི་ངོ་བོ་གསལ་པོ་མིན་པའི་གནས་ལུགས་ཀྱང་མི་ཤེས་ན།
ངས་ཁྱེད་ལ་ཅི་ཞིག་བཤད། ཁྱོད་ཀྱིས་ཅི་ཞིག་སེམས།
རྟོག་གེ་བའི་ཉམས་སྣང་དེས་སུ་འདྲོགས་སློང་འདོད་དམ།
འུ་ཚོའི་འཇིག་རྟེན་དུ་མེད་པ་ཡོད་ཆོག་ཅིང་།
ཡོད་པ་མེད་ཆོག་པའི་གནས་ལུགས་ཀྱི་ཆོས་ཉིད་ཡོད།
ཚོར་བའི་ཀློང་རིམ་ནས་ནམ་ཡང་ཡལ་མི་ཐུབ་ཅིང་།
དྲན་པའི་སྟོང་ཁ་འདི་ནམ་ཡང་ཤོར་འགྲོ་བ།
སུ་ཞིག་གིས་ང་ལ་བཞག་པའི་བག་ཆགས་ཡིན་ནམ།
ཆུན་པོའི་མེ་ཏོག་དེ་སྙིམ་པས་བཏེགས་ཏེ།
སུ་ཞིག་མཆོད་རྗས་སུ་ཕུལ་བ།
སུ་ཞིག་ལ་གྲོས་འདེབས་ཀྱི་སྔོན་འགྲོ་རེད་ཨང་།
འཁོར་མིའི་བླ་སྲོག་འདི་མེ་ལ་གཏུགས་ཏེ་བཞུ་བར་རྩོམ་ན།
དྲན་ཤེས་དབང་རྩ་འདི་རྡོ་ལ་བརྡར་སྟེ་གཅོད་པར་རྩོམ་ན།
སེམས་ཀྱི་ཁོག་རྒྱ་འདིས་ས་གཞིའི་བྲང་ཁོག་གཤེགས་ནུས་ཤིང་།
འདུ་ཤེས་ལ་རྒྱ་འདིས་འབྲོང་གཡག་ཁ་ལོ་བསྒྱུར་ཐུབ།
འཇིག་རྟེན་མི་ཡུལ་ནས། ང་ཚོ་ནམ་ཡང་འབོར་མི་ཉན།
དུས་བསྐལ་འདིའི་ལན་ཆགས་གནག་དྲགས་སྟབས།
ཁྱེད་ཞལ་ལན་གཅིག་ཀྱང་མཐོང་དུ་མེད་ཀྱང་།
བདག་གི་བརྩེ་བ་དང་ལྡན་པའི་མིག་ཟུང་དང་།
བདག་གི་དུངས་བ་དང་འདྲེས་པའི་སེམས་ཁོངས་ན།
གངས་རིའི་གཟི་བྱིན་གྱི་འོད་དང་འགྲོགས་པའི།
སེམས་གཏིང་གི་མུ་ཏིག་རྡོག་པོ་ཁྱེད་ཀྱི།
སྐད་ངག་འདར་མའི་ཁ་གཡང་དེ་དང་།
བློས་བསླངས་ཀྱི་གཟུགས་བརྙན་དེ་ཡོད།
འུ་ཅག་གི་མདུན་ལམ་འདི་སྔར་ལས་ཀྱག་ཀྱོག་ཆེ་ཡང་།
བཟློག་ཏུ་མེད་པའི་ལས་དབང་ཞེས་པ་འདི།
འུ་ཅག་གི་རྒྱབ་རི་ཉན་མི་དགོས་པ་བདག་གི་གྲོས་འདེབས་ཡིན།
འཁོར་འདས་ཡོད་ཚད་ཀྱི་རང་བཞིན་དགའ་སྐྱོ་འདྲེས་མ་ཡིན་པའི་གནས་ལུགས་ཀྱང་མི་ཤེས་ན།
ངས་ཁྱེད་ལ་ཅི་ཞིག་བཤད། ཁྱེད་ཀྱིས་ཅི་ཞིག་སེམས།
སྒམ་བརླིང་པའི་ཚུགས་ཀ་དེས་སུ་ལ་འགྲན་སློང་འདོད་དམ།
འུ་ཚོའི་འཇིག་རྟེན་དུ་དགའ་ན་དགའ་ཆོག་པ་དང་།
སྐྱོ་ན་སྐྱོ་ཆོག་པའི་གཏན་ཚིགས་ཀྱི་སྲོལ་ལུགས་ཡོད།
སྟོང་བསམ་རྨི་ལམ་འདི་ནམ་ཡང་རྨིས་རྨིས་ལ།
སེམས་ཀྱི་འཕར་ལྡིང་འདི་ནམ་ཡང་མི་འགག་པ།
སུ་ཞིག་གིས་ང་ལ་བཞག་པའི་གཏམ་རྒྱུད་ཡིན་ནམ།
གསེར་གྱི་བུམ་པ་དེ་བྲང་ཁར་སྦྱར་སྟེ།
ཆབ་ཀྱི་མཆོད་པ་དེ་སུ་ལ་ཕུལ་བ།
སུ་ཞིག་ལ་གྲོས་འདེབས་ཀྱི་ཤིས་བརྗོད་ཡིན་ཨང།
སེམས་རྟེན་ནགས་ཀློང་དེ་མེ་ལ་བཅིལ་སྟེ་རྫོགས་པར་རྩོམ་ན།
ཟེའུ་འབྲུའི་དྭངས་མ་དེ་ཆུ་ལ་བསྐྱུར་སྟེ་མེད་པར་བཟོས་ན།
སྙིང་རུས་འབད་འབུངས་འདིའི་ནུས་ཤུགས་སྔར་ལས་ཆེ་ཞིང་།
ཡིད་ཆེས་རེ་བ་འདི་སྔར་ལས་རྣོ་དབལ་ཚ།
འཇིག་རྟེན་མི་ཡུལ་ནས། ང་ཚོ་ནམ་ཡང་ཕམ་མི་ཉན།
དེང་རབས་འཕྲུལ་རིགས་ཀྱི་འཕེལ་ཁ་རྒྱས་དྲགས་སྟབས།
སྐད་ཅིག་མའི་ཡུན་དུ་ངས་ཁྱེད་ཀྱི་སེམས་ཁམས་བསྔོགས་ཀྱང་།
བདག་གི་སེམས་འདུན་གང་བོའི་ཁུགས་སོ་དང་།
བདག་གི་བརྩེ་སེམས་ཀྱི་རླབས་རྒྱུན་འཕྱུར་སའི་མཚོ་ཁ་ན།
གངས་རིའི་རྡུལ་ཕྲན་གྱི་བམ་དང་འགྲོགས་པའི།
སེམས་གཏིང་གི་མེ་ཏོག་ཆུན་པོ་ཁྱེད་ཀྱི།་
བཅོས་མ་མིན་པའི་གཤིས་ཀ་དེ་དང་།
རྫུ་བག་བྲལ་བའི་སེམས་པ་དེ་ཡོད།
འུ་ཅག་གི་མདུན་ལམ་སྔར་བཞིན་ཀྱག་ཀྱོག་ཆེ་ཡང་།
འུ་ཅག་གིས་ལམ་འདི་བརྒྱུད་དགོས་པ་བདག་གི་གྲོས་འདེབས་ཡིན།
ལར་ནས། འུ་ཚོར་རང་རང་གི་འཇིག་རྟེན་ཡོད་ཆོག་ལ་རང་གཅིག་པུའི་བསམ་གཞིགས་ཡོད་ན་འོས།
ཚིག་མང་པོའི་ཕྲེང་ང་སྒྲིག་པ་ཙམ་ལས་ནང་དོན་གསལ་ཆ་གང་ཡང་མི་འདུག་པས་ཁ་གསལ་གོབདེ་འབྲི་རྒྱུ་ནི་གནད་དུ་མཐོང་།
རྩོམ་འདི་རང་མོས་སྙན་ངག་གི་རྣམ་པར་མ་བྱས་པར། ལྷུག་མའི་རྣམ་པར་བྱས་ཡོད་པ་ཡིན་ན། དེར་རིན་ཐང་འདུག ངའི་ལྟ་སྟངས་ལ། གྲོས་འདེབས་འདི་མི་རེ་རེས་རང་ཉིད་ལ་འདོན་དགོས་པ་ཞིག་རེད། ཡིན་ནའང་། གྲོས་འདེབས་འདིའི་རིགས་ཡིན་ན། ངེས་པར་དུ་ཐུན་མོང་གིས་གོ་ཐུབ་པའི་ལུགས་སུ་བྱེད་དགོས་པ་གལ་ཆེན་རེད།་རང་མོས་སྙན་ངག་གི་རྣམ་པར་བྲིས་པ་འདིས། གྲོས་འདེབས་ཀྱི་ངར་ཀ་ཅུང་ཉམས་བཅུག་འདུག