ཨེ་མ་ཧོ།
ན་མོ་གུ་རུ་བཛྲ་ས་ཏྭ་ཡེ།།
ཀྭ་ཡེ་གསོན་དང་ཇོ་མོ་གྲྭ་ལོག་རྣམས།།
ཁ་བཤད་འབེལ་གཏམ་བཟང་ངན་ཅི་རིགས་པ།།
ག་ས་གང་དུ་འུར་གཏམ་སྒྲོག་སྲིད་ཀྱང་།།
ང་ཚོས་རང་ཆོས་མ་ཤོར་ཕ་བཟང་བུ།།
ཅ་ཅོ་ཇི་ལྟར་བྱས་ཀྱང་བྲག་ཅར་རེད།།
ཆ་ལུགས་ཇི་ལྟར་བཟང་ཡང་ཚུལ་འཆོས་རེད།།
ཇ་ལུད་ནང་བཞིན་རང་གིས་རང་ཕུང་ན།།
ཉ་མོ་ལྕགས་ཀྱུས་བཟུང་འདྲའི་ལྟ་སྤྱོད་ལགས།།
ཏ་ཐཱ་ག་ཏའི་བསྟན་པའི་མདོ་སྔགས་དོན།།
ཐ་དག་ཤེས་པའི་ཇོ་གྲྭ་སུ་ཡིན་ཡང་།།
ད་ལྟའི་དུས་རབས་འཚམས་པའི་ཐབས་ཤེས་ལས།།
ན་རཀ་ཁོ་ན་སྒྲུབ་པར་འདོ་ཤོར་ལགས།།
པ་ར་མི་ཏའི་བསམ་སྤྱོད་སྙིང་ལ་འཆང་།།
ཕ་མ་གཉིས་མེད་རྒྱུད་སྡེ་ཉམས་བླངས་ན།།
བ་མོ་ཉི་མས་བཞིལ་བཞིན་སྒྲིབ་སྦྱོང་དང་།།
མ་ལུས་ཚོགས་བསགས་དག་རྫོགས་སྨིན་པར་ལགས།།
ཙ་རེ་ཙོར་རེ་བསྡུས་གྲྭའི་ཚིགས་འཕྲི་དང་།།
ཚ་གྲང་དཀའ་སྤྱོད་ཕྱི་རོལ་མུ་སྟེགས་ལས།།
ཛ་ཡའི་བསྟན་པ་སེམས་འདུལ་མ་དགོངས་ན།།
ཝ་སྐྱེས་སེང་ལྤགས་གྱོན་བཞིན་རྟགས་ཙམ་ལགས།།
ཞྭ་རྩོད་ནང་རུལ་ཁྲག་དྲི་མ་ཡལ་བཞིན།།
ཟ་འོག་གསེར་ཁྲི་རྔམས་པའི་རྐུ་ཁྲམ་ལས།།
འ་ཅག་བསམ་བཟང་གཞན་དོན་དགའ་བདེའི་ཕྱིར།།
ཡ་རབས་ཇོ་གྲྭ་ལོག་ནས་བྱང་སྔགས་ལེགས།།
ར་ལུག་གཡག་གསོད་དགོན་ཆེན་ཕྱུགས་པོ་དང་།།
ལ་རྒྱ་ཟེར་ནས་གསོན་བསྲེག་བྱེད་པ་ལས།།
ཤ་ཁྲག་མི་ལུས་སྦྱིན་པའི་སེམས་དཔའ་ཆེ།།
ས་ཐོབ་སེམས་དཔའི་རྟུལ་ཞུགས་མཛད་ན་ལེགས།།
ཧ་ཅང་ཐལ་བའི་སྒེར་སྤྱོད་རུལ་གསེང་ལས།།
ཨ་ལོག་གྲྭ་ལོག་ཆོས་རིགས་ལེགས་སྤྱོད་ན།།
ཨི་ལྡན་དབྱངས་གསལ་མཁྱེན་པའི་ཕ་མ་ཀུན།།
ཨུ་ཚུགས་མིན་པར་གངས་ཅན་སྲོག་རྩ་ལགས།།
ཨེ་མ་མདོ་སྔགས་དབྱེར་མེད་རྡོ་རྗེ་འཆང་།།
ཨོ་རྒྱན་པདྨ་ཀ་རའི་བསྟན་པ་ཉིད།།
སྙིགས་དུས་མུན་པ་བསལ་བའི་ཉི་ཟླ་དགོས།།
འོད་གསལ་སྙིང་པོ་དམ་པ་རྒྱས་གྱུར་ཅིག།
མདོར་ན་ཡར་ལོག་ཁྱིམ་པ་རབ་བྱུང་དང་།།
རབ་བྱུང་སྔགས་པ་སྔགས་པ་རིག་པ་འཛིན།།
རིག་འཛིན་གྲུབ་ཐོབ་རྒྱལ་བའི་དགོངས་པ་ལ།།
སུམ་ལྡན་རྡོ་རྗེ་འཛིན་པ་ཡོངས་སུ་བསྔགས།།
དེ་མིན་མར་ལོག་སྔགས་པ་རབ་བྱུང་དང་།།
རབ་བྱུང་ཁྱིམ་པ་ཁྱིམ་པ་བདུད་འདྲེ་བཞིན།།
ལས་འབྲས་མེད་པར་ལོག་ལྟ་རུ་ཊའི་རིགས།།
ངན་སོང་དམྱལ་བའི་རྒྱུ་ལས་གཞན་ན་མེད།།
གང་ཞིག་སྔོན་ཆད་བག་མེད་མཆིས་ན་ཡང་།།
རྩལ་ཆེན་གཡང་ལ་ཉམས་ང་མེད་པ་བཞིན།།
ཡར་འགྲོ་ཐར་བའི་སོར་བྱང་སྔགས་ལམ་གྱིས།།
ཚེ་གཅིག་གྲོལ་བའི་མཁས་གྲུབ་གྲངས་ལས་འདས།།
དགེ་བའི་ལམ་དང་བྱམས་པའི་གྲོགས་ལ་འགྲོགས།།
ངེས་འབྱུང་རྩི་དང་བྱང་སེམས་དྲི་བཟང་ཁྱབ།།
གསང་ཆེན་ཕྱག་རྒྱའི་རྟུལ་ཞུགས་མཐར་ཕྱིན་ནས།།
ཡང་གསང་བསྟན་པ་དར་རྒྱས་ཕུན་ཚོགས་ཤོག།
ཅེས་པ་འདི་ཡང་རབ་གནས་མེ་བྱའི་ལྷ་བབས་ཟླ་བའི་གཟའ་ཚེས་དགེ་བར་དྲ་འུར་དང་འདོ་ཤོར་དག་ལ་ཕན་དུ་རེ་ནས་གྲྭ་ཇོ་ལོག་པ་རྣམས་ལ་ཆེད་དུ་ཤྲཱིཿཨེ་མ་ཧོས་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་བགྱིས་པར་དགེའོ།། །།
ཆོས་བརྒྱུད་སྤྱི་འཐུས་དང་ཆོལ་ཁའི་སྤྱི་འཐུས་ཟེར་བ་དེ་གྲོས་ཚོགས་སུ་མེད་ན་བཟང་གི་སྙམ།གལ་སྲིད་ཆོས་བརྒྱུད་ག་གེ་མོའི་ཕྱག་ལས་ཚང་མ་བོད་གཞུང་ཆོས་དོན་ཁང་གིས་འོས་འགན་བཞེས་ཤིང་།མངའ་སྡེའི་སྤྱི་འཐུས་བོད་ཀྱི་སྲོལ་རྒྱུན་ཏུ་ཡོད་བསྡད་པའི་རྫོང་ནང་ཡོང་དགོས།དབུས་ཀྱི་སྤྱི་འཐུས་མངའ་སྡེ་ནང་ཡོང་དགོས་པར་སྙམ།རྫོང་། མངའ་སྡེ་དང་དབུས་ཡིན་པ།ཆོལ་ཁའི་ལྷན་ཚོགས་མི་དགོས།
ཟུར་དུ་ཞུ་སྙིང་འདོད་པ་ཞིག་ལ།༢༠༡༦ལོའི་སྤྱི་འཐུས་ ལྷན་ཚོགས་ནང་སྲིད་སྐྱོང་་བློ་ བཟང་སེང་གེ་དང་མདོ་སྨད་སྤྱི་འཐུས་བློ་བཟང་ཆོས་འབྱོར་གྱི་བོད་ཀྱི་རྫོང་སོགས་ཀྱི་བཤད་ཚུལ་ཆ་ཚང་ ནོར་འཁྲུལ་ཡིན་པ་མ་ཟད། ནོར་འཁྲུལ་ཚབས་ཆེན་རེད།ཁོང་རྣམ་པ་གཉིས་ཀའི་གསུང་གཞིའི་རྫོང་ཁག་དེ་དག་བོད་ཀྱི་་སྲོལ་རྒྱུན་དུ་ཡོད་པའི་རྫོང་ཁག་རྣམས་མ་རེད།རྒྱ་དམར་ཀྲོང་གོའི་གཞུང་གི་ད་ལྟའི་སྲིད་འཛིན་ས་ཁུལ་གྱི་འབྱེད་སྟངས་ཤིག་རེད།
གྲྭ་ཇོ་ལོག་ཀྱང་རང་ཉིད་རྨོངས་མེད་ན། །
ཐབས་ཤེས་མཁོ་བའི་སློབ་གསོ་ཡོད་སོང་ན། །
བསྟན་ལ་ཕན་ཕྱིར་སྐྱ་བོའི་ལམ་ཁ་ནས། །
ཤུགས་བརྒྱབ་ནས་མི་ཚེ་དོན་ལ་སྦྱོར། །
གྲྭ་ལོག་ཇོ་ལོག་ཕྱི་ཡི་རྣམ་འགྱུར་ཙམ།།
ནང་གི་སྡོམ་པ་སུའི་ཤོར་སུ་ཡིས་ཤེས།།
རང་གི་དེ་ཉིད་རང་གིས་མི་ཤེས་པའི།།
ཁ་རྒོད་ཁ་ལྕེ་ཁྭ་ཏའི་བུ་དང་མཚུངས།།
རྐྱང་རྒོད་ཕལ་ཆེར་རྐྱང་ལ་དྲེད་ནས་འདྲོགས།།
རྐྱང་ཞར་མ་ཁྱོད་དོན་མེད་འདྲོགས་པ་མཐོང་།།
གང་ལ་བལྟས་ཀྱང་རང་གི་ངང་ཚུལ་སོགས།།
མ་བརྗོད་རི་མོར་བྲིས་པ་རྟོགས་དཀའ་མིན།།
ཀ་ཁ་ནས་བཟུང་ནང་ཆོས་བར། །
ཁ་ནས་གང་ཐོན་གཞན་ལ་འཆད། །
ག་ས་ག་རུ་སློབ་མ་མང་། །
ང་ཡི་དྲ་གྲོགས་རྫ་ཚེ་བཀྲ། །