དེ་རིང་ཞོགས་པར། བོད་ནང་གི་ཆུ་ཚོད་བཅུ་པ་ཡས་མས་ཙམ་ལ། མདོ་སྨད་རྔ་པ་ཀིརྟི་དགོན་གྱི་གྲྭ་པ་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག ད་ལྟ་རང་གནས་ཚུལ་སྤེལ་གསལ་ལྟར་ན། རང་ལུས་མེར་སྲེག་གིས་ངོ་རྒོལ་བྱེད་མཁན་གྲྭ་པ་དེ་གཉིས་ནི། ཉེ་སྔོན་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱེད་མཁན་གྲྭ་ཕུན་ཚོགས་ལགས་ཀྱི་ཚ་བོ་གྲྭ་བློ་བཟང་སྐལ་བཟང་ལགས་དང་། གྲྭ་པ་གཞན་དེའི་མིང་ལ་བློ་བཟང་དཀོན་མཆོག་ཞུ་ཡི་ཡོད་འདུག་པ་དང་། གྲྭ་བློ་བཟང་སྐལ་བཟང་ལགས་ནི་རང་ལོ་ ༡༤ ཡིན་པ་དང་། གྲྭ་བློ་བཟང་དཀོན་མཆོག་ལགས་ནི་རང་ལོ་ ༡༨ ཡིན་འདུག ལས་འགུལ་སྤེལ་བའི་མུ་དེར། ཁོང་གཉིས་རྒྱ་དམག་གིས་འཁྲིད་འཁྱེར་བྱས་ཡོད་འདུག སྤྱི་འཐུས་ཚོགས་གཞོན་མཆོག་གིས་གནས་ཚུལ་འདི་སྐོར་གྲོས་ཚོགས་སུ་སྙན་སེང་གནང་གསལ་ལྟར་ན། གྲྭ་པ་གཅིག་འདས་གྲོངས་ཕྱིན་པའི་གནས་ཚུལ་ཐོན་འདུག
རྒྱལ་གཅེས་དཔའ་བོ་དགེ་འདུན་པ་གཉིས་ཀྱི་བྱེད་བྱས་ལ་མངོན་པར་བསྟོད་འོས།
འོན་ཀྱང་རྟེན་བཟང་གི་མི་ལུས་འདི་ཉིད་བློས་གཏོང་པ་ནི་ཤིན་ཏུ་ནས་དཀའ་བ་ཞིག་རེད།
ལྷག་པར་དུ་ཁྱེད་རྣམ་གཉིས་དལ་འབྱོར་གྱི་ཡོན་ཏན་བཅོ་བརྒྱད་དང་འཕྲད་པའི་བསྐལ་བཟང་ཞིག་ཤར་ཡོད་པས་དེ་ལྟར་བློས་གཏོང་ཕོད་པ་ནི་ངོ་མ་དཔའ་བོ་རང་རེད།
ཡིན་ནའང། བཙན་བྱོལ་སྤྱི་ཚོགས་ཀྱི་ནང་དུ་མི་ཆུང་བསམ་ཆུང་བ་ཉུང་ཤས་ཤིག་ནས་ཆོས་ལུགས་སྤྱི་འཐུས་མི་དགོས་རབས་དང་ཆོས་བྱེད་མི་སྣས་ཆབ་སྲིད་ཀྱི་ཐེ་ཇུས་བྱེད་པ་མི་ལེགས་ཚུལ་དང། ད་བར་ཆོས་བྱེད་མི་སྣས་ཕན་ལས་གནོད་བྱས་ཚུལ་སོགས་ལུང་པོ་གང་བཤད་ཀྱི་འདུག
འོན་ཀྱང་ད་ལྟའི་བོད་ཀྱི་གནད་སྟངས་ཛ་དྲགས་པའི་སྐབས་སུ་ཆོས་བྱེད་མི་སྣ་དགེ་འདུན་པ་ཚོས་རིན་ཆེན་ལུས་སྲོག་ཡན་ཆད་བོད་མི་རིགས་ཀྱི་དོན་དུ་བློས་གཏོང་ཆེན་པོས་མཆོད་པ་ཕུལ་ཡོད་པས་དེ་ཚོར་མནོ་བསམ་ནམ་ཡང་གཏོང་གི་མི་འདུག་པས་འདི་ནི་བློ་ཕམ་སྐྱེ་གཞི་ཞིག་རེད།
གལ་ཏེ་ཆོས་བྱེད་མི་སྣ་དགེ་འདུན་པ་ཚོས་ཆབ་སྲིད་ཀྱི་གནད་དོན་ལ་བྱུས་གཏོགས་བྱེད་མི་རུང་བ་དང་ཆོས་དང་ཆབ་སྲིད་དབྱེ་བ་ར་དང་ལུག་བཞིན་ཕྱེ་འདོད་པ་ཚོར་དྲི་བ། རང་ལུས་མེར་བསྲེགས་ཀྱི་བློས་གཏོང་བྱེད་མི་དགེ་འདུན་པ་དེ་དག་གིས་བོད་མི་རིགས་ཀྱི་གནད་དོན་ལ་ཕན་པ་བསྒྲུབ་ཡོད་དམ་མེད།
མ་གཞི་ནས་རྒྱལ་གཅེས་དཔའ་བོ་དགེ་འདུན་པ་དེ་དག་ལ་གདུངས་སེམས་མཉམ་བསྐྱེད་འདྲ་བྱེད་ན་ལེགས།
ཨོྂ་མ་ཎི་པདྨེ་ཧཱུྂ།
ཀྱེ་མ་ཀྱེ་ཧུད ཡང་དགེ་འདུན་པ་ལོ་གཞོན་གཞོན་གཉིས་མི་རིགས་འདིའི་ཆེད་དུ་གཤེགས་སོང་། རང་ཉིད་ཀྱི་ཆེས་རྩ་ཆེ་བའི་སྲོག་ཀྱང་འདི་ལྟར་གཏོང་ཕོད་པའི་མི་རིགས་ཀྱི་དཔའ་བོ། འདི་ནི་གཞིས་བཞུགས་སྤུན་ཟླའི་ཚེ་སྲོག་གི་ལེགས་སྐྱེས་ཐ་མ་དེ་ཡིན་པར་སྨོན། གཞིས་སྡོད་བོད་ཀྱི་དཔའ་བོ་དཔའ་མོ་ཚོ། ད་ནས་བཟུང་ཚེ་སྲོག་ལ་གཅེས་སྤྲས་གནང་རོགས། མི་རིགས་འདིའི་ཆེད་དུ། བསྟན་སྲིད་ཀྱི་དོན་དུ། ཁྱེད་ཅག་ངེས་པར་དུ་འཚོ་དགོས། ཁྱེད་ཅག་བདེ་འཚམ་ངང་འཚོ་ཞིང་བཞུགས་ན་མི་རིགས་འདིའི་གཟི་བརྗིད་ཡིན་ལ་ང་ཚོའི་རེ་བའང་ཡིན། དཔའ་བོ་ཚོ། ཁྱེད་ཅག་འདི་ལྟར་མ་བཞུད་རོགས།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།།
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།
འདི་ལྟར་ཚེ་སྲོག་མེ་རུ་སྒྲོན་པ་གོ་དུས་ཨ་ཧོ་ཟེར་ནས་སྐྱོ་གདུང་ཞིག་ངང་གིས་སྐྱེས་ཀྱང་མི་རིགས་ཧྲིལ་བོ་ཞིག་གི་ལས་དབང་བསམ་ན་སྐད་འབོད་ཙམ་དང་སྦྱར་ཡིག་ཙམ་གྱིས་མི་རིགས་འདིའི་བདེ་སྡུག་ཐག་གཅོད་མི་ཐུབ་པའང་ས་རིས་ཐང་གསལ་ཡིན་པས། གང་ལྟར་རང་དབང་གི་འཚོ་བ་དངོས་གནས་དེ་ཤར་བསྐྱོད་དགོས་ན་བློས་གཏོང་རྒྱ་ཆེན་ཞིག་མ་བྱས་བར་དུ་འུ་ཚང་གི་ཁ་གཏད་ལས་སླ་བོ་ཞིག་མིན་པའང་ང་ཚོ་ཚང་མས་ངེས་གསལ་རེད།
གསོན་པའི་ཆེད་དུ་འཆི་བ་ནི་ཆེས་རླབས་ཆེ་བའི་བྱ་བཞག་ཅིག་ཡིན་པས། འདི་ལྟར་འུ་ཚང་གི་གཅེས་ཕྲུག་ཚོའི་ཚེ་སྲོག་རེ་རེ་བཞིན་མེ་རུ་བསྒྲོན་སོང་ཡང་། འུ་ཅག་གིས་ཅི་ཞིག་ནུས་སམ། ཡང་བསྐྱར་ཚོགས་པ་ག་གེ་མོ་ཞིག་གི་སྣེ་ཁྲིད་དེ་མེག་ལོའི་རླངས་འཁོར་འབབ་ཚུགས་ནས་གཙུག་ལག་ཁང་བར་དུ་རྒན་རྒོན་འགས་མར་མེའི་ཁྲོམ་སྐོར་ཞིག་བྱ་རྒྱུ་རེད། དེ་ལས་ཅི་ཡང་ནུས་ནི་མ་རེད། མྱ་ངན་གུས་འདུད་ཅིག་ཀྱང་ཞོར་དུ་ཞུ་འཆར་ཡོད་ངེས། དེ་མིན་ཅི་ཞིག་བྱ། གཅེས་ཕྲུག་ཚོ། ཁྱེད་ཅག་བདེ་བར་ཕེབས་རོགས།
འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་བསྲེགས་བྱེད་དགོས་པ་བྱུང་བ་འདི་ཤིན་དུ་སེམས་སྐྱོ་དགོས་པའི་གནས་སྟངས་རེད། རྒྱའི་སྲིད་འཇུས་དང་སྡུག་གཅོད་འདི་ཚོར་ངོ་རྒོལ་ཡོད།
ཡིན་ནའང་། ང་ཚོ་བོད་པའི་སྲོག་འདི་དང་ལངས་ཚོ་འདི་ཤིན་དུ་རྩ་བ་ཆེ་བས། སྲོག་ལ་གཅེས་སྲུང་བྱེད་དགོས་པ་འདི་ཤིན་དུ་གཙིགས་ཆེ་བས། དགེ་འདུན་པ་གཞན་པ་ཚོར་རང་སྲོག་ལ་གཅེས་འཛིན་གྱིས་ལམ་འདི་ལ་མ་འགྲོ་བར་རེ་བ་ཡོད།
འཐབ་གྲོགས་ཚོ། ད་བཤད་ནས་སྡོད་པའི་དུས་རེད་མི་འདུག ཡར་ལངས་རན་འདུག འབྲུག་སྒྲ་ལྡིར་བ་ཅི་བཞིན་ཕྱོགས་གང་སར་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་རྒྱ་མིའི་གཞུང་ཚབ་ཡོད་ཚད་ཀྱི་མདུན་ནས་གནམ་ས་འགུལ་བའི་སྐད་འབོད་བྱེད་རན་འདུག པེ་ཅིན་གཞུང་དེ་ཚབ་བི་ཚུབ་བི་ཤིག་བཟོ་དགོས་འདུག གོ་སྐབས་ཡག་པོ་འདི་དག་འཐུས་ཤོར་དུ་མི་འགྲོ་བར་བྱེད་རྒྱུ་འདི་ཤིན་ཏུ་ནས་གལ་ཆེ། བོད་རྒྱལ་ལོ།།