བོད་ཀྱི་དུས་བབ་ནས་དྲངས།
གནས་ཚུལ་ཐོན་པར་དེ་རིང་སྔ་དྲོར་བོད་ནང་གི་ཁམས་རྟའུ་ཉ་མཚོ་དགོན་པའི་གྲྭ་སྐལ་བཟང་ཡེ་ཤེས་ཞུ་བ་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག
ད་ལྟ་རང་འདི་ག་གསར་ཁང་གི་གློག་འཕྲིན་ནང་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་སྔ་དྲོའི་བོད་ནང་གི་ཆུ་ཚོད་༡༡།༢༠ ཙམ་ལ་ཁམས་དཀར་མཛེས་རྟའུ་ཉ་མཚོ་དགོན་པའི་གྲྭ་སྐལ་བཟང་ཡེ་ཤེས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ། ༧གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པའི་འབོད་ཚིག་སྒྲོག་བཞིན་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག
དེ་རིང་ཕྱི་དྲོར་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུའང་གོང་གསལ་གནས་ཚུལ་དང་པར་ཁག་ཅིག་བརྒྱུད་འགོད་བྱེད་བཞིན་འདུག་ཀྱང་། ད་སྔ་ཁོང་གི་ལོ་དང་ནང་མིའི་གནས་ཚུལ། རང་ལུས་མེར་བསྲེགས་རྗེས་གནས་ཚུལ་ཅི་བྱུང་སོགས་ཞིབ་ཕྲ་གང་ཡང་རག་ཐུབ་མ་སོང་བས་གནས་ཚུལ་ཐོན་རིམ་བཞིན་ཇེ་གསལ་དུ་གཏོང་ངེས་ཡིན།
གནས་ཚུལ་ཐོན་རིམ་གཉིས་པ། དེ་རིང་རང་ལུས་མེར་བསྲེགས་གནང་མཁན་གྲྭ་སྐལ་བཟང་ཡེ་ཤེས་ལགས་ཀྱིས་རྟའུ་ཉ་མཚོ་དགོན་པའི་རྒྱ་གཞུང་གི་ལྟ་སྲུང་ཉེན་རྟོག་ལས་ཁུངས་སྒོ་འགྲམ་དུ། “༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་བོད་ནང་གདན་འདྲེན་ཞུ་དགོས། བོད་མི་རིགས་ལ་རང་དབང་སྤྲོད་དགོས།” ཞེས་སྐད་འབོད་གནང་བཞིན་སྐུ་ལུས་མེར་བསྲེགས་གནང་ཡོད་འདུག
ཅུང་ཙམ་རྗེས་རྒྱ་གཞུང་ཉེན་རྟོག་པ་འབྱོར་ཏེ་ཁོང་གི་སྐུ་ཕུང་རྟའུ་རྫོང་ཉེན་རྟོག་ལས་ཁུངས་སུ་བཙན་འཁྱེར་བྱས་ཡོད་འདུག ས་གནས་མང་ཚོགས་ཕོན་ཆེན་པོ་འདུ་འཛོམས་བྱས་ཏེ། སྐལ་བཟང་ཡེ་ཤེས་ལགས་ཀྱི་སྐུ་ཕུང་ཕྱིར་མང་ཚོགས་ལ་སྤྲོད་དགོས་པ་དང་། ཁོང་སྐུ་གྲོངས་ཟིན་ཡོད་སྟབས་བོད་ལུགས་དགོན་པའི་འགྲོ་སྟངས་ལྟར་འདས་པོར་ཆོས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག
གྲྭ་སྐལ་བཟང་ཡེ་ཤེས་ལགས་སྔོན་ཆད་རྒྱ་གར་ནང་ཕེབས་ཏེ་ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་སློབ་གཉེར་གནང་ཡོད་པ་དང་། རྗེས་སུ་ཕྱིར་བོད་ནང་ལོག་རྗེས་དགོན་པའི་གྲྭ་བ་ཆུང་ཆུང་ཚོ་དང་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་རིག་གནས་འཆད་སྤེལ་སོགས་ཀྱི་ཕྱག་ལས་གནང་བཞིན་ཡོད་འདུག ཁོང་གི་འཁྲུངས་ཡུལ་རྟའུ་ཐེ་ཝ་ཡུལ་ཚོའི་གྲོང་པ་ཡིན་པ་དང་། ཁོང་ད་ལྟ་རང་ལོ་ ༢༧ ཡིན་ཞིང་ཕ་མིང་ལ་བྱམས་པ་དང་མ་མིང་ལ་རྡོ་རྗེ་ཞུ་བཞིན་ཡོད་འདུག
མི་ལུས་རིན་ཆེན་གསེར་ལས་དཀོན་།
དལ་འབྱོར་ཐོབ་པ་ད་རེ་ཙམ་།
རང་བསྲེགས་བྱ་བ་རླབས་ཆེན་འདི་།
དམིགས་ཡུལ་འགྲུབ་པ་སྦྱིན་གྱི་རློབས་།
ད་ནས་བཟུང་ཏེ་རང་བསྲེགས་བསྡུ་།
བོད་ཡུལ་བདེ་སྐྱིད་འཚོ་བ་ཤོག་།
མི་ནད་ཕྱུགས་ནད་མེད་པ་ཤོག་།
རྒྱལ་ཁམས་ཞི་བདེ་གནས་པ་ཤོག་།
འགྲོ་ཀུན་སངས་རྒྱས་ས་ལ་འགོད་།
བུད་སོང་།
དཔའ་བོ་རྣམས་བུད་སོང་། དཔའ་མོ་རྣམས་བུད་སོང་།
སྐྲ་འདབས་དཀར་བའི་ཕ་མ་རྒན་རྒོན་རྣམས་བཞག་ནས་བུད་སོང་།
འོ་དྲི་མ་ཡལ་བའི་ཕྲུ་གུ་ཆུང་ཆུང་རྣམས་བཞག་ནས་བུད་སོང་།
སྙིང་ནས་བརྩེ་བའི་བཟའ་ཟླ་ན་གཞོན་རྣམས་བཞག་ནས་བུད་སོང་།
ད་དུང་། ཤ་ཁྲག་ཅིག་པའི་སྤུན་ཟླ་ས་ཡ་དྲུག་བཞག་ནས་བུད་སོང་།
ཁོང་ཚོ་ཅིའི་ཕྱིར་བུད་སོང་།
ང་ཚུད་པའི་ས་ཡ་དྲུག་པོའི་རང་དབང་གི་ཆེད་དུ་བུད་སོང་།
ཁྱོད་ཚུད་པའི་གདོང་དམར་བོད་པའི་བདེ་སྐྱིད་ཀྱི་ཆེད་དུ་བུད་སོང་།
རྩ་ཆེ་བའི་སྐད་དང་རིག་གཞུང་འདི་སྲུང་སྐྱོབ་ཀྱི་ཆེད་དུ་བུད་སོང་།
ཟླ་མེད་པའི་ཞི་བདེའི་དེད་དཔོན་ཁོང་གདན་འདྲེན་གྱི་ཆེད་དུ་བུད་སོང་།
ཁོང་ཚོ་ཇི་ལྟར་བུད་སོང་།
བཙན་པོའི་སྙིང་སྟོབས་ལ་རྒྱང་ལྟ་བྱེད་བཞིན་བུད་སོང་།
སྤུན་ཟླའི་བདེ་སྡུག་ལ་ཕྱིར་མིག་འཕེན་བཞིན་བུད་སོང།
འཛམ་གླིང་ཟིན་དེབ་ལ་ཟིན་ཐོ་འགོད་བཞིན་བུད་སོང་།
དགྲ་བོའི་ངོ་གདོང་ལ་ཐལ་བ་གཏོར་བཞིན་བུད་སོང་།
འོན་ཀྱང་།
ང་དང་ང་ལྟ་བུ་དག་གིས་ནི་མཆོད་མེ་ཀོང་བུ་གང་སོར་རྩེར་སྟེགས་ནས།
མ་ཎི་ཡིག་དྲུག་གི་དབྱངས་རྟ་དང་ལྷན་དུ།
མིག་མཐའ་མཆི་མ་ཤར་རེ་སྐྱེལ་མ་ཞིག་བྱེད་རྒྱུ་ལས་ཅི་ཡང་མ་འཇོན་མོད།
ཁྱེད་ཚོའི་བཀའ་དྲིན་ནམ་ཡང་མི་བརྗེད་པའི་སྙིང་ལ་རི་མོ་ཞིག་བཀོད་ཡོད།
དཔའ་བོ་དཔའ་མོ་ཚོ། ཁྱེེ་ཚོ་བདེ་བར་གཟིམས་རོག
ད།
རང་ལུས་མེར་སྲེག་མ་གཏོང་།།
གཞན་ལུས་གནོད་པ་མ་བསྐྱལ།།
རང་ཉིད་འཚོ་བཞུགས་ཐོག་ནས།།
གཞན་གྱི་དབང་ལས་རྒྱལ་དགོས།།
བོད་པས་བོད་མིའི་སྲོག་སྐྱོབས་དགོས།།
བོད་པས་རྒྱ་མིར་གནོད་མ་བསྐྱལ།།
རང་ས་རང་གིས་བཟུང་བའི་ཐོག།
རང་ཐག་རང་གཅོད་ལ་བརྩོན་དགོས།།
དེ་རིང་ནས་བཟུང་།
རང་ལུས་མ་སྲེག
གཞན་ལུས་མ་སྲེག
རང་སེམས་མ་སྲེག
གཞན་སེམས་མ་སྲེག
རང་སྲོག་མ་དོར།