དོན་འགྲུབ་བཀྲ་ཤིས།
དཀར་མཛེས་རྫོང་ཁོངས་ནས་ཡིན་པའི་དགེ་འདུན་པ་བསྟན་དགའ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་འདུག
ཟླ་འདིའི་ཚེས་ ༢༦ ཉིན་དཀར་མཛེས་རྫོང་ཐོག་ཏུ། མཚན་ལ་བསྟན་དགའ་ཞུ་བའི་དགེ་འདུན་པ་ཞིག་གིས་རྒྱ་ནག་གཞུང་གི་བཙན་གནོན་ལ་ངོ་རྒོལ་གྱིས་རང་ལས་མེ་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག
བཙན་བྱོལ་ནང་ཡོད་པའི་མིང་བརྗོད་འདོད་མེད་པའི་བསྟན་དགའ་ལགས་ཀྱི་ཕ་ཡུལ་གཅིག་པ་ཞིག་གིས་འདི་གའི་གསར་འགོད་པར། བསྟན་དགའ་ལགས་ཀྱིས་སྐུ་ལས་མེ་བསྲེགས་གནང་སྟེ་རང་དབང་དགོས་ཞེས་སྐད་འབོད་གནང་ཡོད་པ་དང་། ཅུང་ཙམ་ལས་མ་འགོར་བར་ཉེན་རྟོག་པ་དང་དམག་མི་བསླེབས་ཏེ། ཁོང་གི་སྐུ་ཕུང་བཙན་འཁྱེར་བྱས་ཡོད་པ་མ་ཟད། ས་གནས་སུ་དམག་མི་མང་པོ་འགྲེམས་འཇོག་གིས་ལྟ་ཞིབ་དང་དམ་དྲག་མགོ་བཙུགས་ཡོད་འདུག
ད་ལྟའི་ཆར་མདའ་མདོ་གྲོང་ཚོའི་ནང་ཡོད་པའི་ཁོང་གི་ཁྱིམ་མི་བཅས་དམག་གི་ལྟ་སྲུང་འོག་བཞག་སྟེ་ས་གནས་ཡོངས་སུ་དམ་དྲག་ཆེ་བའི་རྐྱེན་གྱིས། ཁོང་གི་སྐུ་ཕུང་ཁྱིམ་མིར་རྩིས་སྤྲད་ཡོད་མེད་དང་ཁོང་གི་ཁྱིམ་མིའི་གནས་སྟངས་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
བསྟན་དགའ་ལགས་དགུང་ལོ་ ༦༣ ཡིན་ཞིང་། ཕ་ཡུལ་དཀར་མཛེས་རྫོང་མདའ་མདོ་གྲོང་ཚོ་ནས་ཡིན་པ་དང་། ཁོང་ཆུང་བའི་དུས་ནས་ཕ་མ་གཉིས་འདས་གྲོངས་སུ་བྱིན་ཡོད་པ་དང་། ཁོང་ལ་མིང་སྲིང་བཞི་ཡོད་པའི་ནང་ནས་སྤུན་མཆེད་གཅིག་ཨ་རིར་ཡོད་པ་དང་། གཉིས་ལྷ་སར་ཡོད་འདུག
ཁོང་ནམ་རྒྱུན་མདའ་མདོ་གྲོང་ཚོའི་ནང་ཞབས་བརྟན་སོགས་སུ་ཕེབས་ཀྱི་ཡོད་པ་དང་། དེ་སྔོན་ཁོང་གིས་དཀར་མཛེས་དགོན་གྱི་ནང་ལོ་མང་སློབ་གཉེར་གནང་ཡོད་པ་དང་། ཁོང་ལ་དགེ་ཕྲུག་ཀྱང་མང་པོ་ཡོད་འདུག ཕྱི་ལོ་ ༢༠༠༥ ལོར་ཁོང་ཨ་མཱར་ཝཱ་དྷིའི་(AMVAR WATH)དུས་འཁོར་དབང་ཆེན་ལ་ཡོང་ཡོད་འདུག
རྒྱ་གར་ལྷོ་ཕྱོགས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།
མྱ་ངན་གུས་དུད་ཞུ།།
སྲིད་སྐྱོང་སེང་གེ་བརྫུན་མའི་མིང་འོག་ནས།།
གད་རྒྱངས་ཁ་ཕོ་ཆེན་པོས་གོ་གནས་བརྩད།
མཇུག་འབྲས་འདི་ཡོང་རྨི་ལམ་ལ་ཡང་མེད།
རྨོངས་རྒན་ང་འདྲ་ང་རྣམས་སྙིང་རེ་རྗེ།།
ཧམ་པ་ཁྲམ་པའི་ཁ་ཕོ་མ་ཡོད་ན།
ནང་ནས་རྒྱལ་ཞེན་ཅན་ཚོ་སྲེག་མི་སྲིད།
ཕྱི་ནས་ཆོལ་ཞེན་གཙོ་བོར་རྩི་མི་དཔེ།།
ཡོད་ཚད་ཕོང་རྒན་འདི་ལ་ཤ་འདར་གྱི།
རང་གནས་བདེ་མོ་རང་དོན་ཁུག་མའི་དཔོན།
ད་ནས་ཕན་ལ་ག་རེ་བྱེད་རྩིས་ཡོད།
གོ་ས་གཞན་ལ་ཕུལ་ན་ག་འདྲ་འདུག།
ཤི་གསོན་བདེ་རུ་བཅུག་ན་ག་འདྲ་འདུག།