ཕྱི་ལོ་༢༠༡༣ ཟླ༣ ཚེས་༡༢ ཉིན་གནས་ཚུལ་འབྱོར་གསལ་ལ་ཕྱི་ལོ་༢༠༡༣ ཟླ་༣ ཚེས་༩ ཉིན་གྱི་མཚན་མོའི་བོད་ནང་གི་དུས་ཚོད་༡༢ ཙམ་ལ་རྔ་པ་ཀིརྟི་དགོན་གྱི་གྲྭ་ཚེ་དཔག་ལགས་དགོན་པའི་ཤར་ཕྱོགས་ཀྱི་ཉེ་འཁྲིས་སུ་ཡོད་པའི་གྲོང་བའི་ནང་སྲིང་མོ་ནད་པ་ཞིག་ཡོད་པ་དེར་ནད་གཡོག་བྱས་ནས་ཡོད་སྐབས་རྒྱ་གཞུང་གི་ཉེན་རྟོག་མི་སྣས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག འོན་ཀྱང་ད་བར་ནང་མི་ཉེ་འབྲེལ་སོགས་ཀྱིས་ཁོང་ལ་ཉེས་འཛུགས་ག་རེ་བྱེད་བཞིན་ཡོད་མེད་དང་གར་ཡོད་གར་ཁྲིད་ཀྱི་གནས་ཚུལ་གཅིག་ཀྱང་ཤེས་རྟོགས་ཐུབ་མི་འདུག
གྲྭ་ཚེ་དཔག་ནི་རང་ལོ་༢༩ ། ཕ་མིང་ལ་དོན་འགྲུབ། (གྲོངས་ཟིན)མ་མིང་ལ་དོན་དེ་ཟེར། ཁོང་ནི་ཆུང་དུས་ནས་རྔ་པ་ཀིརྟི་དགོན་གྱི་ཆོས་སྒོར་ཞུགས་ནས་ད་སྐབས་དབུ་མ་ལོ་རིམ་གསུམ་པའི་འཛིན་གྲྭར་སླེབས་ཡོད་འདུག དེ་སྔོན་ཁོང་པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོར་ཟུར་སྦྱོང་བྱས་ནས་ཡོད་སྐབས་སྟེ་ཕྱི་ལོ་༢༠༡༡ ་ལོའི་ཟླ་༣ ་ཚེས་༢༥ ་ཉིན་གྱི་དགོང་མོའི་དུས་ཚོད་༦ ་པ་ཙམ་ལ་པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོའི་ནང་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་ཅིང༌། འཛིན་བཟུང་གིས་ཟླ་ཁ་ཤས་རིང་བཀག་ཉར་བྱས་ཡོད་མོད་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་སོགས་སྐབས་དེར་གསལ་བོ་ཆགས་མེད་ཅིང། རྗེས་སུ་ཤེས་རྟོགས་བྱུང་བར་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་པ་ཞིག་ཡིན་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་དང་བློ་བཟང་ཡེ་ཤེས་གཉིས་ཀྱིས། ཕྱི་ལོ་༢༠༡༣ ཟླ་༣ ཚེས་༡༢ ལ།
ཚེ་དཔག་ལགས་ཁྱེད་ནི་ཁ་བ་གང་ཅན་པའི་དྲན་དབང་ཞིག་རེད་ལ། ཉིན་ཞིག་ང་ཚོ་རྒྱ་རོའི་འོག་ནས་རང་དབང་ཞིག་རག་པའི་སྐབས། ཁྱེད་ལ་གསེར་གྱི་ཁང་ཆུང་ཞིག་འབུལ་ཆོག་།