དུས་བབ་ཀྱི་གསར་འགྱུར་ལས་བཤུས།
འཇིགས་མེད་རྒྱ་མཚོའམ་མགོ་ལོག་འཇིགས་མེད་ལགས་ཕྱི་ཚེས་ ༡༥ ཉིན་ཀ་ཆུའི་བཙོནཁང་ནས་གློད་དེ་ད་ཆར་ཕྱིར་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པར་ཕེབས་ཡོད་པ་རེད།
ཁུངས་ལྡན་གནས་ཚུལ་ལྟར་ན། རང་ལོ་ ༣༩ ལ་ཕེབས་པའི་མགོ་ལོག་འཇིགས་མེད་ད་ལོར་ཁོང་གི་ཕྱག་རོགས་གློར་བརྙན་པར་ལེན་པ་དོན་འགྲུབ་དབང་ཆེན་གཉིས་ལོ་འདིའི་ཕྱི་ཟླ་ ༣ པའི་འཛིན་བཟུང་བྱས་ཡོད་ལ། ཉིན་ཤས་སྔོན་འཇིགས་མེད་རྒྱ་མཚོ་ལགས་གློད་འདུག་ལ། བོད་ནང་གི་གནས་ཚུལ་འབྱུང་ཁུངས་ཀྱིས་གྲྭ་འཇིགས་མེད་རྒྱ་མཚོ་ལགས་ཀྱི་ཉེས་པ་དག་ནས་གློད་ཡོད་མེད་ཤེས་རྟོགས་ཐུབ་མེད་ཀྱང་། རྒྱ་ནག་གི་དཔོན་རིགས་ཚོས་ཁོང་ལ་གཟབ་ནན་གྱིས་ལྟ་རྟོགས་བྱེད་རྒྱུ་ཡིན་ཚུལ་དང་། ལོ་གཅིག་གི་རིང་ཆོག་མཆན་མེད་པར་འགྲོ་འདུག་གི་རང་དབང་མེད་སྐོར་བརྗོད་ཡོད་འདུག
འཇིགས་མེད་རྒྱ་མཚོ་ལགས་ནས་གནས་ཚུལ་ཡོང་ཁུངས་ལ་བཤད་པ་ལྟར་ན། ཕྱི་ཟླ་ ༣ པའི་ནང་འཇུས་རྗེས་ཁོང་ལ་ཐེངས་འགར་མནར་གཅོད་བཏང་ཡོད་པ་དང་། འདྲི་རྩད་པ་དག་གིས་ཁོང་གི་རྐང་པ་གཉིས་བསྡམ་ནས་གནམ་ལ་བཏེགས་ཏེ་ཆུ་ཚོད་ཁ་ཤས་རིང་འཇོག་པ་དང་། འདྲི་བརྩད་བྱེད་སའི་རྐུབ་སྟེང་བསྡམས་ནས་ཉིན་ཤས་རིང་བཞག་ཚུལ་དང་། ཁོང་ལ་ཉེས་རྡུང་བཏང་བའི་དབང་གིས་ཐེངས་འགའ་ཤས་ལ་དྲན་པ་བརྒྱལ་ཚུལ་བཅས་འགྲེལ་བརྗོད་གནང་ཡོད་འདུག འོན་ཀྱང་། ཕྱི་ཟླ་ ༤ པའི་ནང་གི་སི་ཁྲོན་ས་ཡོམ་བརྒྱབས་པའི་རྗེས་ནས་ཉེས་རྡུང་མཚམས་འཇོག་བྱས་པ་དང་། ཕྱི་ཟླ་ ༨ པའི་ཚེས་ ༡༡ གི་རྗེས་ནས་ཡར་རྒྱས་བྱུང་ཚུལ་ཡང་བརྗོད་ཡོད་པ་རེད།
ཕྱི་ཚེས་ ༡༥ ཉིན་ཁོང་ཕྱིར་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པར་ཕེབས་སྐབས་དགོན་པའི་དགེ་འདུན་པ་དང་མང་ཚོགས་བཅས་ནས་ཁོང་ལ་ཕེབས་བསུ་དང་ཁོང་ཉིད་ནས་འཇིགས་བྲལ་ཅེས་པའི་གློག་བརྙན་དེ་བཟོས་པར་རྗེས་སུ་ཡི་རངས་ཞུལ་ཚུལ་སོགས་གནས་ཚུལ་ཡོང་ཁུངས་ནས་བརྗོད་ཡོད་པ་རེད།
དོན་འགྲུབ་དབང་ཆེན་ལགས་མུ་མཐུད་དུ་བཙོན་ཁང་ནས་བཅུག་ཡོད་པ་དང་། ཁོང་ལ་ཁྲིམས་ཐག་ཅི་བཅད་ཀྱི་སྐོར་ཤེས་རྟོགས་ཐུབ་མེད་པ་རེད།
གྲྭ་འཇིགས་མེད་རྒྱ་མཚོ་གློད་གྲོལ་སྐབས་སུ་བླ་བྲང་དགོན་པའི་དགེ་འདུན་པ་བསྟན་འཛིན་ཀློ་ཤོད་ཞུ་བ་ཞིག་ཀྱང་ཀ་ཆུ་བཙོན་ཁང་ནས་གློད་ཡོད་འདུག འོན་ཀྱང་ཁོང་ཉིད་འཇུས་དོན་ནི་འཇིགས་བྲལ་ཅེས་པའི་གློད་བརྙན་དེར་འབྲེལ་བ་ཡོད་མི་འདུག
འཇིགས་མེད་འདི་བ་རང་སྲོག་བློས་བཏང་ནས་བོད་མིའི་མངོན་འདོད་ལ་བསམ་མཁན་གྲངས་ཀྱི་གཅིག་རེད། ཁོང་བཙོན་གྲོལ་ཐོབ་པ་ནི་དགའ་དགོས་པའི་གཏམ་བཟང་རེད། ཁོང་རྣམ་པའི་བསམ་དོན་ལྷུན་གྱིས་འགྲུབ་པར་ཤོག