རྗོར་རྗི་ ཨོར་ཝེལ།
རྩམ་པ་རྒྱལ་གྱིས་བསྒྱུར།
འབར་མའི་སྨད་ཕྱོགས་ མོལ་མེན་ དུ། ངའི་སྟེང་ལ་སྙིང་ནད་ཡོད་མཁན་གྱི་མི་ཧ་ཅང་མང་པོ་རེད། ངའི་མི་ཚེ་འདིར། ང་རང་དེ་ལྟའི་ཁོང་ཁྲོ་ལངས་རིན་ཡོད་ས་གལ་ཆེན་ཞིག་ཏུ་གྱུར་བའི་དུས་སྐབས་གཅིག་པུ་དེ་རེད། ང་གྲོང་རྡལ་དེའི་ཉེན་རྟོག་ལས་ཁུངས་ཀྱི་མགོ་བ་ཡིན། དམིགས་ཡུལ་དང་ཉེན་ཁ་ཆེན་པོ་མེད་རུང་། དེ་རུ་ཡུ་རོབ་པ་ཚོར་སྡང་བའི་སེམས་ཚོར་ནི་ཧ་ཅང་གནག་པོ་རེད། མི་སུ་ལའང་ངོ་ལོག་གི་རུ་སྣ་འདྲེན་རྒྱུའི་བློ་ཁོག་མེད་ཀྱང་། ཡུ་རོབ་པ་བུད་མེད་ཅིག་ཁྲོམ་དེ་རུ་ཁེར་མོ་འགྲོ་གིན་ཡོད་ཚེ་ཕལ་ཆེར་མི་ཞིག་གིས་མོའི་གྱོན་གོས་ཀྱི་སྟེང་ལ་ཁ་མུར་ལོ་མའི་[1]མཆིལ་མ་གཡུག་ཡོད། ཉེན་རྟོག་ལས་བྱེད་ཅིག་ཡིན་པའི་ཆ་ནས་ང་ནི་དམིགས་འབེན་གསལ་ཤོས་ཤིག་ཡིན། ག་དུས་སྟབས་བདེ་ན་དེ་དུས་ཐུབ་ཚོད་དང་ཁྱད་གསོད་བྱེད་པ་ནི་རྒྱུན་ལྡན་རེད། རྐང་རྩེད་སྤོ་ལོའི་ཐང་དེ་རུ་རྩེད་འགྲན་དཔང་མི་དེ་ཁ་ཕར་འཁོར་ནས་ཡོད་སྐབས་ (ཁོའང་འབར་མ་ཞིག་ཡིན།) འབར་མའི་རྐང་སྤོལ་རྩེས་མཁན་འཁྱུག་རྩལ་ཅན་ཞིག་གིས་རྩེད་ཐང་གི་སྣེ་གཞན་པ་དེ་ནས་ང་ཉྭ་དཀྲིས་ལ་བླངས་ནས་རྫོག་པ་དང་། ལྟད་མོ་ལྟ་མཁན་དག་གིས་རྒྱལ་ཁའི་ཀི་ལྡིར་བྱེད་ཡོང་། འདི་ནི་ཐེངས་གཅིག་ལ་བྱུང་བ་མ་རེད། མཐའ་མ་དེར་ང་ཅུང་བདེ་འཇགས་ཀྱི་སར་འབྱོར་སྐབས། ང་ག་ས་གང་ནས་འཕྲད་མྱོང་མཁན་གཞོན་སྐྱེས་་་་ངོ་སྐྱི་སེར་པོ་དང་ཁ་སྣ་གཉེར་མཁན་དེ་ཚོས་ངའི་གཞུག་ན་མཐོང་ཆུང་དང་ཚིག་རྩུབ་ཀྱི་ཀི་ལྡིར་ཆིལ་ལེར་བྱེད་ཅིང་། ང་ཡང་ཕྱིར་ཁོང་ཁྲོས་འཚིག་པར་བྱེད་ཀྱིན་ཡོད། ནང་པའི་བན་ཕྲུག་ཚོ་ནི་སྡུག་ཤོས་དག་རེད། གྲོང་རྡལ་དེ་ན་བན་ཕྲུག་དེ་ལྟ་བུ་སྟོང་ཕྲག་འགའ་ཤས་ཡོད་ཅིང་། ཁོང་ཚོའི་སུ་ལ་ཡང་སྲང་མདོ་དེ་རུ་ལངས་ཏེ་ཡུ་རོབ་པ་ཚོར་འཕྱ་ལད་རྒྱག་རྒྱུ་མ་གཏོགས་ལས་ཀ་གཞན་ཅི་ཡང་མེད་པ་ལྟར་ཡིན།
འདི་དག་ཚང་མ་ནི་མགོ་རྙོག་དང་ཞེ་འགྲས་རེད། སྐབས་དེ་དུས་ཤིག་ལ། ངས་ནི་བཙན་རྒྱལ་རིང་ལུགས་ནི་ལས་མ་རུང་བ་ཞིག་ཡིན་པ་དང་། རང་གི་ལས་ཀ་གཡུག་སྟེ་རེམ་པར་རྡོག་ཐོན་ན་རབ་ཡིན་པའི་བློ་ཐག་སྔ་ས་ནས་བཅད། རིགས་པའི་གཞུང་ལུགས་ལྟར་ན། ང་ནི་ལྐོག་ནས་འབར་མ་བ་ཚོའི་ཕྱོགས་གཅིག་པོ་ཡིན་ལ། ཁོང་ཚོར་བཙིར་གནོན་བྱེད་མཁན་དབྱིན་ཇི་བ་ཚོར་མཐའ་གཅིག་ཏུ་རྒོལ་མཁན་ཡིན། ངའི་ལས་ཀའི་ཐད་ནས་བཤད་ན། ང་ནི་དེ་ལ་ཚིག་གིས་མཚོན་ཐུབ་པ་ལས་ལྷག་པའི་ཞེན་ཁ་ཞིག་ལོག་གི། ལས་ཀ་འདི་འདྲ་ཞིག་ལ་འཇུ་སྐབས་ཁྱོད་ཀྱིས་བཙན་རྒྱལ་རིང་ལུགས་པའི་སྐྱུགས་བྲོ་བའི་ལས་ཀ་དེ་ཚོ་ཁ་ལག་པ་གཉིས་ཀའི་བར་ནས་མཐོང་ཐུབ། བཙོན་པ་ཉམ་ཐག་རྣམས་སྡེབ་གཅིག་ཏུ་རུལ་དྲི་འཐིལ་བའི་མུག་ཁང་དག་ནང་དུ་བརྫངས་ཏེ་བཅུག་ཡོད། ལོ་མང་གི་ཁྲིམས་ཆད་ཁུར་ཞིང་ཡི་མུག་གི་ངོ་གདོང་སྐྱ་ཐག་ཏུ་ཆོད་པ་དེ་དག སྨྱུག་ཕྲན་གྱིས་བྲབ་སྟེ་རྐུབ་ཤ་གཙབ་རལ་ཏུ་བཏང་བ་དེ་ཚོ། འདི་དག་གིས་ང་ལ་བཟོད་མི་ཐུབ་པའི་ནག་ཉེས་ཀྱི་ཚོར་བ་ཞིག་དང་མཉམ་དུ་མནར་གཅོད་རབ་དང་རིམ་དུ་བྱས། ཡིན་ནའང་ངའི་ལྟ་ཚུལ་གྱིས་ཅི་གང་ཕན་ཐོགས་པ་མི་འདུག ང་རང་ལོ་ན་གཞོན་ཁར། སློབ་གསོ་ཡང་ཐེབ་ཆག་ཅིག་ལས་རག་མེད། ཤར་ཕྱོགས་སུ་ཡོད་པའི་དབྱིན་ཇི་བ་རེ་རེར་འགན་དཀྲིས་ཡོད་པ་དེ་ལྟར་དུ། ངས་ཀྱང་ཕྱི་ཚུལ་གྱི་ལྷིང་འཇགས་གཙོར་བཟུང་སྟེ་རང་གི་དཀའ་ངལ་དེའི་རིགས་ལ་གཟབ་ནན་བྱ་དགོས་གི། ངས་ནི་དབྱིན་ཇིའི་བཙན་རྒྱལ་རིང་ལུགས་འདི་ཉམ་དམས་སུ་འགྲོ་བཞིན་པ་ཤེས་ཀྱིན་མེད་ལ། བཙན་རྒྱལ་རིང་ལུགས་གསར་པ་དག་གི་མགོ་སྐོར་ལས་འདིའང་ཧ་ཅང་གི་ལེགས་ཙམ་ཡོད་པ་དེ་བས་ཀྱང་ཤེས་ཀྱིན་མེད། ངས་གང་ཤེས་པ་ནི། རང་གིས་ཞབས་ཞུ་སྒྲུབ་སའི་བཙན་རྒྱལ་རིང་ལུགས་པ་དེར་བཟུང་བའི་འཁོན་འཛིན་དང་། རང་གི་བྱ་བ་རྦད་དེ་ཁག་པོར་བཟོ་མཁན་གདུག་ཅན་བྱོལ་སོང་འདི་དག་ལ་ལངས་པའི་ཁོང་ཁྲོའི་བར་ན་རང་ཉིད་གཅིག་པུ་འབར་བཞིན་དུ་ལྷག་ཡོད་པ་དེ་རེད། ངའི་བསམ་བློའི་ཆ་གཅིག་ཏུ། ངས་དབྱིན་ཇིའི་གཞུང་འདི་ནི་ནམ་ཞར་གང་དུའང་སྒུལ་དུ་མེད་ཅིང་། ཟུངས་ཟད་པའི་མི་རིགས་འདི་དག་གི་མགོ་ལ་བསྐལ་བའི་བར་དུ་ལྕགས་ཀྱི་གཟེར་བརྒྱབ་པ་ལྟར་དུ་ཟུག་བསྡད་པར་སྙམ་ལ། ཆ་གཞན་ཞིག་ཏུ། མི་ཡུལ་འདི་ནས་སྤྲོ་སྣང་ཆེས་ཆེ་ཤོས་ནི་མེ་མདའི་རྩེ་གྲི་དེ་ནང་པའི་བླ་མ་ཞིག་གི་རྒྱུ་མའི་ལྟེབ་ཁུག་ལ་ཤེད་ཀྱིས་བསྣུན་རྒྱུ་དེ་ཡིན་པར་འདོད། བཙན་རྒྱལ་རིང་ལུགས་པས་སྐྱེད་སྲིང་བྱས་པ་ཞིག་ལ་མཚོན་ན་ཚོར་སྣང་འདིའི་རིགས་ནི་རྒྱུན་ལྡན་རེད། གལ་སྲིད་ཁྱོད་རང་ལས་གནས་ན་མེད་མཁན་རྒྱ་གར་དབྱིན་གཞུང་གི་ལས་བྱེད་ཅིག་ལ་འཕྲད་ན་ཐྲིས་དང་།
ཉིན་གཅིག་དོན་དག་ཅིག་བྱུང་ལ་དེ་ནི་མཐར་དེད་ན་བློ་མིག་ཆེ་རུ་འབྱེད་པ་ཞིག་རེད། དོན་དག་དེའི་རང་སྟེང་ནས་བཤད་ན་ཆུང་ཆུང་རེད། ཡིན་ནའང་། དེས་ང་ལ་སྤྲད་པའི་མིག་རྒྱ་ནི་བཙན་རྒྱལ་རིང་ལུགས་པའི་རང་གཤིས་ངོ་མ་དང་། སྲིད་གཞུང་ཡ་མེད་ཚོས་ངན་པར་འཁྲབ་ཀྱིན་པའི་ཀུན་སློང་དེ་དག་གིས་ང་ལ་སྤྲད་པའི་ཤུགས་ལས་ལྷག་ཅིག་རེད། ཞོགས་པ་སྔ་མོ་ཞིག་ལ། གྲོང་རྡལ་དེའི་མཐའ་སྣེ་གཞན་པར་ཡོད་པའི་ཉེན་རྟོག་ལས་ཁུངས་ཀྱི་མགོ་བས་ང་ལ་ཁ་པར་ཡོང་སྟེ། གླང་ཆེན་ཞིག་སྨྱོས་ཏེ་སྲང་ལམ་ན་རྒྱུག་གིན་འདུག སྐུ་མཁྱེན། ཁྱོད་ཀྱིས་ཐབས་ཤེས་ཤིག་འཐེན་ཐུབ་པ་འདུག་གམ་ཟེར། ངས་ནི་ཅི་ཞིག་བྱ་ཐུབ་པ་ཤེས་ཀྱི་མི་འདུག་མོད། གང་ལྟར་སོང་སྟེ་ཅི་ཞིག་འབྱུང་བཞིན་པར་མི་ལྟ་ཀ་མེད་ཡིན་སྟབས། ཡུལ་རྟ་ཆུང་ཆུང་*བོར་ཞོན་ཏེ་ལམ་ལ་ཆས། ངས་རིང་མདའ་ ཝིན་ཆི་སི་ཊར་.44[2]རྟགས་ཅན་ཞིག་ཁུར་ནས་ཕྱིན། དེ་ནི་གླང་ཆེན་ཞིག་གསོད་པར་ཆུང་དྲག་ནའང་དེའི་ལྡིར་སྒྲ་ནི་ཞེད་སྣང་སློང་(སྐུལ)སྤྱད་ཙམ་དུ་ཕན་པར་འདོད། ལམ་དུ་འབར་མའི་མི་འདྲ་མིན་གྱིས་ང་བཀག་སྟེ་གླང་ཆེན་དེའི་བྱ་སྤྱོད་སྐོར་བཤད། གླང་ཆེན་དེ་ནི་རྒོད་པོ་ཞིག་མ་རེད། སྔར་ནས་གཡུང་ལ་ཕབ་ཅིང་སྐབས་འདིར་སྨྱོ་ལ་ཤོར་བ་ཞིག་རེད། གླང་ཆེན་གཡུང་མོ་སྤྱི་མཚུངས་ལྟར་ནམ་རྒྱུན་སྨྱོ་ལ་ཁད་དུ་ཡོད་དུས་ཁོ་ལྕགས་ཐག་གིས་བཀྱིགས་ཡོད་རུང་། སྔ་ནུབ་དེར་ཁོས་ལྕགས་ཐག་བཅད་ནས་ཤོར་འདུག གླང་ཆེན་དེ་སྨྱོས་སྡོད་པའི་གནས་སྐབས་དེར་ཁོ་ཐུལ་མཁན་གྱི་གླང་རྫི་ཁེར་མོ་དེ་ནི་ཁོ་འཚོལ་བར་ཕྱི་ལ་ཕྱིན་འདུག མི་རྣམས་ཀྱི་བརྡ་ལོག་གིས་ཁོ་རང་ཁ་ཤར་ནག་དགུ་སྐོར་(ལམ་ནོར་)ཅིག་ལ་ཁྲིད་དེ་ད་ནི་དུས་ཚོད་བཅུ་གཉིས་ཀྱི་ལམཅིག་ན་ཡོད་པར་བཤད། ཁོ་ཐག་རིང་ལ་ཕྱིན་པའི་ཞོགས་པར་གླང་ཆེན་དེ་སྨྱོས་ཤིང་སླར་ཡང་གྲོང་རྡལ་དེར་གློ་བུར་དུ་བསླེབས་འདུག འབར་མ་བ་རྣམས་ལ་མེ་མདའ་མེད་ལ། དེའི་ངོ་ཡར་འབུད་པར་ཐབས་ཤེས་ཀྱང་མེད། གླང་ཆེན་དེས་ད་སྔ་ཚུན་དུ་ཁྱིམ་ཚང་ཞིག་གི་སྨྱུག་མའི་ཁང་བ་གཏོར་ཚར་ལ། བ་མོ་ཞིག་བསད། སིལ་ཏོག་ཁང་བ་ཞིག་བཅོམ་ནས་ཧམ་ཟ་བྱས་པར་མ་ཟད། ལམ་ནས་གྲོང་སྡེའི་རླངས་འཁོར་ཟད་པོ་དེར་འཕྲད་ཅིང་། ཁ་ལོ་བ་མཆོངས་ཤུལ་དུ་རླངས་འཁོར་དེའང་མར་ཁ་ལོ་བསྒར་བ་མ་ཟད་ང་རྒྱལ་གྱིས་ས་སྣོག་རྡོ་སྣོག་བྱས་ཡོད་འདུག
འབར་མའི་ཉེན་རྟོག་པའི་མགོ་བ་དང་རྒྱ་གར་སྐོར་སྲུང་བ་འགས་སྔར་གླང་ཆེན་དེ་མཐོང་སའི་སྡོད་ཤག་ཏུ་ང་ལ་སྒུག་བསྡད་འདུག སྡོད་ཁང་དེ་ནི་སྨྱུག་མའི་ཁང་ཆུང་མདོག་དང་བཟོ་ལྟ་ཤོར་ཞིང་། ཤིང་ཏ་ལའི་ལོ་མ་འགའི་ཐོག་ཁེབས་དང་བཅས་རི་གཟར་མོ་ཞིག་གི་(རླུང་)གདོང་ཁ་རུ་འདུག ཆར་ཤོད་ཀྱི་སྔ་མོ་དེར་གནམ་རུབ་ཅིང་དབུགས་ཀྱང་དོག་པ་ངས་ད་རུང་དྲན་གྱི་འདུག ཐོག་མར་ངེད་ཚོས་མ་གཞི་ནས་གླང་ཆེན་དེ་ཕྱོགས་གང་དུ་ཕྱིན་པའི་སྐོར་འབར་མའི་ཡུལ་མི་རྣམས་ལ་འདྲི་མགོ་བརྩམས། ནམ་རྒྱུན་ལྟར་སུ་ལའང་གསལ་ཐག་ཆོད་ཅིག་བཤད་རྒྱུ་མི་འདུག འདི་ནི་ཤར་ཕྱོགས་ཀྱི་ས་གང་དུའང་གཅིག་མཚུངས་རེད། སྒྲུང་ཅི་འདྲ་ཞིག་ཡིན་རུང་ཐག་རིང་ན་ཡོད་དུས་གསལ་འོས་ཚོད་ཅིག་ཡོད། ཡིན་ནའང་། ཡུལ་དངོས་ལ་ཅི་ཙམ་ཐག་ཉེ་རུ་ཕྱིན་ན་དེ་ཙམ་གྱིས་སྒྲུང་དེ་རབ་རིབ་ཏུ་གྱུར་འགྲོ། མི་ལ་ལས་གླང་ཆེན་དེ་ཕྱོགས་གཅིག་ཏུ་ཕྱིན་པར་བཤད་ལ། ཁ་ཤས་ཀྱིས་ཕྱོགས་གཞན་ཞིག་ཏུ་བུད་ཐལ་ཟེར། སྐོར་ཞིག་གིས་གླང་ཆེན་དེ་ལྟ་བུ་ཞིག་ཡོང་བ་གོ་མྱོང་ཙམ་ཡང་མེད་སྐོར་སྒྲོག སྐབས་དེར་མི་རིང་བའི་ཁད་ནས་མི་སྐོར་ཞིག་གིས་ཀི་ཧེ་འདེབས་ཀྱིན་པ་དེ་མ་ཐོས་ཚེ། ངས་ནི་འདི་དག་ཚང་མ་རྫུན་གྱི་ཕུང་བོ་ཞིག་ཡིན་པའི་སྡོམ་རྒྱག་གྲབས་ཡོད།
ག་ཅིག་ནས་རྔམ་སྐྲག་གི་ཨག་རིང་མཐོན་པོ་ཞིག་གྲག་ཡོང་ལ། དེ་མུར་ ”ཕར་ཕྲོས། བྱིས་པ་ཚོ། འདི་ནས་ཕར་མགྱོགས་པོར་ཕྲོས་” ཟེར་བཞིན། ལག་ལ་ལྕུག་མ་བཟུང་བའི་བུད་མེད་རྒན་མོ་ཞིག་རྩྭ་ཁང་ཞིག་གི་ཟུར་ནས་བུད་ཡོང་སྟེ། ཐང་གི་བྱིས་པ་གཅེར་བུ་སྐོར་ཞིག་བཙན་གྱིས་བདའ་བཞིན་འདུག བུད་མེད་དེ་ལས་མང་བ་ཞིག་འཕྲོ་རུ་འཕྲོར་གཤར་ནས་ཡོང་གིན་འདུག ལྕེ་ལིག་རྒྱག་གིན་དང་ཀི་ཧེ་འདེབ་ཀྱིན་དུ་ཡོང་གིན་འདུག བྱིས་པ་དེ་དག་གིས་རྩ་བ་ནས་མཐོང་མི་འོས་པའི་དོན་དག་ཅིག་ཡོད་པ་གསལ་བོ་རེད། ངས་ཁང་པ་དེ་བསྐོར་ནས་ཕྱིན། ་་ ཕར་ཕྱོགས་འདམ་ཉོག་གི་ནང་དུ་བེམ་རོ་ཞིག་རྐང་ལག་བཞི་རྒྱོང་དུ་ཡོད་པ་མཐོང་། ཁོ་ནི་རྒྱ་གར་ལྷོ་བའི་ཀོ་ལི་[3]ནག་རིལ་ཞིག་རེད། ཙིག་གེ་ཞིག་མ་གཏོགས་གཅེར་བུ་རེད། ཁོ་ཤི་ནས་སྐར་མ་ཧ་ཅང་མང་པོ་འགོར་མེད་ཚོད་དང་། མིའི་བཤད་སྟངས་ཡིན་ན། གླང་ཆེན་དེ་གློ་བུར་དུ་ཁང་པ་དེའི་ཟུར་ནས་བུད་དེ་ཁོ་དང་གདོང་ཐུག་རྒྱབ་མ་ཐག སྣ་ཞག་གིས་ཁོ་བཟུང་སྟེ་ལག་པས་སྲོག་རྒྱབ་ལ་གཞུ་བཞིན་ཁོ་ས་ལ་བརྒྱབ་ནས་བསད་པར་བཤད། སྐབས་དེར་ཆར་དུས་ཡིན་སྟབས་ས་སྙི་མོ་ཡིན་ལ། ཁོའི་ངོ་གདོང་མར་དྲུད་ཤུལ་དུ་འོབས་དོང་ཁྲི་གང་གི་ཟབ་ཚད་དང་འདོམ་འགའ་ཡི་རིང་ཚད་ཅིག་གཤགས་འདུག ཁོ་གྲོད་ཁོག་གི་སྟེང་དུ་རྫོག་འདུག་ལ། ལག་པ་གཉིས་ཕྱོགས་གཉིས་སུ་བརྒྱངས་འདུག མགོ་ནི་ཟུར་གཅིག་ལ་ཁ་ཐུག་ཏུ་གཅུས་ཤིང་། ངོ་གདོང་ཚང་མ་འདམ་འབག་དང་། མིག་གཉིས་ཆེ་རུ་གདངས་འདུག་པ་ཕར་ཞོག བསྲན་མ་ཚུགས་པའི་སོ་དེ་ཚོ་བསྡམས་ཤིང་ཕྱི་རུ་བརྒྱངས་ནས་འདུག (ཞོར་འཕྲོས་ཤིག་ལ། ཤི་བོ་རྣམས་ནི་ཤི་ཚར་ན་ནམ་ཡིན་རུང་ཞི་དུལ་བག་ལྷོད་དུ་ཡོད་སྐོར་རྩ་བ་ནས་མ་བཤད། ངས་མཐོང་ཚད་ཀྱི་ཤི་བོ་ཐམས་ཅད་ནི་ཞེ་སྡང་དང་གདུག་རྩུབ་ལྟ་བུར་འདུག) དུད་འགྲོ་ཆེན་པོ་དེའི་ལག་རྒན་གྱིས་ཁོའི་རྒྱབ་ནས་བརྡར་ཏེ་སྐྱི་མོ་བཤུ་སྟངས་ནི་རི་བོང་གི་པགས་པ་བཀོག་པ་ལྟ་བུ་རེད། མི་དེའི་བེམ་པོ་མཐོང་མ་ཐག་ངས་འཁྲིས་ཀྱི་གྲོགས་པོ་ཚང་ལ་གླང་ཆེན་གསོད་བྱེད་ཀྱི་མེ་མདའ་ཞིག་གཡར་བར་མངགས། ཡུལ་རྟ་ཆུང་ཆུང་དེའང་ཕྱིར་འཁྲིད་དུ་བཅུག ཅི་བཤད་རུང་། གླང་ཆེན་གྱི་དྲི་མ་ཚོར་མ་ཐག་ཁོ་ཞེད་ནས་སྨྱོས་ཏེ་ང་ས་ལ་རྒྱག་གི་འཇུག་འདོད་མི་འདུག
ངས་མངགས་པའི་མི་དེས་སྐར་མ་འགའི་རྗེས་ནས་རིང་མདའ་ཞིག་དང་མདེའུ་ལྔ་ཁྱེར་ནས་བསླེབས། དེ་དང་མཉམ་དུ་འབར་མ་བ་འགའ་ཡོང་ནས་གླང་ཆེན་དེ་ནི་གཤམ་གྱི་འབྲས་ཞིང་དེའི་ཁུག་ན་འདུག་ལ། གཞུ་འདོམ་བརྒྱ་ཕྲག་འགའི་ཁད་དག་དག་དེ་རུ་འདུག་ཟེར། ང་དངོས་སུ་གླང་ཆེན་གྱི་ཕྱོགས་སུ་འགྲོ་མགོ་བརྩམས་མ་ཐག་ཁང་པ་དེའི་ནང་གི་མི་འཚོགས་ཡོངས་རྫོགས་འགུལ་ནས་ཕྱིར་བུད་དེ་ངའི་རྗེས་དེད་ནས་བསླེབས། ཁོང་ཚོས་ངའི་ཕྲག་གི་རིང་མདའ་དེ་མཐོང་ཞིང་། ངས་དེ་རིང་གླང་ཆེན་དེ་གསོད་ངེས་ཤེས་པའི་སྟབས་ཀྱིས་འདྲོགས་ཧ་ཅང་ལངས་བཞིན་དུ་སྐད་ཅི་ཡང་བརྒྱབ། གླང་ཆེན་དེ་སྨྱོས་ནས་ཁོང་ཚོའི་ཁྱིམ་ཚང་མགོ་ལ་ལེན་སྐབས་ཁོང་ཚོར་དེ་ཙམ་གྱི་བྲོ་བ་མེད་མོད་ད་ནི་ཁོ་གསོད་རྒྱུ་ཡིན་སྟབས་གནས་སྟངས་ཁ་ཁ་རེད། དབྱིན་ཇིའི་མི་འཚོགས་ཤིག་ལ་ཇི་ལྟ་བུ་བཞིན་དུ། འདི་ནི་ཁོང་ཚོར་མཚོན་ན་རྩེད་མོ་ཅུང་སྐྱིད་པོ་ཞིག་ཡིན། ད་རུང་ཁོང་ཚོར་གླང་ཆེན་གྱི་ཤ་དེའང་དགོས་ཀྱིན་ཡོད། དེས་ཁ་རོག་གེར་ང་ནི་དོགས་མི་བདེ་བ་ཞིག་ཏུ་བཏང་། ང་ལ་ནི་གླང་ཆེན་དེ་གསོད་རྒྱུའི་དམིགས་ཡུལ་མེད་ལ། མེ་མདའ་དེའང་དགོས་གལ་ལ་ཐུག་ན་རང་སྲོག་སྐྱོབ་བྱེད་ཙམ་དུ་གཡར་བ་ཡིན། དེ་བཞིན་དུ་མི་ཚོགས་ཤིག་གིས་དེད་ནས་ཡོང་བ་ནི་ནམ་ཡིན་རུང་བག་འཁུམས་ཤིང་སྤ་བཀོང་བ་ཞིག་རེད། རིང་མདའ་ཞིག་ཕྲག་ལ་ཁུར་ཞིང་གཏན་དུ་ཇེ་མང་ནས་ཇེ་མཐུག་ལ་འགྲོ་བཞིན་པའི་མི་ཚོགས་ཤིག་རྗེས་ལ་ཁྲིད་དེ། གླེན་ཞད་དང་ལྐུགས་རྟགས་བཏོད་བཞིན་ང་རང་རི་ངོས་ནས་ག་ལེར་ཐུར་ལ་བབས། རྩྭ་ཁང་དེ་ནས་མར་རི་རྟིང་ལ་བབས་ཚེ། དེ་རུ་རྡོ་ཧྲུག་གི་ལམ་ཕྲན་ཞིག་ཡོད་ལ། དེའི་ཕར་ཕྱོགས་སུ་བལྟས་ན་གཞུ་འདོམ་ལྔ་བརྒྱ་རུ་འདམ་ཉོག་དང་བེད་མེད་ཀྱི་འབྲས་ཞིང་ཞིག་ཡོད། ད་དུང་ཐོང་གཤོལ་བརྒྱབ་མེད་ནའང་ཆར་ཆུས་ནེམ་ཞིང་རྩྭ་ངན་ཐར་ཐོར་གྱིས་ཁེངས་ནས་ཡོད། གླང་ཆེན་དེ་ནི་ལམ་འགྲམ་ནས་གཞི་འདོམ་བརྒྱད་ཀྱི་ས་ཏག་ཏག་དེ་རུ་འདུག་ཅིང་། ཁོའི་གཞོགས་གཡོན་པ་ང་ཚོའི་ཕྱོགས་སུ་བསྟན་འདུག ཁོས་མི་ཚོགས་ཀྱི་ཕུང་པོ་ཞིག་ཁོའི་ཕྱོགས་སུ་ཡོང་བཞིན་པ་དེར་དོ་སྣང་ཉག་ཙམ་ཡང་བྱེད་ཀྱི་མི་འདུག རྩྭ་ཆག་པ་རེ་བཀོག་ཅིང་དེ་དག་ཁོའི་ལག་པར་གཞུས་ཏེ་གཙང་མར་བཟོས་རྗེས་ཡར་ཁ་ནང་ལ་རྫོང་གིན་འདུག
ང་ལམ་སྐེད་ཅིག་ནས་སྡོད་དགོས་པར་གྱུར། ངས་ནི་གླང་ཆེན་དེ་མཐོང་མ་ཐག་དེ་རྩ་བ་ཉིད་ནས་གསོད་མི་རུང་བའི་ངེས་ཤེས་ཡང་དག་པོ་རྙེད། གླང་ཆེན་ཐང་པོ་ཞིག་མེ་མདས་གསོད་པ་ནི་ཚབས་ཆེའི་དོན་དག་ཅིག་ཡིན་པར་མ་ཟད། གཏོས་དང་རིན་ཆེ་བའི་འཕྲུལ་ཆས་ཤིག་དོན་མེད་དུ་གཏོར་བ་དང་གཅིག་མཚུངས་རེད། ཅི་ཙམ་ཞིག་གཞོལ་རྒྱུ་ཡོད་ན་དེ་ཙམ་གྱིས་གསོད་དུ་མི་རུང་བ་ནི་གསལ་གསལ་ཐིང་ཐིང་རེད། རྒྱང་ཐག་དེ་ཙམ་ཞིག་ཏུ། གླང་ཆེན་དེས་ཞི་བའི་སྒོ་ནས་རྩྭ་ཟ་གིན་འདུག་ལ། ཁོ་ལ་ནི་བ་མོ་ཞིག་ལས་ལྷག་པའི་ཉེན་ཁ་ཅི་ཡང་མི་འདུག ངས་དེ་དུས་བསམ་ཞིང་ད་ལྟའང་དྲན་པ་ཞིག་ནི། སྐབས་དེར་ཁོའི་སྨྱོ་ནི་དྭངས་ཚར་འདུག དེའི་རྐྱེན་གྱིས་གླང་རྫི་དེ་ཕྱིར་བསླེབས་ནས་མ་ཁྲིད་བར་དུ་གཞན་ལ་གནོད་འཚེ་ཅི་ཡང་མེད་པར་ཁོ་རང་ཁོའི་ས་ནས་འཁྱམ་ནས་འགྲོ་རྒྱུ་ཙམ་རེད། དེའི་ཁར། ང་ལ་ནི་ཁོར་མེ་མདའ་རྒྱག་རྒྱུའི་འདོད་པ་ཡེ་ནས་མི་འདུག ངའི་བསམ་པར་ཏོག་ཙམ་རིང་ཁོ་མིག་གིས་འཚོས་ཤིང་། བསྐྱར་དུ་མི་སྨྱོ་བའི་གདེང་འཁེལ་སྐབས་ཤིག་ལ་ཕྱིར་ཡུལ་ལ་ལོག་རྒྱུའི་ཐག་བཅད།
ཡིན་ནའང་། སྐབས་དེར་ང་ཕྱིར་འཁོར་ནས་གཞུག་ན་ཡོང་བཞིན་པའི་མི་འཚོགས་དེར་སྐོར་ལྟ་ཞིག་བྱས། མི་འཚོགས་དེ་ནི་ཧ་ཅང་གི་རྒྱ་ཆེན་པོ་རེད། ཉུང་མཐར་ཡང་མི་ཉིས་སྟོང་ལྷག་འདུག་ལ་དེའང་སྐར་མ་རེ་རེ་བཞིན་དུ་ཇེ་མང་རེད། མི་ཚོགས་དེས་ལམ་ཁའི་ཕྱོགས་གཉིས་ཀ་ཐག་རིང་པོར་བཀག་བསྡད་འདུག ངས་དུག་ལོག་ཧར་པོའི་[4]གོང་ཁ་ན་སེར་འཁྱིལ་ལེར་ཡོད་པའི་ངོ་གདོང་གི་མཚོ་ཆེན་པོ་དེར་བལྟས། ངོ་གདོང་དེ་མཐའ་དག་རྩེད་མོ་ཆུང་ཆུང་འདི་ལ་སྤྲོ་བ་འཕེལ་ཞིང་སྐྱིད་ཐག་ཆོད་ནས་འདུག་ལ། ཚང་མའི་སེམས་སུ་ངས་གླང་ཆེན་དེ་མེ་མདས་རྫོག་རྒྱུ་ཡིན་པ་ཉག་གཅིག་ཏུ་བསམས་འདུག སྒྱུ་མ་མཁན་ཞིག་གིས་ལྟད་མོ་ཞིག་མགོ་འཛུགས་གྲབས་ཡོད་པ་ལྟར་ཁོང་ཚོས་ང་ལ་བལྟས་བསྡད་འདུག སྤྱིར་ན་མི་འདི་ཚོ་ཚང་མ་ང་ལ་དགའ་གི་མ་རེད། ཡིན་ནའང་ངའི་ལག་གི་རིང་མདའི་གཟི་རྔམས་དང་བཅས་སྐབས་ཐོག་དེར་ང་ལ་ལྟ་རིན་ཞིག་ཅི་ནས་ཀྱང་ཡོད་ས་རེད། གློ་བུར་དུ་ང་ལའང་གླང་ཆེན་དེ་ཅི་བཤད་རུང་གསོད་དགོས་པའི་ངེས་ཤེས་འདྲོངས་པར་གྱུར། མི་དམངས་ཀྱིས་དེའི་ཕྱོགས་ནས་ང་ལ་རེ་བ་བཟུང་འདུག་ལ། ངས་ནི་ཁོང་ཚོའི་མངོན་འདོད་དེ་ཅི་ནས་ཀྱང་བསྐང་དགོས་པར་འདུག མི་ཉིས་སྟོང་གི་འདུན་པ་དྲག་པོ་དེས་འགོག་ཏུ་མེད་པར་ང་སྔུན་ལ་འདེད་ཀྱིན་པ་ངས་ཚོར་གི། ཏག་ཏག་སྐབས་ཐོག་དེར་རེད། ངས་ལག་པར་རིང་མདའ་དེ་བཟུང་ཞིང་ལངས་ནས་ཡོད་སྐབས། ཐོག་དང་པོར་ངས་ཤར་ཕྱོགས་ན་ཁོག་སྟོང་དང་དོན་མེད་དུ་ལྷག་པའི་མི་རིགས་དཀར་པོ་རྣམས་ཀྱི་ཁ་རྗེ་དབང་ཐང་དེ་འཛིན་ཐུབ་པར་གྱུར། ང་འདི་ན་ལངས་བསྡད་འདུག མེ་མདའ་ཐོགས་པའི་མི་རིགས་དཀར་པོ་ཞིག་ཡིན་ལ། ལག་ན་གོ་མཚོན་ཅི་ཡང་མེད་པའི་ཡུལ་མིའི་འདུ་ཚོགས་ཀྱི་སྔུན་དུ་ལངས་བསྡད་ཡོད།
སྣང་ཚོད་དུ་བརྩམས་ཆོས་ཤིག་ནང་གི་རུ་འདྲེན་འཁྲབ་སྟོན་པ་ཞིག་དང་མཚུངས། ཡིན་ནའང་དོན་དངོས་སུ། ང་ནི་ངོ་གདོང་སེར་པོ་འདི་དག་གི་འདུན་པའི་ཕག་ན་ཕར་འདེད་ཚུར་འདྲུད་བྱེད་ཀྱིན་པ་་་་་ཆོ་མེད་པའི་གསང་ཐག་ལྷ་མོ་*དེ་གཅིག་པུ་རེད། དེ་དུས་ངས་མི་རིགས་དཀར་པོ་ཞིག་དཔོན་པོར་གྱུར་ཚེ། ཁོས་གཏོར་བརླག་བྱེད་པ་ནི་ཁོ་རང་ཉིད་ཀྱི་རང་དབང་ཡིན་པ་ཤེས་རུང་། ཁོ་ནི་མིང་རྫིག་དོན་སྟོང་ངམ་ཟོག་བརྫུས་ཀྱི་མི་སྟེ། ཚུལ་འཆོས་ཀྱི་སྐུ་ངོ་ཞིག་ཏུ་གྱུར་སྟབས། ཁོས་མི་ཚེ་ཧྲིལ་བོར་ཡུལ་མི་རྣམས་ཀྱི་སྔུན་ནས་མཐོང་སྣང་ཞིག་སྐྲུན་པར་འབད་དགོས་པ་ནི་ཁོའི་ལས་དབང་གིས་ཐག་བཅད་ཡོད་པ་དེ་ཤེས། དེའི་རྐྱེན་གྱིས་ཆག་འཇིག་གི་གནས་སྟངས་གང་དུའང་ཡུལ་མི་དག་གིས་རེ་བ་ཅི་ཞིག་བརྒྱབ་པ་ཡིན་ན་ཁོས་དེ་ངེས་པར་དུ་སྒྲུབ་དགོས་པ་རེད། ཁོས་ངོ་ལ་འབག་ཅིག་གྱོན་ཡོད་ལ། ཁོའི་ངོ་གདོང་དེའི་ནང་དུ་དག་དག་ཅིག་མ་འཕྲོད་བར་དུ་ཁོས་རང་གི་ངོ་ཤ་ཆེ་རུ་སྐྱེད་དགོས་པ་རེད། ངས་གླང་ཆེན་དེ་ངེས་པར་དུ་གསོད་དགོས་པར་འདུག མེ་མདའ་དེ་ལེན་དུ་མངགས་པ་ནས་བཟུང་ངས་རང་ཉིད་ལ་ཁ་དན་ཞིག་བཅོས་ཡོད། སྐུ་ངོ་ཞིག་ཡིན་ཚེ་སྐུ་ངོ་ཞིག་གི་ཚད་ནས་ལས་སྟངས་ལྟར་ལས་དགོས་པ་རེད། བློ་ཐག་ཆོད་པོ་དང་། རང་གི་སེམས་ཤེས་པའི་ཁར་ངེས་གཏན་གྱི་བྱ་བ་སྒྲུབ་དགོས་པ་རེད། སྐབས་འདིར། ལག་ལ་རིང་མདའ་ཞིག་བཟུང་། ས་ཐག་འདི་བར་དུ་བསླེབས། མི་མགོ་ཉིས་སྟོང་གིས་རང་གི་རྐང་རྗེས་དེད་ནས་ཡོང་རྗེས། ཅི་ཡང་མ་སྒྲུབ་པར་ནུས་མེད་ངང་། གཞའ་ལམ་ཞིག་བཙལ་རྒྱུ་ཡིན་ནམ། མིན། དེ་ནི་དཔེ་མི་སྲིད་པ་ཞིག་རེད། མི་ཚོགས་དེ་ངའི་སྟེང་ལ་དགོད་གི་རེད། ངོ་གདོང་ཉིས་སྟོང་བོ་དེ་དག་གིས་ཧབ་དགོད་བྱེད་གི་རེད། ངའི་མི་ཚེ་ཧྲིལ་བོ་དང་། ཤར་ཕྱོགས་ན་ཡོད་པའི་མི་རིགས་དཀར་པོ་མཐའ་དག་གིས་ཡུན་རིང་འཐབ་རྩོད་བྱས་ནས་ཡོང་བ་དེ་ནི་གཞན་གྱིས་འཕྱ་ས་ཞིག་མ་རེད།
དེ་ལྟར་རུང་། ངས་གླང་ཆེན་དེ་གསོད་མི་འདོད་གི། ངས་ནི་ས་དེར་ཁོས་བཟའ་རྩྭ་ཆག་པ་རེ་ལག་པར་བརྡབས་ནས་ཟ་བཞིན་དུ། བདེ་འཇགས་ཀྱི་མཁའ་དབུགས་ཤིག་བདག་ཏུ་བཟུང་ནས་ཡོད་པར་བལྟས། ངའི་བསམ་པར་ཁོ་ལ་མེ་མདའ་རྒྱག་པ་ནི་ལག་དམར་གྱི་ལས་ཀ་ཞིག་ཡིན་པར་འདོད། ལོ་ཚོད་འདི་ལྟ་བུ་ཞིག་ལ་སོན་དུས་ང་ནི་དུད་འགྲོ་ཞིག་གསོད་པར་དེ་འདྲའི་རྣམ་རྟོག་ཅིག་ལངས་དགོས་པ་མི་འདུག་རུང་། ད་བར་དུ་གླང་ཆེན་ཞིག་བསད་མྱོང་མེད་ལ་གསོད་འདོད་ཀྱང་མི་འདུག (ཅི་ཡིན་མ་ཤེས་ཀྱང་། སྲོག་ཆགས་ཆེན་པོ་ཞིག་གསོད་པ་ནི་ག་དུས་ཡིན་ཡང་སྡུག་ཤོས་དེ་ཡིན་པར་ཚོར།) དེའི་ཕན་ནས། གླང་ཆེན་གྱི་བདག་པོ་དེ་ལའང་བསམ་བློ་ཞིག་གཏོང་དགོས་ཀྱི་འདུག གསོན་པོར་ཡོད་དུས་གླང་ཆེན་དེར་དབྱིན་སྒོར་ཆིག་སྟོང་གི་གོང་ཐང་ཡོད་རུང་། ཤི་དུས། ཁོ་ལ་མཆེ་བ་དེ་གཉིས་ཀྱི་རིན་ཐང་ལས་མེད་ལ། ཕལ་ཆེར་དབྱིན་སྒོར་ལྔ་ཡི་རིན་ཡིན་སྲིད། ཅི་བཤད་ཀྱང་། ངས་མགྱོགས་པོར་ཐག་གཅོད་དགོས་ཐལ།
ཐོག་མར། ངས་ས་འདིར་འབྱོར་མ་ཐག་ནས་འདི་རུ་ཡོད་ཅིང་། ཉམས་མྱོང་ལོས་ཡོད་འདོད་མཁན་གྱི་འབར་མ་བ་འགའ་རེ་ལ་གླང་ཆེན་དེའི་སྤྱོད་པ་གང་འདྲ་འདུག་ཚུལ་དྲིས། ཁོང་ཚོ་ཚང་མས་ལན་གཅིག་རང་བཏབ་ཐལ། ཁྱོད་ཀྱིས་སུན་པོ་མ་བཟོས་ན་ཁོས་ཡ་བྱེད་གི་མ་རེད། ཁོའི་ཐག་ཉེར་བཏུད་དྲག་ན་ཁོ་ཁྲོ་གི་རེད་ཟེར།
ད་ནི་ངས་ག་རེ་བྱེད་དགོས་མིན་ང་ལ་ཧ་ཅང་གསལ་བོ་རེད། འདི་ལྟར་བཤད་ཆོག་གི་རེད། ང་ཁོའི་ཕྱོགས་སུ་ ཡཱར་ཌི་[5]ཉི་ཤུ་རྩ་ལྔའི་བར་ཕྱིན་ཏེ་ཁོའི་སྤྱོད་པ་ལ་ཉམས་ཚོད་ཅིག་ལེན་དགོས་ཀྱི་འདུག གལ་སྲིད་ཁོས་ང་ལ་ཚུར་རྒོལ་བྱས་ན་ངས་མེ་མདའ་རྒྱག་ཆོག་ཆོག་རེད། ཁོས་ང་ལ་དོ་སྣང་མ་བྱས་ཚེ། རེད། གླང་རྫི་དེ་ཕྱིར་མ་སླེབ་བར་དུ་སྐྱུར་བཞག་ནའང་ཉེན་ཁ་མེད་པར་འདོད། ཡིན་ཡང་། དེ་དང་ཆབས་ཅིག ངས་ནི་དེ་ལྟ་བུའི་གྲ་སྒྲིག་མི་བྱེད་པའང་ཤེས་གི། ང་ནི་རིང་མདའ་འཕང་ན་ཧ་ཅང་གི་སྐྱོ། ས་འདི་འདམ་འབག་ཡིན་སྟབས་གོམ་པ་གང་དུ་སྤོས་ནའང་མར་ནུབ་སྲིད་པ་རེད། གལ་སྲིད་གླང་ཆེན་དེ་ཁོང་ཁྲོ་ལངས་་ཤིང་། ངའི་མདེའུ་ཁོར་མ་ཕོག་ཚེ་ང་ནི་ས་འཐག་འཕྲུལ་འཁོར་གྱི་འོག་ལ་ཤོར་བའི་སྦལ་ཆེན་ཞིག་ཏུ་འགྱུར་ཉེན་ཧ་ཅང་ཆེ་གི། རེད་དེ། སྐབས་འདི་འདྲ་ལའང་ངས་ནི་རྒྱབ་ཕྱོགས་ནས་ང་ལ་ལྟ་མཁན་ངོ་གདོང་སེར་པོ་དེ་ཚོ་ཁོ་ནར་མ་གཏོགས་ང་རང་ཉིད་ཀྱི་ཤ་སྐྱི་ལ་དམིགས་བསལ་གྱི་བསམ་བློ་གཏོང་གི་མེད། མི་ཚོགས་ཆེན་པོ་ཞིག་གིས་ང་ལ་བལྟས་སྡོད་པའི་གནས་སྐབས་འདི་འདྲ་ཞིག་ཡིན་སྟབས། སྤྱིར་བཏང་གི་གོ་བ་ལེན་སྟངས་བྱས་ན་ང་ཁེར་མོ་ཡིན་ནའང་སྐྲག་དངངས་ཅི་མོ་ཞིག་ཡོད་རུང་། ད་ང་ཞེད་ཀྱི་མི་འདུག མི་རིགས་དཀར་པོ་ནི་ཡུལ་མིའི་སྔུན་ནས་ནམ་ཡང་ཞེད་རྒྱུ་ཡོད་པ་མ་རེད། དེའི་རྐྱེན་གྱིས་ང་སྤྱིར་བཏང་ཞེད་ཀྱི་མི་འདུག ངའི་ཀླད་པའི་རྒྱ་ཐག་ཏུ་བསམ་རྒྱུ་ཉག་གཅིག་ནི་གལ་སྲིད་དོན་དག་གང་ཡང་ལོག་པར་ཕྱིན་ཚེ་འབར་མ་བ་མི་ཉིས་སྟོང་གིས་ངའང་གོང་གི་རི་སྒང་གི་རྒྱ་གར་བ་དེ་བཞིན་དུ། གླང་ཆེན་དེས་རྗེས་འདེད་བྱས། གསོན་བཟུང་བྱས། རྡོག་རྫིས་བྱས། ཁ་ནང་གི་སོ་རྣམས་ཕྱི་ལ་བརྒྱངས་སྡོད་པའི་ཤི་རོ་ཞིག་ཏུ་གཏོང་སྟངས་སོགས་དངོས་སུ་མཐོང་ངེས་པ་དེ་རེད། གལ་སྲིད་དེ་ལྟར་དུ་གྱུར་ཚེ་ཁོང་ཚོའི་མང་ཤོས་ནི་དགོད་གི་རེད། འདི་ནམ་ཡང་འབྱུང་རྒྱུ་ཡོད་པ་མ་རེད།
ད་ནི་གདམ་ག་གཅིག་མ་གཏོགས་མི་འདུག ངས་མདེའུ་རྣམས་མེ་མདའི་ཁོག་ལ་ཡར་བརྫངས་ཏེ་ལམ་ཁ་ནས་མར་ཉལ། ཁོ་འབེན་ཁ་ཏག་ཏག་ཅིག་ལ་ལེན་དགོས་ཀྱི་འདུག མཐའ་མར་གར་སྟེགས་ཀྱི་རས་གཞི་ག་ལེར་ཕྱེ་དུས་ཀྱི་སྣང་བ་ལྟར། མི་ཚོགས་དེ་ཀྲོང་ངེར་གཅིག་ཀྱང་མ་འགུལ་བར་འཇམ་ཐིང་ངེར་གྱུར་ལ། མིད་ཐག་ཕྲ་མོ་གྲངས་མེད་ཅིག་ནས་དབུགས་ཧ་ཅང་གི་ཟབ་མོ་དང་དམའ་མོ། ཕྲ་ཞིང་བསོ་མོ་དག་ཧྲ་ལ་བྱས་ནས་(ཧུར་ཐག་གིས་)མཉམ་དུ་གཏོང་ལེན་བྱེད་ཀྱིན་འདུག ད་ནི་ཅི་བཤད་ཀྱང་ཁོང་ཚོ་དེ་རིང་ལྟད་མོ་ཆུང་ཆུང་བོ་དེར་རོལ་རྒྱུ་རེད། རིང་མདའ་དེ་ནི་འཇར་མ་ནིའི་ཅ་ལག་སྙིང་རྗེ་མོ་སོ་ཁ་ན་སྐྲ་ཉག་རྒྱ་གྲམ་མའི་ཚད་ཐིག་འཐེན་ཡོད་པ་ཞིག་རེད། དེ་བར་དུ་་་་་་ ངས་ནི་གླང་ཆེན་ཞིག་མེ་མདས་གསོད་དགོས་དུས་རྣ་སྦུག་གཅིག་ནས་རྣ་སྦུག་གཞན་པར་ཕིག་སྟེ་སྣང་བའི་འཆིང་ཐག་ལྟ་བུ་ཞིག་དུམ་བུར་གཅོད་དགོས་པ་དེ་ཤེས་ཀྱི་མེད། དེའི་རྐྱེན་གྱིས་ད་ནི་གླང་ཆེན་དེ་ཟུར་ལ་འཁོར་ཡོད་དུས་ངས་ཐད་ཀར་དུ་ཁོའི་རྣ་སྦུག་ནང་ཚད་ཡོད་ལ། དྲང་མོར་བཤད་ན། ངས་ནི་ཁོའི་ཀླད་རྒྱ་ནི་ད་དུང་ཅུང་ཙམ་མདུན་ཕྱོགས་སུ་ཡོད་པར་འདོད་དེ། ཨིན་ཆི་ འགས་མདུན་ཕྱོགས་སུ་ཚད་པ་ཡིན།
མེ་མདའི་མཐེབ་གཟུང་ནས་གློད་སྐབས་དེར་ངས་ནི་ལྡིར་སྒྲ་དང་ཕུད་རྒྱག་ཅི་ཡང་ཚོར་མ་ཐལ། སྤྱིར་ནས་མདེའུ་ཞིག་འབེན་ལ་ཕོག་སྐབས་དེ་མ་ཐག་ཏུ་སུས་ཀྱང་མི་ཚོར་བར་བཤད། ཡིན་ནའང་ངས་མི་ཚོགས་ཀྱི་ཁྲོད་ནས་འུར་སྒྲ་འཇིགས་ཡེར་བ་ཞིག་ཡར་ལ་ཆད་པ་ཐོས་བྱུང་། དེ་མ་ཐག་ཏུ། ཐ་ན་མདེའུ་དེ་ད་དུང་ཕར་ལ་ཐོན་མེད་སྙམ་པའི་དུས་ཡུན་ཧ་ཅང་ཐུང་ངུ་དེའི་ནང་དུ་གླང་ཆེན་དེའི་སྟེང་ལ་ཤིན་ཏུ་འཇིགས་རུང་དང་བཤད་མི་ཤེས་པའི་འགྱུར་བ་ཞིག་བྱུང་ཐལ། ཁོར་དཀྲུག་མ་ཐེབས་ལ་ཁོ་སྒྱེལ་ཀྱང་མ་ཐུབ་ཐལ། ཡིན་ནའང་འུར་བཤད་བྱས་ན། ཁོའི་ཕུང་བོའི་སྟེང་གི་རི་མོ་རེ་རེ་བཞིན་འགྱུར་ཐལ། མདེའུ་དེ་ཕོག་པའི་སྐྲག་དངངས་ཀྱི་ཤུགས་རྐྱེན་དེས་ཁོ་སྒྱེལ་མ་ཐུབ་ནའང་བླ་ཆད་པ་ལྟར་དུ་གྱུར་ལ། རྨས་སྐྱོན་གྱིས་གདུང་ཞིང་འཁུམ་ནས་ཧ་ཅང་གི་རྒས་འཁོག་ལྟར་དུ་གྱུར། ཡུན་རིང་འགོར་བའི་མཐའ་མ་སྟེ་་་་་ དེའང་ང་ནོར་མེད་ན་སྐར་ཆ་ལྔའི་རྗེས་ཙམ་ཡིན་སྙམ་་་་ དེ་ཙམ་ཞིག་ལ་ཁོ་རྐང་ལག་གི་སྟེང་ལ་མར་ལྗིད་ཏིག་གེར་བསྙེས་པར་གྱུར། ཁོའི་ཁ་ནང་ནས་མྱག་ཆུ་འཛར་ཞིང་། ཁོའི་ཐོག་ལ་རྒས་གཅོང་གི་སྣང་བ་དཔག་མེད་ཅིག་བསླེབས་པ་ལྟར་འདུག དེ་དུས་ཀྱི་ཁོ་ནི་ལོ་ཚོད་སྟོང་ཕྲག་ཅིག་ཡིན་སྙམ་ཡང་ཤར། ངས་སྔར་གྱི་ཤུལ་དེར་སླར་ཡང་བརྒྱབ། ཐེངས་གཉིས་པ་དེར་ཁོ་འགྱེལ་མ་སོང་། ཡིན་ནའང་ཨ་ཆད་ཨུ་ཐུག་གི་ངང་སུག་མགོར་འགོས་ལ། རྐང་ལག་གུག་ཅིང་མགོ་བོ་གཟུར། ཧ་ཅང་ཉམ་ཐག་ཏུ་ལངས་ནས་བསྡད། ངས་མེ་མདའ་ཐེངས་གསུམ་པར་འཕང་། དེ་ནི་ཁོའི་མདེའུ་དེ་རེད།
དེ་དུས་ཁྱོད་ཀྱིས་ཁོའི་གཟུགས་པོར་དཀྲུག་ཐེབས་ཤིང་སུག་མགོ་ཡི་ཤེད་ཤུགས་ལྷག་མའང་བཅག་སྟེ། ཁོ་ཧ་ཅང་ངལ་དུབ་ཏུ་ཡོད་པ་མཐོང་ཐུབ། ཡིན་ནའང་ཁོ་མར་འགྱེལ་སྐབས་སྐད་ཅིག་རིང་སླར་ཡང་ཡར་ལ་ལངས་པ་ལྟར་བྱས་ལ། ཁོའི་རྐང་པ་གཉིས་ཁོག་སྨད་དུ་ཤོར་སྐབས་སུ་གཟུགས་པོ་དེ་བྲག་རྡོ་ཆེན་པོ་ཞིག་ཇི་བཞིན་གྱེན་དུ་འགྲེང་བ་ལྟར་འདུག་ཅིང་། ཁོའི་སྣ་ཞགས་ནི་ཤིང་སྡོང་ཞིག་དང་འདྲ་བར་གནམ་ལ་སྲིང་འདུག དེ་དུས་ཁོས་ཐེངས་དང་པོར་གླང་ཆེན་གྱི་ཙེར་སྐད་གཅིག་པོ་དེ་བསྒྲགས། དེ་ནས་ཐ་ན་ས་དེ་ངའི་རྐང་འོག་ཚུན་ནས་འགུལ་བ་ལྟར་གཅལ་སྒྲ་དང་བཅས་ཁོའི་གཟུགས་པོ་མར་ལྷུང་ཐལ། གྲོད་པ་ཚུར་ཕྱོགས་སུ་ལོག་འདུག
ང་ཡར་ལངས། འབར་མ་བ་ཚོས་སྔར་ནས་ང་བསྐྱུར་ཏེ་འདམ་རྫོབ་བརྒལ་ནས་སྔུན་ལ་རྒྱུག་གིན་འདུག གླང་ཆེན་དེ་བསྐྱར་དུ་ཡར་ནམ་ཡང་ལངས་མི་ཐུབ་པ་ནི་གསལ་བོ་རེད། ཡིན་ནའང་ཁོ་ཤི་མི་འདུག ཁོའི་གཞོགས་ཤིག་ནི་ཟུག་རྔུ་དང་བཅས་ཡར་འཕག་མར་འབབ་བྱེད་ལ། དབུགས་ཀྱི་ཧལ་སྒྲ་རིང་པོ་ཞིག་བཅད་མཚམས་ཧ་ཅང་རན་པར་ལེན་གྱིན་འདུག ཁོའི་ཁ་ཆེ་རུ་གདངས་འདུག་ལ། ཁོའི་མིད་པའི་ཡ་ཕུག་གི་ཤ་སྐྱི་ཟིང་སྐྱར་ཡོད་པ་དེའི་བར་དུ་མཐོང་ཐུབ་གི། ངས་ཁོ་ཤི་རྒྱུར་ཡུན་རིང་ལ་བསྒུག་ནའང་ཁོའི་དབུགས་ཀྱི་རྒྱུ་བ་ཇེ་ཕྲར་འགྲོ་གི་མི་འདུག མཐའ་མ་དེར་ངས་མདེའུ་ལྷག་མ་གཉིས་པོ་བླངས་ཏེ་ཁོའི་སྲོག་རྩ་ཡོད་ཐག་ཆོད་ཀྱི་ས་དེར་གཏད་ནས་འཕང་། ཁོའི་ལུས་ཕུང་ནས་ཁྲག་མཐུག་པོ་སྤྲི་དམར་འདྲ་ཞིག་ཕྱི་རུ་འཛར། ཁོ་ད་དུང་ཡང་མ་ཤི། མདེའུ་དེ་ཕོག་སྐབས་ཁོའི་གཟུགས་པོར་ཐ་ན་གསིག་དཀྲུག་ཙམ་ཡང་མ་བྱས་ཤིང་། མནར་སྡུག་གི་དབུགས་ཐག་དེ་མུ་མཐུད་ནས་འདུག ཁོའི་སྲོག་རྩ་དེ་ཧ་ཅང་དལ་མོ་དང་ན་ཟུག་གི་ངང་ནས་ཆད་ཀྱིན་ཡོད་པ་རེད། ཡིན་ཡང་། ང་དང་རྒྱང་ཐག་ཧ་ཅང་རིང་སའི་འཇིག་རྟེན་ཞིག་ཏུ་ཐ་ན་མེ་མདས་ཀྱང་ཁོ་རང་དེ་ལས་ལྷག་པ་ཞིག་ཚར་གཅོད་རྒྱུ་མི་འདུག ངའི་བསམ་པར་ད་ནི་ངས་འཇིགས་རུང་གི་འོ་དོད་དེ་ཡོངས་སུ་མེད་པ་བཟོ་དགོས་པར་སྙམ། སེམས་ཅན་གཏོས་ཆེ་བ་དེ་ལྟ་བུ་ཞིག་ལ་འགུལ་སྐྱོད་ཀྱི་ནུས་པ་མེད་ལ། འཆི་བའི་ནུས་པའང་མེད། ཐ་ན་ཁོ་གཏན་དུ་མེད་པའང་བཟོ་མ་ཐུབ་པར་དེ་མུར་བལྟས་སྡོད་པ་ནི་ལྷག་པར་འཇིགས་རུང་ཞིག་ཏུ་མཐོང་། ངས་སླར་ཡང་ངའི་ཐུང་མདའ་དེ་ལེན་པར་མངགས་ཤིང་། དེས་ཁོའི་སྲོག་རྩ་དང་ཐ་ན་མིད་པའི་ནང་དུའང་མདེའུ་གཅིག་འཕྲོར་གཉིས་མཐུད་དུ་འཕང་། འདི་དག་གིས་ཀྱང་ཕན་ཐོགས་ཆེར་མ་བྱུང་བ་འདྲ། ཁོའི་ཟུག་རྔུའི་ཧལ་སྒྲ་ནི་དུས་ཚོད་ཀྱི་ཐག་སྒྲ་ལྟར་མུ་མཐུད་ནས་འདུག
མཐའ་མར། ང་ངོ་མས་མུ་མཐུད་ནས་འདུག་མ་ཐུབ་པས་ལོག་ཕྱིན་པ་ཡིན། རྗེས་སུ་གོ་ཚོད་ལ། ཁོ་ཤི་རག་བར་དུ་ད་དུང་དུས་ཚོད་ཕྱེད་ཀ་ཅིག་འགོར་ཐལ་ཟེར། ང་མ་སོང་གོང་དུ་འབར་མ་བ་རྣམས་ཀྱིས་ཟེའུ་དང་སྡེར་སྣོད་སོགས་ཁྱེར་ནས་བསླེབས་འདུག་ལ། བཤད་ཚུལ་ལ་ཁོ་ཚོས་ཕལ་ཆེར་ཉིན་རྒྱབ་ཅིག་བར་དུ་ཁོའི་ཤ་ཚིལ་ཡོངས་སུ་བཀོག་སྟེ་ཕལ་ཆེར་རུས་པ་ལ་གཏུགས་སོང་ཟེར།
དེའི་རྗེས་ནས། གླང་ཆེན་དེ་བསད་རྐྱེན་སྐོར་ལ་ལབ་གླེང་སྣ་ཚོགས་ཤིག་བྱུང་བ་ནི་བཤད་ཅི་དགོས། བདག་པོ་དེ་ཁོང་ཁྲོས་འབར་གྱིན་པར་བཤད། ཡིན་ནའང་ཁོ་ནི་རྒྱ་གར་བ་ཞིག་ཡིན་པ་དེ་ཙམ་རེད། ཅི་བྱ། དེའི་ཁར། ཁྲིམས་ཐོག་ནས་བཤད་ན་ངས་ནི་སྒྲུབ་འོས་པ་ཞིག་བསྒྲུབས་པ་རེད། གླང་ཆེན་སྨྱོན་པ་ནི་ཁྱི་སྨྱོན་དང་མཚུངས་ལ། བདག་པོས་ཉར་མ་ཐུབ་ཚེ་གང་ལྟར་གསོད་དགོས་པ་རེད། ངའི་དོན་དུ། ཡུ་རོབ་པ་ཚོ་བསམ་ཚུལ་གཉིས་སུ་གྱེས་འདུག རྒན་པ་ཚོས་ངས་བསྒྲུབས་པ་འགྲིག་འདུག་ཟེར། གཞོན་པ་ཚོས། ཀོ་ལི་ཞིག་བསད་པའི་དབང་གིས་གླང་ཆེན་ཞིག་ལ་མེ་མདའ་བརྒྱབ་ནས་བསད་པ་ནི་ངོ་ཚ་ཡིན་ལ། མ་གཞི་ནས་གླང་ཆེན་ནི་རྒྱ་གར་གྱི་ཀོ་ལི་ནག་རིལ་ཞིག་ལས་རིན་གོང་ཆེ་བར་བཤད། རྗེས་ནས། ཀོ་ལི་དེ་བསད་པ་དེར་ང་རང་ཧ་ཅང་གི་དགའ་བོ་བྱུང་། དེས་ང་ཁྲིམས་ཐོག་ནས་དག་འབུད་བྱས་པར་མ་ཟད་གླང་ཆེན་དེ་བསད་པ་ལའང་འདང་ངེས་པའི་རྒྱུ་མཚན་ཞིག་སྤྲད། ཡིན་ནའང་ང་རང་ནམ་རྒྱུན་ཡ་མཚན་པ་ཞིག་ནི། མི་གཞན་པ་སུ་ཞིག་གིས་ངས་ནི་གླང་ཆེན་དེ་བསད་དོན་ནི་རང་ཉིད་ལ་གླེན་ཞེད་དང་ལྐུགས་མདོག་དེ་མི་ཤར་བ་ཁོ་ནའི་ཆེད་དུ་ཡིན་པ་ཤེས་ཡོད་ན་མེད་ན་སྙམ་པ་དེ་རེད།
མཇུག ངས་ནི་རྩོམ་པ་པོ་ཁོང་གིས་དོན་དག་ཅི་ཞིག་ཇི་ལྟར་བཤད་པ་དེ་ངས་དེ་ལྟར་དུ་ཨེ་ཤོད་ལ་བལྟས་པ་ཡིན། འདི་ངའི་དམིགས་ཡུལ་ཡིན། སྒྲུང་བཀླགས་ཚར་རྗེས་མིག་བཙུམ་ན་ཡིད་ན་ཁྲ་ཀྲིག་གེར་མེད་དུས་ངས་མ་བ་ནི་ཡིན། འདིའི་ནང་ངས་བྱ་ཚིག་ལ་དོ་སྣང་ཅུང་བྱས། ནོར་བ་དང་འཁྲུལ་བ་ཡོད་ན་དགོངས་དག རྩོམ་འདི་དྲ་ཐོག་ན་ས་ཁྱབ་རྡོ་ཁྱབ་ཏུ་ཡོད་པ་ཁྱོད་ཀྱིས་ཀྱང་ལོས་ཤེས། དེ་ནས་བསྡུར་རོགས། རྩམ་པ་རྒྱལ་གྱིས།
[1]ཁ་མུར་ལོ་མ།Betelཔཱན། ཁ་མུར་ལོ་མ། = འདི་གོ་ཡུའི་འབྲས་བུ་དང་མཉམ་དུ་ཡུལ་ལ་ལར་ཁ་མུར་བྱེད། འབྲུག་པ་དང་འབར་མ་བ། རྒྱ་གར་བ་སོགས་ལྷོ་ཤར་ཨེ་ཤ་ཡའི་མི་རིགས་རྣམས་ཀྱིས་ཐ་མག་ལྟར་སྤྱོད་པའི་ལོ་མ་ཞིག་རེད། ང་འབྲུག་མོ་ཚོར་མི་དགའ་དོན་དེ་ཡིན། ད་ཐེངས་འབྲུག་པ་ཀུན་ལེགས་འདིར་མི་གླེང་ནི་བྱ། ཁོང་གི་སྐོར་ལ་ཚོད་དཔག་གི་དེབ་ཅིག་ང་ལ་ཡོད། དུས་སྐབས་དེ་དག་དུ་རྒྱ་གར་བྱང་ཕྱོགས་སུ་དར་བའི་ཉོག་མ་ལུང་ཐུང་གི་སྐོར་རེད།
[2]* .44 winchester འདི་ནི་རྒྱ་གར་པུ་ར་མ་རེད། དབྱིན་ཇིའི་མེ་མདའ་ཞིག་རེད། གྷོ་གྷལ་ནང་དུ་ཚོལ་དང་པར་མང་གི། དེ་ལབ་ན་རྒྱ་གར་པུ་ར་ཟེར་དོན་ལ་ངའི་ཨ་ཁུས་ཅིག་བཤད་ཐལ། བོད་པ་ཆོར་མཚོན་ན། རྒྱ་གར་ནས་ཡོང་ཚད་པོ་ཡག་པོ་ཡོད་སྟབས། གང་བྱུང་ན་དེ་ཚང་མ་ཡག་པོ་ཡོད་ལ། པུ་ར་ནི་ཚང་མའི་དོན་ཨེ་རེད་ཟེར། རེད་མོ། མེ་མདའ་དེའང་ཡག་དང་མི་ཡག་ལ་ཐེ་ཚོམ་མི་དགོས་སྟབས་རྒྱ་གར་པུ་ར་ཞེས་ཐོགས་པར་བཤད།
[3]ཀོ་ལི།* གླ་བ། ཤུ། རྒྱ་གར་གྱི་གླ་བ་འདིའི་རིགས་ཀྱིས་ད་རུང་འདག་གིན་ཡོད་པ་རེད། གླ་ཆ་གཏན་འཁེལ་ཞིག་ནི་མེད། མེ་འཁོར་འབབ་ཚིགས་གང་ལ་སོང་ན་འདི་དག་ཡོད། ཁོང་ཚོ་གཉིད་མ་སད་ཅིག་ཡིན། གླ་རིན་ཡང་གོང་གཏམ་དགོ་ནི་རེད། ཁོང་ཚོ་ལའང་གོང་འདི་ཡིན་ཟེར་བ་ཞིག་མེད། ཇི་འདྲ་འདྲའི་འཇིག་རྟེན་ཞིག
[4]དུག་ལོག་ཧར་པོ།* ངས་ནི་འདིར་དཀར་དམར་ལྗང་སེར་སོགས་ཟེར་གི་མེད། གྱོན་ཆས་ཤིག་རེད། དེའང་རྒྱ་གར་གྱི་རེད། རི་མོ་རུ་བཞིར་ཡོད་པ་དེ་དག ཕྱི་གླིང་བ་ཚོས་རས་ཀྱི་རི་མོ་ལ་བལྟས་ནས་ཀྱང་་ཤེས་འགྲོ་གི། གང་ལྟར། བུ་མོ་ཚོ། དེ་ལས་ཀྱང་ལྷོ་ཤར་ཨེ་ཤ་བ་རྣམས་འབུད་སྟངས་ཤིག་བཤད་པ་དེ་ཡིན། ཁོང་ཚོ་རིག་དགོ་ནི་རེད། རིག་དགོ་ན་མདོག་དགོ་ནི་རེད། དེ་གིས་ད་ཁྲ་ཁྲ་རིག་རིག་ནི་ཁོང་ཚོའི་ཁྱད་ཆོས་དང་བཅས་ཡག་ཡིན་ནི་རེད།
[5]*ཡཱར་ཌི་དང་ཨིན་ཆི། འདི་ནི་རིང་ཚད་དེ་རེད། ཕལ་ཆེར་སྒྲ་རང་སོར་བཞག་ན་གོ་བདེ་བར་འདོད། དག་ཡིག་ནའང་གསལ་ལ་མི་གསལ་བ་ཞིག་འདུག དེ་མ་གཏོགས་ངས་སོར་དང་སེན་མོ། འདོམ་པ། གོམ་པ་སོགས་ཀྱིས་གཞལ་དགོས་པ་རེད། ངའང་ཆད་གི། སྤྱིར་ནས་བོད་པ་ཚོ་ནི་འོབ་རྩིས་ལ་དགའ་གི་པ། སྡུག་གཞན་པ་འདག་ན་མ་འདོད་ལ།
ཆ་ཚང་བཀླགས་པ་ཡིན།
མིང་ཚིག་དང་ཐ་སྙད་བེད་སྤྱོད་བྱེད་སྟངས་ལ་ཡིད་འཕྲོག་པ་ཞིག་རེད། རྩོམ་ཡིག་འདིའི་རྒྱབ་ལྗོངས་དང་མཚོན་དོན་སོགས་གསལ་བོར་རྟོགས་དཀའ་བས་བསྐྱར་དུ་བསམ་བློ་མི་གཏོང་ཐབས་མེད་བྱུང་།
ཡག་པོ་ཞིག་བྲིས་འདུག་ལ་དེ་བཞིན་ཡག་པོ་ཞིག་བསྒྱུར་འདུག་པས་རྩོམ་པ་པོ་དང་སྒྱུར་བ་པོ་གཉིས་ཀར་བཀའ་དྲིན་ཆེ་ཞུ།
རེད། དགེ་འདུན་ལགས་ཀྱིས་གྲལ་བཟུང་བར་དགའ་ནས། དེ་ནས་ཁ་གྲག་མཁན་གཞན་ཨེ་ཡོད། ངོ་ཤོར་བ་དག་དག་་་་ ཅང་བཤད་ར་མི་ཤེས་ག ཉལ་རུལ་ཚོ། གནས་སྐབས་དེ་བྱེད།
ཨ་མདོའི་ཡུལ་སྐད་མང་དྲགས་འདུག གཞན་བཤད་ཤེས་མ་སོང་།
འོ་ཡ་ཡ། ད་བགྲོ་གླེང་ཅི་ཡང་མེད་ན། ཁོང་གི་ཤ་ཞེན་དེའི་སྐོར་གང་འདྲ་འདུག མི་རིགས་དཀར་པོའི་སྐོར། གླང་ཆེན་འདི་གསོད་དོན་ཡང་བཤད་འདུག ཁོས་སྡུག་མཡངས་ཐལ། ད་རུང་མང་གི་རུང་རྗེས་ལ་འཇོག ཨ་མདོའི་སྐད་ང་ལ་ཨ་མས་བསླབས་ཐལ། དགོངས་དག
མྱངས།
འགྱུར་རྩོམ་ལེགས་པོ་གདའ། བཀླགས་ཟིན། བཀའ་དྲིན་ཆེ།