མགར་རྡོར།
༡ མཁྱེན་གསལ་ལྟར། གླང་དར་མ་ཁོང་སྤུར་རྒྱལ་བཙན་པོའི་རྒྱལ་རྒྱུད་བོད་སྤྱི་ལ་དབང་མཛད་མཁན་མཐའ་མ་དེ་རེད། གླང་དར་མའི་ཤི་རྐྱེན་ལ་བསྐྱར་བརྟག་ཅིག་བྱེད་བསམ་ནས་ཡུན་རིང་འགོར་ཡོད། རྒྱུ་མཚན་གླང་དར་མའི་ཤི་རྐྱེན་འདི་བོད་བཙན་པོའི་རྒྱལ་རབས་རྩ་འཐོར་དུ་སོང་བའི་རྐྱེན་རྩར་ཐུག་ཡོད་པར་མཐོང་བས་ཡིན། མཐར་དེད་ན་དུས་རབས་བརྒྱད་པའི་ནང་གི་སྔགས་ལོག་སྡེ་གཟར་ལ་བརྙད་ཅིག་བསྐོ་བསམ་ནི་ཡང་ཡིན། སྤྱིར་བཏང་ཡིན་ན། གླང་དར་མའི་སྐོར་གྱི་རྩོད་ཉོག་འདི་རྩོད་ཉོག་རྙིང་པ་ཞིག་རེད། བོད་མི་སྡེབ་པོའི་རྣ་རྩར་གཞག་གཞག་ལ་ཡོད་པ་ཞིག་རེད་མོད། འོན་ཀྱང་ཁོ་བོས་མཐོང་བའི་སྔར་བྲིས་ཀྱི་རྩོམ་ཡིག་ཐམས་ཅད། དཔལ་རྡོར་གྱིས་གླང་དར་བསད་པར་བསྟོད་སྨད་གཉིས་དང་། གླང་དར་གྱིས་ཆོས་བསྣུབ་པར་བསྟོད་སྨད་གཉིས་བྱུང་བའི་བརྗོད་བྱ་ཁོ་ན་ཙམ་ལས་འདའ་མི་འདུག་སྙམ། དེ་བས་ང་ལ་མཚོན་ན་གླང་དར་མའི་ཤི་རྐྱེན་གླེང་རྒྱུ་འདི་ད་རུང་ཧ་ཅང་གསར་བ་གསར་རྐྱང་ཞིག་གི་ངོ་བོར་གནས་ཡོད། དུས་རབས་བརྒྱད་པའི་ནང་གི་སྔགས་ལོག་སྡེ་གཟར་འདི་གླང་དར་མའི་ཤི་རྐྱེན་དང་བོད་བཙན་པོའི་རྒྱལ་རབས་ཉམས་པ་གཉིས་ཀྱི་ཕྱི་མོའི་ཉེར་ལེན་ལྟ་བུར་མཐོང་ནས་གླེང་གི་ཡིན།
༢ ཁྲི་སྲོང་ལྡེ་བཙན། ཁྲི་ལྡེ་སྲོང་བཙན། ཁྲི་གཙུག་ལྡེ་བཙན། འུ་དུམ་བཙན་པོ། རྒྱལ་པོ་འདི་བཞི་ནི་དུས་རབས་བརྒྱད་པའི་གཡས་གཡོན་གྱི་རིམ་བྱོན་རྒྱལ་རབས་ཤིག་རེད། བོད་བཙན་པོའི་རྒྱལ་རབས་དར་རྒུད་ཀྱི་དཀྱོག་མཚམས་གལ་ཆེན་ཞིག་ཀྱང་རེད། བོད་རྒྱལ་ལོ་ཉིས་སྟོང་བརྒྱ་དང་ལྔ་བཅུའི་རིང་། བོད་ཆེན་པོའི་མངའ་ཐང་རྒུད་པའི་མགོ་འཛུག་སའང་རྒྱལ་པོ་འདི་ཚོའི་སྐབས་ནས་རེད་འདུག ཁྲི་སྲོང་ལྡེ་བཙན་དང་ཁྲི་གཙུག་ལྡེ་བཙན་གཉིས་ནི་བོད་ཆེན་པོའི་ཆབ་སྲིད་དར་རྒྱས་ལ་མཛད་རྒྱས་ཆེ་བའི་མེས་དབོན་རྣམ་གསུམ་ལས་ཕྱི་མ་གཉིས་རེད། དེ་དང་མཉམ་དུ་བོད་བཙན་པོའི་རྒྱལ་རབས་རྩ་གཏོར་བཏང་བའི་ས་བོན་འདེབས་མཁན་གཙོ་བོ་ཡང་ཁོང་གཉིས་རེད་འདུག ཁྲི་ལྡེ་སྲོང་བཙན་ནི་འཇོན་ཐང་ཆེ་བའི་རྒྱལ་བོ་ཞིག་མིན་ནའང་། ཁྲི་སྲོང་ལྡེ་བཙན་གྱིས་བཏབ་པའི་སྔགས་ཆོས་ཀྱི་ས་བོན་གཉོར་སྐྱོང་མཁན་གཙོ་གྲས་ཤིག་རེད། འུ་དུམ་བཙན་པོ་ནི་གླང་དར་མའི་མིང་དངོས་གནས་དེ་རེད། བསྟན་པ་སྣུབ་མཁན་གླང་དར་མ་ཞེས་པ་དེ་འུ་དུམ་བཙན་པོའི་བཏགས་མིང་རེད།
༣ ཀ་མ་ལ་ཤཱི་ལ། གུ་རུ་པདྨ། བཱི་མ་ལ་མུ་ཏྲ། བུ་དྷ་གུ་བྷ། རྒྱ་གར་བ་འདི་བཞི་ནི་དུས་རབས་བརྒྱད་པའི་གཡས་གཡོན་དུ་བོད་ལ་རིམ་པར་བྱོན་པའི་ཨ་ཙ་ར་སྐད་གྲགས་ཅན་ཏག་ཏག་རེད། བལ་བོ་ནས་བྱོན་པ་རྒྱ་གར་བ་ཀ་མ་ལ་ཤཱི་ལ་དང་བལ་བོ་ནས་བྱོན་པ་རྒྱ་གར་བ་གུ་རུ་པདྨ་གཉིས་ནི། མཁན་ཆེན་ཞི་བ་འཚོས་ངོ་སྦྱོར་ལ་བརྟེན་ནས་བོད་དུ་ཕེབས་པ་ཞིག་རེད་འདུག བཱི་དྷ་གུ་བྷ་ནི་ཁྲི་ལྡེ་སྲོང་བཙན་གྱིས་སྦྱན་དྲངས་འདུག བཱི་མ་ལ་མུ་ཏྲ་ནི་རང་འགུལ་གྱིས་བོད་དུ་ཕེབས་པ་ཞིག་ལ་མངོན། ཀ་མ་ལ་ཤཱི་ལ་ནི་མདོ་མིན་སྔགས་མིན་གྱི་ཆོས། མདོ་སྔགས་ཟུང་འབྲེལ་བཤད་མཁན་ཞིག་རེད་འདུག གཞན་གསུམ་ནི་སྔགས་འཆང་གི་རྣལ་འབྱོར་བ་གཤའ་མ་ཏག་ཏག་རེད་འདུག དུས་རབས་བརྒྱད་པའི་ནང་གི་སྔགས་ལོག་སྡེ་གཟར་གྱི་མི་སྣ་གཙོ་བོ་ཡང་ཁོང་རྣམ་པ་རེད། ཕྱི་ནས་ཡོང་མཁན།
༤ ཁྲི་སྲོང་ལྡེ་བཙན་གྱིས་ཆོས་སྤེལ་མཁན་ཀ་མ་ལ་ཤཱི་ལ་བསམ་ཡས་སུ་གདན་དྲངས་ནས་ཆོས་ཀྱི་དམག་འཁྲུག་ཆེན་པོ་ཞིག་གི་མགོ་བསླངས། ཁྲི་ལྡེ་སྲོང་བཙན་གྱིས་པཎ་ཊི་ཏ་བུ་དྷ་གུ་བྷ་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་སྦྱན་དྲངས་ནས་གསང་སྔགས་ཆེས་ཆེར་བསྒྱུར། གུ་རུ་པདྨས་དྲག་པོའི་སྔགས་འཕྲུལ་གྱིས་བོད་མི་རྣམས་སྔགས་ཆོས་ལ་བཙུད་པར་རམ་འདེགས་བྱས། གུ་རུའི་ཐུགས་སྲས་སུ་གྱུར་བ་བཱ་མི་ལ་མུ་ཏྲས་དེ་ལ་གཤོག་འོག་རླུང་འདེགས་བྱས། མདོར་ན་ཁྲི་སྲོང་ལྡེ་བཙན་གྱིས་བོད་ལ་སྔགས་ཆོས་ཀྱི་སྲོལ་ཆེས་ཆེར་ཕྱེས ཁྲི་ལྡེ་སྲོང་བཙན་གྱིས་སྔགས་ཆོས་ཆེས་ཆེར་བསྒྱུར་ཅིང་སྤེལ། ཁྲི་གཙུག་ལྡེ་བཙན་གྱིས་སྔགས་ཆོས་སྤེལ་ཞིང་བཀག འུ་དུམ་བཙན་པོས་སྔགས་ཆོས་བཀག་ཅིང་ཆེས་ཆེར་བསྣུབས། འདི་ནི་དུས་རབས་བརྒྱད་པའི་ནང་གི་སྔགས་ལོག་སྡེ་གཟར་གྱི་ཡུལ་ངོས་དང་གླང་དར་མའི་ཤི་རྐྱེན་དངོས་རེད། མ་ཟད་བོད་ཆེན་པོའི་མངའ་ཐང་སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་འཁོར་མཚམས་བཞག་སྟེ། ཤས་ཙང་། སི་ཁྲོན། ཀན་སི། ཆན་ཧེ། ཡུན་ནན་སོགས་སུ་འཐོར་བའི་རྐྱེན་རྩའང་འདི་རེད། ད་རུང་ཇོ་མོ་གླང་མ་དཀྱིལ་ནས་བཀས། སྤང་གོང་གཡུ་མཚོ་སྐེད་ནས་བཅད། ཧ་མ་ལ་ཡི་རི་རྒྱུད་ལ་ཕྱི་ནང་ཕྱེས་པའང་འདིའི་ལྷན་ཅིག་བྱེད་རྐྱེན་ཞིག་ལ་མཐོང་གི་ཡོད།
༥ དམག་དཔོན་ཆེན་མོ་སྟག་སྒྲ་ཀླུ་གོང་། སྔགས་འཆང་ཆེན་མོ་མྱང་ཏིང་འཛིན་བཟང་བོ། འདི་གཉིས་ནི་དུས་རབས་བརྒྱད་པའི་ནང་བོད་ལ་སྐད་གྲགས་ཆོད་པའི་མི་སྣ་རླབས་ཆེན་གཉིས་རེད། གཅིག་དམག་དཔོན་ཞིག་རེད། གཞན་དེ་ཆོས་དཔོན་ཞིག་རེད། མི་སྣ་འདི་གཉིས་ལ་བཙན་པོས་བཀས་བཅད་དེ་ཆེད་བསྟོད་ཀྱི་རྡོ་རིང་གཉིས་གཉིས་བཞི་བསླང་མྱོང་འདུག སྟག་སྒྲ་ཀླུ་གོང་གཙོར་བྱས་ཁོང་གི་ཁྱིམ་རྒྱུད་དང་བཅས་པར་ཁྲི་སྲོང་ལྡེ་བཙན་གྱིས་ས་ལྷ་ཞོལ་གྱི་རྡོ་རིང་དང་། བློན་ཆེན་རང་གི་ཕ་ཡུལ་དུ་རྡོ་རིང་གཤོག་པ་ཅན་ཞེས་པ་ཞིག་བཅས་གཉིས་བཙུག མྱང་ཏིང་འཛིན་བཟང་པོ་གཙོར་བྱས་ཁོང་གི་ཁྱིམ་རྒྱུད་དང་བཅས་པར་ཁྲི་ལྡེ་སྲོང་བཙན་གྱིས་དབུ་སྟོད་ཞྭ་ལྷ་ཁང་མདུན་དུ་རྡོ་རིང་གཉིས་བཙུག སྟག་སྒྲ་ཀླུ་གོང་གིས་འབུམ་དམག་རྒྱ་ལ་དྲངས་ཏེ་རྒྱའི་གོང་མ་ཁྲི་ལས་བྱོལ་བ། མདོ་སྨད་ཀྱི་དབྱར་འདུན་བསྡུས་ཏེ་རྒྱ་བོད་ས་མཚམས་གཏན་ཁེལ་བརྟན་པོར་བྱས་པའི་མཛད་རྗེས་སུ་བཙུག་པ་ཞིག་རེད་འདུག མྱང་ཏིང་འཛིན་བཟང་པོར་བོད་ཀྱི་སྔགས་མཁན་དང་པོ། རྒྱལ་བོའི་བླ་མཆོད་དུ་གྱུར་བ། བཙན་པོའི་ཕོ་བྲང་ནང་གསང་སྔགས་ཆེས་ཆེར་སྤེལ་བའི་མཛད་རྗེས་སུ་བཙུག་པ་ཞིག་རེད་འདུག ཆེད་བསྟོད་རྡོ་རིང་འདི་གཉིས་ཀྱིས་ཁྲི་སྲོང་ལྡེ་བཙན་དང་ཁྲི་ལྡེ་སྲོང་བཙན་ཕ་བུ་གཉིས་ཀྱི་བསམ་བློའི་འགྱུར་ལྡོག་མཚོན་ཡོད། བཙན་པོའི་ཕོ་བྲང་ནང་མིའི་མི་ཚེར་རིན་ཐང་ལྟ་བའི་འགྱུར་ལྡོག་ཀྱང་མཚོན་འདུག འདི་ནི་དུས་རབས་བརྒྱད་པའི་ནང་གི་སྔགས་ལོག་སྡེ་གཟར་གྱི་སྦྱོར་བ་དང་། གླང་དར་མའི་ཤི་རྐྱེན་གྱི་སྔོན་འགྲོའི་འཕོ་བའང་རེད་འདུག
༦ དུས་རབས་བརྒྱད་པའི་ནང་། ཡར་ལུང་གཙང་པོའི་འགྲམ་རྒྱུད་ཀྱི་བསམ་ཡས་སྒར་ཁ་ནི། ཡ་གླིང་གི་ཆོས་ཀྱི་དམག་ས་ཆེས་ཆེ་ཤོས་དེ་རེད་འདུག གཉུག མའི་བོན་པོའི་ཆོས་ལུགས། ཕྱི་འབྱོར་རྒྱ་ནག་ཧ་ཤང་གི་ཆོས་ལུགས། རྒྱ་གར་སངས་རྒྱས་ཆོས་ལུགས། སྟག་གཟིག་མ་ཎི་ཆོས་ལུགས་བཅས་ཆོས་ལུགས་ཆེན་པོ་བཞི་ཡི་དམག་ས་རུ་གྱུར་འདུག ས་ཆུང་ཆུང་བསམ་ཡས་ལུང་པར་ཡང་སྐབས་དེར་རྒྱལ་ཁབ་ཆེན་པོ་བཞིའི་ཆོས་དམག་སླེབས་ཏེ་ཁྱོད་ཤི་ང་གསོན་གྱི་གཡུལ་ཆེན་བཤམས་མྱོང་འདུག གཡུལ་ཆེན་འདི་ཁྲི་སྲོང་ལྡེ་བཙན་གྱི་ས་ཐོག་ནས་བརྒྱབ་པ་ཡིན་མོད་ཁོང་དེ་ལ་འཐད་པ་རེད། མ་ཟད་ཁོང་གཡུལ་ཆེན་དེའི་ཤན་འབྱེད་པའང་རང་མོས་ཀྱིས་གནང་འདུག ཁྲི་སྲོང་ལྡེ་བཙན་གྱི་འབང་མི་སེར་ལ་ཁེ་བསང་གང་ཡང་མེད་པའི་གཡུལ་ཆེན་དེ། མཐར་ཁྲི་སྲོང་ལྡེ་བཙན་རང་ཉིད་དང་རང་གི་རྒྱལ་རྒྱུད་ཕྱི་མ་རྣམས་ཀྱིས་མུ་མཐུད་དུ་མི་རྒྱག་ག་མེད་བྱུང་འདུག
༧ ཁྲི་སྲོང་ལྡེ་བཙན་སྲིད་ཀྱིས་དམག་འཁྲུག་ལ་ཞེན་པ་ལོག་སྟེ་ཆོས་ཀྱི་དམག་འཁྲུག་དུངས་པས་མཆོད་མགོ་ཡང་སྡེ་གཟར་འདི་ནས་བརྩམ་འདུག གཡུལ་འགྱེད་འདིའི་རྒྱལ་ཁ་སུ་ལ་ཐོབ་མིན་བདག་གིས་གསལ་བོ་མ་ངེས་མོད། ཁྲི་སྲོང་ལྡེ་བཙན་གྱིས་བཤད་ན། ཀ་མ་ལ་ཤཱི་ལའི་ཕྱོགས་གཏོགས་ལ་ཐོབ་པར་བསྒྲག འོན་ཀྱང་སྡེ་གཟར་འདིའི་ཕམ་ཁ་ནི་གཡུལ་འཁྲུག་འདིའི་མཇུག་འབྲས་ངོ་མ་དེ་རེད། མི་བསམ་ས་ནས་གཡུལ་འགྱེད་འདིའི་ཁྲོད་ཕམ་ངོ་མ་བོད་ཆེན་པོའི་བཙན་རྒྱལ་དེ་དང་། ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་ད་ལྟའི་ཤས་ཙང་འདི་ཕམ་པ་རེད། ད་རུང་གཡུལ་འགྱེད་འདིས་དུས་རབས་བརྒྱད་པའི་ནང་གི་སྔགས་ལོག་སྡེ་གཟར་གྱི་མགོ་བསླངས་པ་དང་། གླང་དར་མའི་ཤི་རྐྱེན་ལ་དངོས་སུ་ས་བོན་བཏབ་པའང་རེད་འདུག
༨ གསེར་གྱི་གཡུལ་འགྱེད། དུས་རབས་བརྒྱད་པའི་གཡས་གཡོན་ལ་རྒྱ་གར་བ་རྣམས་ཀྱིས་གསེར་གྱི་ཕྱིར་བོད་ལ་ཆོས་ཀྱི་དམག་དྲངས། རྒྱ་གར་པཎ་ཊི་ཏ་དགུ་བཅུ་ལྷག་བོད་ལ་བྱོན། མང་ཕྱོགས་གསེར་ཚོང་མཁན་རེད། ཨ་ཙ་ར་འདི་ཚོས་བོད་ལ་ཁུར་ཡོང་བའི་ཚོང་རྫས་ནི་མང་ཕྱོགས་མཐུ་དང་ངན་སྔགས་ཀྱི་ཆོ་ག་དག་རེད། མཉམ་དུ་མོན་གྱི་སྨྱོ་ཆུའང་ཁུར་འདུག བོད་མི་ལོ་ཙཱ་བ་སུམ་བརྒྱ་དྲུག་ཅུ་ལྷག་ཆོས་སློབ་པའི་ཕྱིར་རྒྱ་གར་ལ་ཕེབས། ཁོང་ཚོས་ཕར་ཁུར་འགྲོ་བའང་གསེར་རེད། ཏུ་རུ་ཀ་རྣམས་ཀྱིས་གསེར་གྱི་ཕྱིར་རྒྱ་གར་ལ་དྲག་པོའི་དམག་དྲངས། ཁོང་ཚོས་ཉིན་རེར་རྔ་མོང་ལ་ཤིང་རྟ་བརྒྱབ་པ་ལྔ་བཅུ་རེ་ཁྱེར་མྱོང་བའི་ལོ་རྒྱུས་ཡོད། དུས་རབས་བརྒྱད་པའི་ནང་རྒྱ་གར་ཨ་ཙ་ར་ཆོས་སྤེལ་དཀར་ནག་ཁྲ་གསུམ་རྦབ་རྡོ་བཞིན་བོད་ལ་འགྲིལ་བཞིན་པའི་སྐབས་དེར། གསང་སྔགས་དང་ངན་སྔགས་མཉམ་དུ་དར་ཞིང་། མོན་གྱི་སྨྱོ་ཆུ་དང་སྔགས་ཀྱི་བུམ་ཆུ་མཉམ་དུ་བོད་ལ་བཞུར་ནས་ཡོང་འདུག གཤིས་རྒྱུད་དྲང་བའི་བོད་མི་རྣམས་ཀྱིས་ངན་སྔགས་གསང་སྔགས་ལ་འཁྲུལ་ནས་ཉམས་ལེན་བྱས། སྨྱོ་ཆུ་བུམ་ཆུ་ལ་ནོར་ནས་མཉམ་དུ་འཐུང་། སྣང་བ་འཁྲུལ་བའི་བོད་མི་རྣམས་ཀྱིས་ཡུལ་སྡེ་ལུང་སྡེ་བྱས་ནས་རྒྱ་གར་ཨ་ཙ་ར་རྣམས་ལ་གསེར་གྱིས་མཆོད་པ་ཕུལ་འདུག མདོར་ན་བོད་བཙན་པོའི་མངའ་ཐང་རྒྱ་གར་སྔགས་ཆོས་ཀྱིས་འཇིག་ཅིང་། དེ་བཞིན་རྒྱ་གར་སྔགས་ཆོས་ཀྱང་བོད་ཆེན་པོའི་གསེར་གྱིས་འཇིག་པར་མངོན། མདོར་ན་འདི་དག་ཐམས་ཅད་བོད་བཙན་པོའི་ཕོ་བྲང་ནང་སྔགས་ལོག་སྡེ་གཟར་ཡོང་བའི་དངོས་རྒྱུ་རེད་ལ། སྔགས་ལོག་སྡེ་གཟར་དེས་གླང་དར་མ་བསད་པའང་རེད།
༩ ལྡེའུ་ཆོས་འབྱུང་ལྟར་ན། གླང་དར་མས་བསྟན་པ་སྣུབ་དགོས་པའི་རྒྱུ་མཚན་ལ། “ལྷ་ཁང་ཐམས་ཅད་ནི་སྔགས་པས་བཟུང་། རྒྱལ་སྲིད་ཆོས་ལ་ཤོར་དོགས་ཀྱིས། རྗེ་བོས་ཆོས་སྤངས།” ཇི་ལྟར་སྣུབ་ཚུལ་ལ། “སྔགས་ཀྱི་བརྒྱུད་ཐམས་ཅད་ཕྱིར་རྒྱ་གར་དུ་བསྐྱལ། པོ་ཏི་དང་མཆོད་གནས་ཐམས་ཅད་ངན་ཁུངས་དང་ལྐུག་ཏུ་སྦས།” ཞེས་གསུང་འདུག ཁྲི་གཙུག་ལྡེ་བཙན་སྐབས་ཕོ་བྲང་ནང་སྔགས་ཆོས་ལ་རྩོད་པ་ཤོར། ལྷ་ཁང་ཐམས་ཅད་སྔགས་པས་བཟུང་། རྒྱལ་པོ་དང་སྔགས་པ་རྣམས་མ་འཆམ། གླང་དར་མའི་སྐབས་རྩོད་པ་དེ་རྣོ་ངར་ཅན་དུ་གྱུར་ནས་ཁྱོད་ང་གསོན་གྱི་གཡུལ་བཀྱེས། རྒྱལ་སྲིད་ཆོས་ལ་ཤོར་དོགས་ཀྱིས་དར་མས་ཆོས་བསྣུབས་པ་རེད། སྐབས་འདིའི་ཆོས་ནི་སྔགས་ཆོས་ལ་གོ་དགོས། དབང་ཐང་ཆེ་བའི་སྔགས་པ་རྣམས་ཀྱིས་གོ་སྐབས་བཙལ་ཏེ་རྒྱལ་བོ་ལྐོག་གསོད་བཏང་། ཁོང་ཚོས་དེ་ནི་ཕྱིར་རྒོལ་ལན་སློག་པའི་རྣམ་པ་བསྟན་ཏེ་རང་གི་ལམ་ཁ་བསལ་བར་རློམ་གྱིན་ཡོད་མོད། བོད་བཙན་པོའི་རྒྱལ་རབས་མཇུག་བསྡུ་བའི་སྦྱོར་བ་རྩོམ་གྱིན་པ་ཁོང་ཚོས་ཚོར་ཐུབ་གི་མེད་དོ།།
༡༠ འབྲུག་པ་པདྨ་དཀར་པོའི་ཆོས་འབྱུང་ལྟར་ན། “གླང་དར་བསྒྲལ་བའི་ཕྱིར་དུ་མཐུ་སློབ་ཏུ་ཕྱིན།” གསུང་འདུག དེས་ན་སུ་ཞིག་གླང་དར་བསྒྲལ་བའི་ཕྱིར་མཐུ་སློབ་ཏུ་ཕྱིན་པ་རེད་ཅེ་ན། ཁོང་ནི་བོད་ཀྱི་སྔགས་མཁན་ཆེན་པོ། མཁས་པ་ཆེན་པོ། སྔགས་ལོག་སྡེ་གཟར་གྱི་ལག་བསྟར་བློ་འདོན་པ་ཆེན་མོ། ཁྲི་གཙུག་ལྡེ་བཙན་གྱི་ཁ་གཏད་དམ། སྔགས་ལོག་སྡེ་ཁག་གི་རྒྱབ་རི་བཀན་མོ། སྔགས་ལོག་མཛད་སྤྱོད་པ་ཆེན་མོ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཁོང་རེད་འདིག་གོ། གནུབས་ཀྱི་རུས་རྒྱུད་འདི་བོད་བཙན་པོའི་སྐབས་སུ་ཁྱིམ་རྒྱུད་ཆེན་པོའི་གྲས་ཤིག་རེད། གནུབས་ཀྱི་རིགས་སུ་གཏོགས་པ་གནུབས་ཆེན་སངས་རྒྱས་ཡེ་ཤེས། གནུབས་ཀྱི་བཙུན་པ་ལྷ་ལུང་དཔལ་གྱི་རྡོ་རྗེ། གནུབས་དར་མ་རིན་ཆེན་སོགས་མཁས་པ་དང་། སྔགས་པ། ལོ་ཙཱ་བ་མང་པོ་བྱུང་མྱང་པའི་བོད་ཀྱི་རུས་རྒྱུད་ཆེན་པོ་ཞིག་རེད་འདུག
༡༡ གནུབས་སངས་རྒྱས་ཡེ་ཤེས་གླང་དར་བསྒྲལ་བའི་ཕྱིར་མཐུ་སློབ་པར་གང་དུ་ཕྱིན་པ་རེད་ཅེ་ན། བལ་བོའི་མཐིལ་ཏུ་ཕྱིན་འདུག དེར་ལོ་གསུམ་རིང་མཐུ་བསླབས་ནས་ཕྱིར་བོད་ལ་གླང་དར་བསྒྲལ་དུ་འཁོད་སྐབས། གླང་དར་མ་བསད་ཟིན་ནས་འདུག་གོ། དེས་ན་གླང་དར་མ་དངོས་སུ་གསོད་མཁན་ཁོ་སུ་རེད་ཅེ་ན། ཁོང་ནི་རྒྱ་བོད་མཐའ་མཚམས་སུ་དམག་སྣ་འདྲེན་མྱོང་མཁན། བློན་ཆེན་དང་དཔའ་བོའི་མཚན་སྙན་བཞེས་མྱོང་མཁན་སྟག་ཉ་བཟང་ལགས་རེད། འོ་རེད། སྟག་ཉ་བཟང་ལབ་ན་གྲོང་སྐད་རེད་མང་པོ་ཞིག་ལ་རྒྱུས་མེད་སྲིད་པས། ཆོས་སྐད་དུ། དཔལ་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ། རྗེ་འབངས་ཉེར་ལྔའི་ཡ་གྱལ། གཉགས་ལོ་ཙཱ་བའི་དངོས་སློབ་དཔལ་གྱི་མཚན་ཅན། བཱི་མ་ལ་མུ་ཏྲ་དང་གུ་རུ་ཆེན་མོའི་ཐུགས་ཀྱི་སྲས་སུ་གྱུར་བ། དེ་བཞིན་ཕོ་བྲང་ནང་མའི་སྔགས་ལོག་སྡེ་གཟར་གྱི་ལག་བསྟར་བ་ཆེན་མོ། བོད་ཀྱི་བཙན་པོ་ཆེན་པོ་གླང་དར་མའི་སྐུ་སྲོག་དངོས་སུ་ལེན་མཁན་ནི་གནུབས་ཀྱི་བཙུན་པ་ལྷ་ལུང་དཔལ་གྱི་རྡོ་རྗེ་ཁོང་རེད་དོ།།
༡༢ ཏིན་ཧུང་ཡིག་ཚགས་ལྟར་ན། གླང་དར་མ་བསད་ནས་མདོ་ཁམས་སྨད་དུ་བྲོས་འགྲོ་མཁན་ལྷ་ལུང་དཔལ་རྡོར་གཅིག་པོ་རེད་མི་འདུག གནུབས་ཀྱི་ཁྱིམ་རྒྱུད་དང་བཅས་པ་མདོ་ཁམས་སྨད་དུ་གནས་སྤོར་བྲོས་བྱོལ་བྱས་འདུག་པ་བསྟན་འདུག མཐར་དེང་སང་ཡང་ཨ་ཆེན་གནམ་རྫོང་། སྲིན་པོ་རྫ་ར། ཁམས་ར་སོགས་སུ་གནུབས་ཀྱི་རིགས་རྒྱུད་ཡོད་པར་ལོ་རྒྱུས་ཞིབ་འཇུག་པ་འགས་བཤད་འདུག གནུབས་ཀྱི་རིགས་རྒྱུད་དངོས་གནས་ཤིག་ད་ལྟར་མདོ་སྨད་དུ་ཡོད་མེད་མི་ཤེས་མོད། གནུབས་རིགས་ཀྱིས་ཁྱེར་ཡོང་བའི་སྔགས་ཆོས་ཀྱི་རྒྱུད་པ་ནི་མཚོ་སྔོན་གྱི་ས་ཕྱོགས་འགར་ཡོད་ངེས་ཅན་རེད་འདུག རྒྱུ་མཚན་ཁོང་ཚོས་སྤྱོད་བཞིན་པའི་སྔགས་ཆོས་ནི་སྔ་འགྱུར་རྙིང་མའི་རྫོགས་པ་ཆེན་པོ་མ་རེད་ལ། སྔགས་གསར་མའི་ལུགས་ཀྱི་ཟབ་མོ་རྡོ་རྗེ་ཐེག་པའང་རེད་མི་འདུག དེས་ན་སྔར་བཙན་པོའི་ཕོ་བྲང་ནང་གི་སྔགས་ལོག་ཟེར་བ་དེ་མིན་འགྲོ། མདའ་གཞུ་ཁུར་བའི་སྔགས་པ་དཔལ་རྡོར་ནི་མ་གཞི་ནས་ཆོས་པ་རྣམ་དག་ཅིག་མ་རེད། མ་ཟད་རྒྱལ་དོན་ལ་འགན་ཁུར་གྱི་འདུ་ཤེས་ཡོད་པའི་བོད་མི་ཡ་རབས་ཤིག་ཀྱང་མ་རེད།
༡༣ སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གླང་དར་གྱིས་བསྟན་པ་ཅིའི་ཕྱིར་སྣུབ་དགོས་པར་ལྟ་སྟངས་འདི་བོད་མི་མཁས་བླུན་ཚང་མ་དང་ཅུང་མ་འདྲ་བ་ཞིག་རེད་འདུག ཁོང་གིས། “རྒྱལ་བོ་གླང་དར་མ་ཞེས་པ། ཐུགས་རྗེ་ཆེན་པོས་ཞི་བའི་མི་ཐུལ་བའི་རིགས་གདུལ་ཆེད་དུ་སྤྲུལ་བ་ཡིན་ཡང་སྲིད། དེས་གཙོ་བོ་བསྟན་པ་མ་དག་པ་བྱུང་བ་རྣམས་སེལ་ཆེད་དུ་རྒྱལ་བསྟན་བསྣུབས་པའི་རྗེས་སུ་བྱུང་བ་ཤ་སྟག་ཏུ་གདའ།”གསུང་འདུག འདི་གླང་དར་མས་བསྟན་པ་ཅིའི་ཕྱིར་སྣུབ་དགོས་པའི་རྒྱུ་མཚན་ལ་གསུང་བ་རེད་འདུག གླང་དར་མ་བསྟན་དགྲ་བདུད་རྒན་ཞིག་ལ་མི་འདོད་མཁན་ཧ་ལམ་ཁོང་གཅིག་པུ་ཡིན་རྒྱུ་རེད་འདོད། གླང་དར་མས་ཆོས་སྣུབ་པ་དོན་དངོས་རེད། དེ་བས་ཁོང་སྔགས་ལོག་སྡེ་གཟར་ནང་ཚུད་པ་རེད། སྔགས་ལོག་སྡེ་གཟར་དེའི་ཁྲོད་ཁོང་གི་སྐུ་སྲོག་ཀྱང་ཤོར་བ་རེད།
༡༤ སྔགས་ལོག་སྡེ་གཟར་འདི་དངོས་སུ་རྒྱག་མཁན་ནི་བོད་ཀྱི་རྒྱལ་བོ་དང་བོད་ཀྱི་སྔགས་པ་རྣམས་རེད་འདུག གཙོ་བོ་དག་ནི་གནུབས་ཆེན་སངས་རྒྱས་དང་ཁྲི་གཙུག་ལྡེ་བཙན་ནམ་མངའ་བདག་ཁྲི་རལ་བ་ཅན། ལྷ་ལུང་དཔལ་རྡོར་དང་འུ་དུམ་བཙན་ནམ་རྒྱལ་བོ་གླང་དར་མ་བཅས་མི་སྣ་ཆེན་པོ་བཞི་རེད་འདུག་གོ། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་རྣམས་སུ་ཁྲི་རལ་བ་ཅན་གསོད་མཁན་གླང་དར་མ་ཡིན་པར་སྒྲུབ་གང་ཐུབ་བྱས་འདུག་མོད། བདག་གིས་ཁོང་ཚོར། ཁྱོད་ཚོ་མ་རབས་ཚ་བ་ལ་ཞེས་བརྡ་ལེན་སྟབས་བདེ་ཞིག་གིས་འཐུས་པར་བྱེད་རྒྱུ་ཡིན། ཁྲི་གཙུག་ལྡེ་བཙན་ཁོང་སྐེ་དཀྱུས་ནས་གསོད་མཁན་གནུབས་སངས་རེད་ཅེས་བཤད་མི་ཕོད་མོད། ཡོངས་གྲགས་ཀྱི་བཤད་སྟངས་ནང་གི་གླང་དར་དང་དབས་སྟག་རྣ་གཉིས་མིན་པ་བདག་གིས་ཁ་ཚོད་བཅད་ནས་བཤད་ཐུབ་བོ།།
༡༥ རྒྱལ་བོ་དང་སྔགས་པ་རྣམས་ཀྱིས་ཅིའི་ཕྱིར་སྡེ་གཟར་འདི་བརྒྱབ་པ་རེད་ཅེ་ན། ཁྲི་གཙུག་ལྡེ་བཙན་གྱིས་ཕོ་བྲང་ནང་ཤུགས་ཆེར་དར་བཞིན་པའི་སྔགས་ཆོས་མ་དག་པ་རྣམས་བཀག་སྟེ་སྔགས་ལོག་ལ་སུན་འབྱིན་པ་རེད། དེ་སྔགས་པ་རྣམས་ཀྱི་ལྟ་བ་དང་ཡང་མ་མཐུན། ཁེ་ཕན་ལའང་གནོད་དེ་ངོ་ལོག་པ་རེད། འུ་དུམ་བཙན་པོས་རྒྱལ་སྲིད་ཆོས་ལ་ཤོར་དོགས་ཀྱིས་ཁོང་གིས་ཆོས་སྤངས། རྒྱལ་བསྟན་བཀག་ཅིང་བསྣུབས་པ་རེད། དེའང་སྔགས་པ་རྣམས་ཀྱི་ལྟ་བ་དང་ཡང་མ་མཐུན། ཁེ་ཕན་ལའང་གནོད་དེ་ངོ་ལོག་པ་རེད། འདི་ལ་སྔགས་ལོག་སྡེ་གཟར་ཞེས་བདག་གིས་མིང་བཏགས་པ་ཡིན། སྔགས་ལོག་སྡེ་གཟར་འདིའི་ཁྲོད་དུ་བོད་ཀྱི་བཙན་པོ་གསུམ་གྱི་གཅེས་པའི་ཚེ་སྲོག་དོན་མེད་དུ་ཤོར་སོང་བ་རེད། མདོར་ན་སྔགས་ལོག་སྡེ་གཟར་འདིས་ཡ་གླང་གི་ཆེས་ཆེ་བའི་བཙན་རྒྱལ། བོད་ཆེན་པོའི་མངའ་ཐང་རྩ་བ་ནས་མཇུག་བསྡུས་བཞག་པ་ཞིག་ལ་བདག་གིས་འདོད་བཞིན་ཡོད། ཞིབ་ཏུ་བཤད་ན། བོད་བཙན་པོའི་རྒྱལ་རབས་རྒྱ་གར་གསང་སྔགས་ཀྱིས་བསྒྲལ་བཞག་པ་རེད་ཅེས་བཤད་མི་ཐུབ་མོད། རྒྱ་གར་གྱི་སྔགས་ཆོས་མཉམ་ལེན་པ་བོད་ཀྱི་སྔགས་རྒན་རང་འདོད་རང་རློམ་ཅན་ནམ། ཡང་ན་ངོ་མ་ཅན་གྱིས་སྔགས་ཆོས་ལ་དབྱིངས་ཞུགས་ཏེ་སྔགས་ཆོས་ཀྱིས་ར་བཟི་བའི་བོད་ཀྱི་སྔགས་པ་རྣམས་ཀྱིས་རང་གི་བཙན་རྒྱལ། གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་པོ་འདི་གཙང་ཞིང་དག་པར་མཇུག་བསྡུས་བཞག་པ་ཞིག་ལ། བདག་གིས་བརྒྱ་ཆ་བརྒྱ་འདོད་བཞིན་ཡོད། འོ་ཡ། ད་ནས་བཟུང་གླང་དར་མའི་ཤི་རྐྱེན་ལ་རྩོད་པ་སྤངས་ཟིན་པ་ཞིག་ལ་ངོས་བཟུང་བར་བྱའོ།།
༢༠༢༤།༩།༢༧ ཉིན། བལ་ཡུལ་རྒྱལ་སར་ཆར་ཞོད་ཧ་ཅང་ཆེ་བའི་གཟའ་པ་སངས་ཉིན་རྩོམ་མཇུག་གྲུབ་པར་བྱས་སོ།།
བོད་ཀྱི་རྒྱལ་པོ་འུ་དུམ་བཙན་པོ་འམ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པ་ཙམ་མ་ཟད་བོད་ཀྱི་རྒྱལ་པོའི་ལམ་ལུགས་ལ་འཇུག་བསྡོམས་རྒྱབ་པ་མ་རེད་དམ།