ཆུང་ཚེ་རིང་ལགས་ཀྱི་ངོ་དེབ་ནས་དྲངས།
དེ་རིང་དགའ་ལྡན་ལྔ་མཆོད་རེད། ང་བྱིས་པ་ཡིན་དུས། “དགའ་ལྡན་ལྔ་མཆོད་ཐོག་ཁའི་རྩེ་ལ་ཡོད།། ཐུག་པ་བག་ཐུག་ཐབ་ཀྱོག་སྒང་ལ་ཡོད།།”ཅེས་པའི་ཚིག་བཅད་རྐང་པ་གཉིས་དེ། གྲོང་ཚོའི་ནང་གི་བྱིས་པ་ཚོས་ཞོགས་པ་ནས་དབྱངས་དང་བཅས་ཏེ་འདོན་གྱི་རེད། དེ་ནི་དེ་ཉིན་དགའ་ལྡན་ལྔ་མཆོད་རེད་ཅེས་དྲིལ་བསྒྲགས་བྱེད་པ་དང་འདྲ།
ཀ) གླིང་མེ།
གོང་གི་ཚིག་བཅད་རྐང་པ་གཉིས་ཀྱིས་དགའ་ལྡན་ལྔ་མཆོད་ཀྱི་བྱེད་སྒོ་གལ་ཆེ་ཤོས་གཉིས་ཏེ། ཁང་ཐོག་ཏུ་“མཆོད་མེ”སྦར་བ་དང་། ཁྱིམ་ཚང་རེའི་ཐབ་ཚང་དུ་“བག་ཐུག”བསྐོལ་བ་གཉིས་ཧ་ཅང་སྙན་འཇེབས་ལྡན་པའི་ངང་བསྟན་པ་རེད། ངའི་ཕ་ཡུལ་དུ་བཞི་མཆོད་དང་ལྔ་མཆོད་གཉིས་ཀར་མཆོད་མེ་སྤོར་ཞིང་། དེ་ཡང་བཞི་མཆོད་ཀྱི་མཆོད་མེ་ནི། ལོ་འཁོར་མོའི་རིང་གི་དུད་ཚང་སོ་སོའི་ཤ་ཚིལ་ཡག་ཤོས་ཀྱི་ཕུད་བསགས་པ་བཞུར་ཏེ་མཆོད་མེ་འབུལ་བ་དང་། ལྔ་མཆོད་ཀྱི་དགོང་མོར། དུད་ཚང་སོ་སོས་གཙགས་པའི་སྣུམ་གྱི་ཕུད་ཀྱིས་མཆོད་མེ་འབུལ་བ་རེད། (ང་ཚོའི་གྲོང་གསེབ་ཏུ་སྔོན་མ་ཁྱིམ་ཚང་སོ་སོའི་ཟ་སྣུམ་སོ་སོས་ཐོན་སྐྱེད་བྱེད་པ་རེད།) བཞི་མཆོད་དང་ལྔ་མཆོད་ཀྱི་མཆོད་མེ་དེ་ཁྱིམ་ཚང་སོ་སོའི་ཁང་ཐོག་གི་གོང་འཕྱོང་(ཁང་སྟེང་གི་ཕྱོགས་ཡོངས་བསྐོར་བའི་ར་བ)སྒང་ལ་འབུལ་དགོས་ཤིང་། བཞི་མཆོད་ཀྱི་དགོང་མོའི་ཚིལ་མཆོད་བཞེས་སྟོབས་ཆེ་ཆུང་ལ་གཞིགས་ཏེ་སྒོ་ཟོག་སེམས་ཅན་གྱི་འཕེལ་ཁ་དང་གོད་ཁར་བརྟག་པ་བྱེད་པ་དང་། ལྔ་མཆོད་ཀྱི་སྣུམ་མཆོད་བཞེས་སྟོབས་ཆེ་ཆུང་ལས་ལོ་ཏོག་དང་ནད་མུག་ཡོང་མིན་བརྟག་པ་བྱེད། ཁྱིམ་ཚང་སོ་སོས་དེ་ལྟར་མཆོད་མེ་ཕུལ་ཏེ་གྲོང་ཚོའི་གླིང་ཡོངས་ཁྱབ་པར་བྱེད་པས། ལོ་རྒྱུས་ཐོག་དེ་ལ་“གླིང་མེ་”སྤོར་བའི་ཐ་སྙད་ཆགས་ཡོད།
སྔོན་གྱི་གླིང་མེའི་རྣམ་པ་གང་འདྲ་ཞིག་ཡོད་དམ་སྙམ་ན། ༸རྒྱལ་དབང་ལྔ་པ་ཆེན་པོའི་རྣམ་ཐར་ནང་། གང་ཉིད་གཙང་ཁུལ་དུ་ཕེབས་སྐབས་ཀྱི་གཟིགས་ཚུལ་གསུངས་པའི་ནང་“དེ་ནུབ་ལྔ་མཆོད་ཆེན་མོ་དང་འགྲིག །ཡས་མས་ཐམས་ཅད་གླིང་མེ་སྐར་ཚོགས་ལྟར་བཀྲ་བས་རྟེན་འབྲེལ་ལེགས་པ་བྱུང”ཞེས་གསུངས་པས་ཟུར་ཙམ་མཁྱེན་ཐུབ་ཅིང་། དེ་མིན་ཞབས་དཀར་ཚོགས་དྲུག་རང་གྲོལ་གསུང་འབུམ་ནང་“དེ་དུས་མདོ་སྨད་ནས་ཚ་པོ་དཀར་དྲིས་དང་ཚེ་མགོན་ཚུལ་ཁྲིམས་སོགས་མང་པོ་ཞིག་འོངས་པ་རྗེས་སུ་བཟུང་ནས་དབང་དང་གདམས་པ་བྱིན། སློབ་མ་བུ་ཆེན་རྣམས་དགོན་པའི་ནང་དུ་བཞུགས། གྲྭ་བཙུན་ཕལ་ཆེ་བ་ཞིག་གིས་བྲག་དང་ཕ་བོང་ཆེན་པོ་མང་པོའི་རྩ་བ་ནས་འདུག་ས་ཆུང་ཆུང་རེ་བཅོས་ཏེ་རི་དྭགས་བཞིན་དུ་བསྡད།
བཅུ་བའི་ལྔ་མཆོད་ཀྱི་གླིང་མེ་སྦར་དུས་རི་ངོས་ཀྱི་ཕ་བོང་ཆེན་པོ་ཐམས་ཅད་ཀྱི་སྟེང་ནས་ཀུན་གྱིས་མར་མེ་མང་པོ་སྦར་བས། དཔེར་ན་ནམ་མཁའ་ལ་སྐར་མ་ཤར་བ་བཞིན་རི་ཡི་ངོས་ཐམས་ཅད་རེ་ཞིག་གི་བར་དུ་མར་མེ་ཁྲ་ཆེམ་མེ་གང་བ་ལྷ་ལྡན་གྱི་དད་ཅན་རྣམས་ཀྱིས་མཐོང་བས་རྗེས་སུ་ཡི་རང་བ་བྱུང་། བྱིས་པ་རྣམས་ཀྱིས་ཡ་གི་ལ་ལྟོས་ཞེས་ངོ་མཚར་བར་གྱུར།” ཞེས་འཁོད་ཡོད། (ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ། པོད་གྲངས། ༡ ལྡེབ་གྲངས། ༩༦༢ ལ་གསལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢)
ཁ) བག་ཐུག
ལྔ་མཆོད་ཀྱི་དགོང་མོར་བག་ཐུག་འཐུང་གི་ཡོད། བག་ནི་བག་ཕྱེས་བཟོས་པའི་རིལ་བུའི་བསྡུས་མིང་དང་། ཐུག་ནི་ཐུག་པའི་བསྡུས་མིང་རེད། སྤྱིར་བཏང་“ཐུག་པ་”ནི་ཤ་སོགས་ཟས་རགས་པ་དང་ཆང་དང་ཆུ་སོགས་བཏུང་བ་གཉིས་ཀྱི་བར་མ་དེང་སང་དབྱིན་སྐད་དུ་ soup ཞེས་པ་དེར་གོ་དགོས་པ་དཔེར་ན་འདུལ་བ་ལས། །“ཆུ་དང་བཅའ་བ་རྣམས་དང་ཡང། །ཐུག་པ་དག་དང་བཟའ་བའི་རྣམས། །”ཞེས་དང་། མདོ་སྡེ་ལས། “འགྲོན་པོ་ནགས་ཁུང་དུ་དོང་བ་རྣམས་ཀྱི་ཕྱིར་ཟས་དང་ཐུག་པ་དང་། ཆུ་དག་ཁྱེར་རོ། །”(མདོ་སྡེ། ར། བཀའ་འགྱུར་དཔེ་བསྡུར་མ། པོད་ ༦༩ ཤོག་གྲངས་ ༢༨ ལ་གསལ།)ཞེས་གསུངས་པས་ཤེས་ནུས། བག་ཕྱེ་ནི་ནས་ཕྱེར་གོ་བའི་སྐབས་ཡོད་ཀྱང་སྤྱིར་བཏང་གྲོ་ཕྱེར་གོ། བག་ཕྱེ་བརྫིས་ཏེ་རིལ་བུར་བཟོས་པ་ལས་བག་རིལ་ཟེར་ཞིང་།
རིལ་བུ་བཟོ་སྟངས་ཀྱི་ཆ་ནས་མིང་མ་འདྲ་བ་ཁ་ཤས་ཡོད་པ་སྟེ། དབྱིབས་འགྲོན་བུ་ལྟར་བཟོས་པ་ལ་“སོག་ཐུག་”ཟེར་ཞིང་ནམ་རྒྱུན་དགའ་དགའ་སྐྱིད་སྐྱིད་སྐབས་དབྱིབས་འདི་བཟོ། སྨན་གྱི་རིལ་བུ་ལྟར་འདྲིལ་བར་“མྱང་ཐུག་”ཟེར་ཞིང་། མི་ཤི་གོད་ཆག་བྱུང་སྐབས་མྱ་ངན་གྱི་ཟས་ལྟ་བུར་དབྱིབས་འདི་བཟོ། ངའི་ཕ་ཡུལ་དུ་མི་ཚང་གཅིག་ལ་མི་ཤི་གོད་ཆག་བྱུང་ཚེ། མཆོད་མེའི་ཞལ་འདེབས་འབུལ་བར་འགྲོ་དགོས་ཤིང་། དེ་དུས་ཁྱིམ་ཚང་དེས་ཞལ་འདེབས་འབུལ་མཁན་ཚང་མར་“མྱང་ཐུག”དང་“སྡུག་ཇ”སྟེར་ངེས་པས། གདུང་སེམས་མཉམ་སྐྱེད་ཀྱི་མཚོན་དོན་དུ་ཚང་མས་ངེས་པར་འཐུང་གི་རེད།
དགའ་ལྡན་ལྔ་མཆོད་ཀྱི་བག་རིལ་གྱི་དབྱིབས་འདི་རང་བཟོ། ཡང་བག་རིལ་རིལ་བུ་ལྟར་ངོས་འཇམ་པ་མིན་པར། ཅུང་ཟད་འབུར་ཁ་ཡོད་པ་ཞིག་འདྲིལ་བ་དེར་“དགུ་རྩེ་ར་ཐུག”ཟེར་ཞིང་། ལོ་གསར་གྱི་དགུ་ཐུག་སྐབས་སུ་དབྱིབས་འདི་བཟོ། ཕལ་ཆེར་དབྱིབས་འདི་དང་དགུ་ཐུག་གི་རྫས་ཆ་རྣམས་ནང་པའི་གསང་སྔགས་ཀྱི་གཞུང་ལས་གསུངས་པའི་ཞི་རྒྱས་དབང་དྲག་གི་ལས་བཞི་ལས། གཏོར་ཟོར་འཕེན་པ་སོགས་དྲག་ལས་དང་འབྲེལ་བ་ཡོད་པ་འདྲ་སྙམ།
བག་ཐུག་ནི་བག་རིལ་དང་ལ་ཕུག ཐུག་རྡོར་ཤ་དང་ཕྱུར་བ་སོགས་ལས་གྲུབ་པས་བཅུད་ཆེ་ཞིང་། གནམ་གཤིས་གྲང་བའི་སྐབས་སུ་ལུས་ལ་དྲོད་འཕེལ་སླ། བོད་ཀྱི་མཁས་པའི་གསུང་གི་ནང་དུའང་བག་ཐུག་གི་སྐོར་གསལ་བ་དཔེར་ན། ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། པར་ལོ་༡༩༨༩ ཤོག་གྲངས་ ༥༣༩ པར“་་་ཚུལ་བཞིན་ཡིད་ལ་བྱེད་པ་ནི། བླ་མ་བྱམས་པས་གཙང་པས་བག་ཐུག་འཐུང་བ་འདྲ་བ་ཞིག་དགོས་གསུངས་ཏེ། གཙང་བ་རྣམས་བག་རིལ་གྱི་ཐུག་པ་འཐུང་ཚེ་ལག་པ་གཡས་ལ་ཤིང་ཐུར་རྩེ་མོ་ཅན་རེ་བཟུང་ནས་བག་རིལ་གཅིག་དམིགས་འོག་ཏུ་བཅུག་པ་དང་གཅིག་ལ་འཛུགས་པ་ལྟར་དང་པོ་སྐྱེས་བུ་ཆུང་ངུའི་ལམ་རྣམས་ཉམས་འོག་ཏུ་ཚུད་པ་བྱས། དེའི་ཚེ་ནའང་སེམས་ཀྱི་ཕུག་ལ་འདིས་ཆོག་པ་མེད། འབྲིང་དང་ཆེན་པོར་འགྲོ་དགོས་པ་ཡོད་བསམ། འབྲིང་ལ་སློབ་པའི་ཚེའང་ད་དུང་སྐྱེས་བུ་ཆེན་པོའི་སྐོར་དང་། དེའི་འང་སྙིང་པོའི་སྙིང་པོ་ཟབ་མོ་དབུ་མའི་ལྟ་བ་ལ་འགྲོ་དགོས་པ་ཡོད་སྙམ་ནས་འདི་ཞེ་ཕུགས་སུ་བཞག་སྟེ་ལམ་སྔ་མ་རྣམས་ཉམས་འོག་ཏུ་ཚུད་པ་དགོས་སོ། །”ཞེས་གསུངས། འབྲུག་པ་ཀུན་ལེགས་ཀྱི་གསུང་ལའང་དེ་འདྲ་ཞིག་གསལ་ཡོད་དྲན་རུང་། ད་ལྟ་དཔེ་ཆ་མ་འཛོམས་པས་ལུང་འདྲེན་མ་ཐུབ།
ག) ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་ལྔ་མཆོད་དགེ་སྐུལ།
༄༅།། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ་པོད་བཞི་པ། མཚོ་སྔོན་པར་མ། ཤོག་ངོས་༨༣༣།༤ པར་ལྔ་མཆོད་དགེ་སྐུལ་ཞིག་གསལ་བ་ཆ་ཚང་གཤམ་དུ་དྲངས་ཡོད།
དཀོན་མཆོག་གསུམ་ལ་གུས་པས་ཕྱག་བྱས། །དད་ཅན་གྲྭ་སློབ་སྦྱིན་བདག་རྣམས་ལ། །ཆོས་མཛད་ང་ཡིས་འཕྲིན་ཅིག་བསྐུར་འབྲས། །བཅུ་བའི་ཉི་ཤུ་ལྔ་ཡི་ཉིན་པར། །སངས་རྒྱས་ཀུན་ལ་ས་བཀའ་དྲིན་ཆེ་བའི། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པ། །དགའ་ལྡན་ཞིང་དུ་གཤེགས་པའི་དུས་ཆེན། །ཡིན་པས་དེའི་ཉིན་དགེ་བ་བྱས་ན། །སངས་རྒྱས་གཞན་ཀུན་གཤེགས་པའི་དུས་ལས། །འགྱུར་ཁྱད་ཕན་ཡོན་ཆེན་པོ་གསུངས་པས། །དེ་ཕྱིར་ཉི་ཤུ་ལྔ་ཡི་དགོང་མོ། །གླིང་མེ་ལ་སོགས་མཆོད་པ་ཕུལ་ལ། །ཚོགས་གསོག་སྨོན་ལམ་རྒྱ་ཆེན་ཐོབས་དང་། །ཕན་བདེ་འབྱུང་གནས་བསྟན་པ་དར་ཞིང་། །མ་གྱུར་འགྲོ་ཀུན་བདེ་ཞིང་སྐྱིད་ངེས། །ཆོས་ལ་བསྐུལ་བའི་ཚིགས་བཅད་གཏམ་སྙན། །ཐོས་ཚད་རྣམས་ཀྱིས་དགའ་ཞིང་སྤྲོ་བཞིན། །བཅུ་བའི་ཉི་ཤུ་ལྔ་ཡི་ཉིན་པར། །ཚོགས་བསགས་སྨོན་ལམ་འདེབས་པར་གྱུར་ཅིག །ཅེས་བཅུ་བའི་ཉི་ཤུ་ལྔ་ལ་གླིང་མེ་མཆོད་པ་ཕུལ་ན་འགྱུར་ཁྱད་ཕན་ཡོན་ཆེན་པོ་ཡོད་ཅེས་དད་ཅན་ལ་དགེ་བསྐུལ་དུ་ཆོས་མཛད་ཞབས་དཀར་བས་བཀྲ་ཤིས་འཁྱིལ་ནས་སྨྲས་པའོ།། །།
ཆུང་ཚེ་རིང་ལགས་ཀྱིས་བྲིས་པའི་རྩོམ་ཡིག་མཆན་བུ་འདི་ཧ་ཅང་སྣང་བ་འགྲོ་བོར་མཇལ། རྒྱུ་མཚན་ནི་དུས་བསྟུན་སྤྱི་ཚོགས་གསར་པའི་ན་གཞོན་རྣམས་ལ། དགའ་ལྡན་ལྔ་མཆོད་ཇི་ལྟར་བྱས་པའི་ཤེས་བྱ་ལམ་སྟོན་རྒྱུ་མངའ་བྱས་པ་དེ་རེད།
དམིགས་བསལ་སྔ་དུས་ཀྱི་མཆོད་མེ་ཇི་ལྟར་འབུལ་ཚུལ་དང་། སྔ་མོ་ཡི་མྱང་ཐུག་བཟོ་སྟངས་ཀྱི་ཤེས་བྱ་ཁུངས་དྲངས་གནང་བ་དེ་རེད།
དེང་སྐབས་ང་ཚོའི་སྤྱི་ཚོགས་ནང་དགའ་ལྡན་ལྔ་མཆོད་ཟེར་དུས་དམིགས་རྕ་མ་ཚིག་དོན་མི་འཁྱོངས་བ་དེ་ཁ་འདོན་ཤེས་པ་དང་། མཚོད་མེ་ཡང་ལྰ་འགའ་རེ་འབུལ་ཐུབ་པ་དེས་འཐུས་པ་དེ་མི་འགྲིག་པ་ཞིག་མཐོང་གི་འདུག
དུས་དང་མཐུན་པའི་མཆོད་མེ་འབུལ་སྟངས་ཀྱི་རྒྱུ་ཆ་ལ་འགྱུར་བ་འགྲོ་བ་བཞིན། དུས་དང་བསྟུན་པའི་མཆོད་མེ་འབུལ་སྟངས་ལའང་བསྒྱུར་བ་ངེས་ཅན་ཞིག་བཏང་དགོས་པ་དེ་ཡིན། དེ་ནི་ང་ཚོས་དེ་རིང་གི་ཡང་ལཱའི་མཆོད་མེ་ལས། སང་ཉིན་གྱི་ཁང་ཁྱིམ་དུད་དྲེག་མི་ཆགས་པར་གཙང་སྦྲ་འཕྲོད་བསྟེན་ལ་ཡར་འཐོན་ངེས་ཅན་དགོས་པ་དེ་རེད།
གཉིས་ནས་མྱང་ཐུག་དཀར་ཟས་སྤྱད་པ་ལས། དམར་ཟས་དུས་ནམ་ཡང་མི་སྤྱོད་པ་དེ་རེད།
ཀུན་གྱི་རྩ་བའི་གནད་དགག་ནི། རྗེ་རིན་པོ་ཆེ་མཆོག་ལ། གངས་ཅན་མཁས་པའི་གཙུག་རྒྱན། ཞེས་པའི་མཚན་གནས་འདི་ལྟར་གསོལ་བའི་གཞུང་ལུགས་ཁག་ལ་རང་བློའི་དཔག་པའི་བློ་སྦྱོང་བྱེད་དགོས་པ་དེ་ཡིན།
ཆུང་ཚེ་རིང་ལགས་གི་གསུང་པའི་བཞི་མཆོད་གི་མཆོད་མེ་དེ་ཤ་ཚིལ་ཕུལ་གི་ཡོད་པ་གསུང་འདུགས་པས་དེ་ནི་ཆོས་གི་གནས་ལུགས་མ་རྟོག་པའི་ཡུལ་ལུང་ཆུང་ཆུང་ཞིག་གི་འགྲོ་སྟང་རེད་དེ་ལྟར་དངོས་ཡོད་ཡིན་ཚེ་དེ་ནི་དམར་མཆོད་ཕུལ་བ་དང་ཅིག་པ་རེད་
ཆུང་ཚེ་རིང་གི་དུད་ཚང་དུ་ཤ་ཚིལ་གྱིས་མཆོད་མེ་ཕུལ་བཞིན་པའི་ལོ་རྒྱུས་འདི་ལ་བསམ་ན་ཕལ་ཆེར་ཁྱིམ་ཚང་འདི་བོན་པོ་ཡིན་པ་འདྲ་འདུག གང་གིས་ཞེ་ན། ནང་པས་མཆོད་མེ་མར་གྱིས་ཕུལ་བ་མ་གཏོགས་ཤ་ཚིལ་གྱིས་མཆོད་མེ་ཕུལ་གྱི་མ་རེད་། གཅིག་བྱས་ན་ཤ་ཚིལ་གྱིས་མཆོད་མེ་ཕུལ་བ་འདི་ཆོས་ལུགས་གཞན་པ་ཞིག་གི་བྱེད་སྟངས་ཡིན་པ་འདྲ་འདུག
་་་་་་་་་་་་་་་་ དེ་ཡང་བཞི་མཆོད་ཀྱི་མཆོད་མེ་ནི། ལོ་འཁོར་མོའི་རིང་གི་དུད་ཚང་སོ་སོའི་ཤ་ཚིལ་ཡག་ཤོས་ཀྱི་ཕུད་བསགས་པ་བཞུར་ཏེ་མཆོད་མེ་འབུལ་བ་དང་། ལྔ་མཆོད་ཀྱི་དགོང་མོར། དུད་ཚང་སོ་སོས་གཙགས་པའི་སྣུམ་གྱི་ཕུད་ཀྱིས་མཆོད་མེ་འབུལ་བ་རེད། ་་་་་་་་་་་་་་་་
ཤ་ཚིལ་ཕུལ་ན་དམར་མཆོད་འགྲོ །
གཙགས་སྣུམ་ཕུལ་ན་ཤིན་ཏུ་ལེགས། །
ཤ་ཚིལ་གྱིས་མཆོད་མེ་ཕུལ་བ་དེས་བོན་པོ་དང་དམར་མཆོད་ཡིན་པའི་ཁྱབ་པ་དེ་ཙམ་མེད།
རྒྱུ་མཚན་ནི་ང་ཆོ་བོད་པ་འབྲོག་པ་གཙོ་བ་ལས། ཞིང་གྲོང་གཙོ་བ་མ་རེད། དེས་ན། འབྲོག་ཁྱིམ་ཁག་ཏུ་ཤ་ཚིལ་གྱི་མཆོད་མེ་ཕྱི་རུ་ཕུལ་བ་དང་། མར་མཆོད་ཀྱི་མཆོད་མེ་ནང་དུ་སྒྲོན་པ་ནི། སྤྱི་ཡོངས་ཀྱི་འཚོ་བའི་མཐུན་རྐྱེན་ནས་མཐོང་ཐོས་ཐུབ་པ་ཞིག་ལགས།
མདོར་ན། དེང་སྐབས་ང་ཚོ་མཆོད་མེའི་རྒྱུ་ཆ་དང་འབུལ་སྟངས། དཀར་ཟས་སྤྱོད་ཐུབ་པ་སོགས་ཀྱི་དངོས་ཡོད་གནས་སྟངས་ཀྱི་འགྱུར་བ་གཏང་ཐུབ་པ་ལས། སྔོན་གྱི་ལོ་རྒྱུས་ལ་ཚོད་བཤད་མ་བྱས་ན་བཟང་ཟེར་བ་ཡིན།
དབུས་གཙང་ཕྱོགས་ཀྱི་རིག་གཞུང་ལ་ཆ་རྒྱུས་ཆེན་པོ་མེད་ལ་ས་ཁུལ་མང་པོར་འགྲོ་ཡང་མ་མྱོང་། ཡིན་ན་ཡང་། མདོ་དང་ཁམས་ཀྱི་ས་ཁུལ་མང་པོར་སོང་མྱོང་བ་མ་ཟད་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་སྲོལ་མང་པོར་ཉམས་འཇོག་ཀྱང་བྱས་མྱོང་། མདོ་དང་ཁམས་ཀྱི་ཕྱོགས་སུ་ཤ་ཚིལ་གྱིས་མཆོད་མེ་ཕུལ་བ་མཐོང་རྒྱུ་ཕར་ཞོག་ཐོས་ཀྱང་མ་མྱོང་། ང་བྱིས་བ་ཡིན་པའི་དུས་སུ་ང་ཚོའི་གྲོང་གསེབ་ཏུ་གློག་མེད་ཙང་མར་མེའི་སྣུམ་རྫོགས་ན་ཤ་ཚིལ་བེད་སྤྱོད་བཏང་ནས་མར་མེ་སྤར་གི་རེད་མ་གཏོགས་མཆོད་མེ་སྤར་བའི་ལུགས་སྲོལ་རྩ་བ་ནས་ཡོད་མ་རེད་།
ས་ཆ་ལ་ལར་ལུག་བཤའ་བ་ཡིན་ན་དེའི་དཀར་ཚིལ་མཆོད་མེ་ལ་འབུལ་སྲོལ་ཡོད།
དེའི་རྒྱུ་མཚན་ནི། ལུག་དེའི་སྡིག་པ་འདག་ཕྱིར་ཡིན་ཟེར། འདི་ལ་བསམ་བློ་གཏོང་རིན་མེད་པ་ཞིག་གཏན་ནས་མ་རེད་སྙམ། བོད་མི་ཚོས་ལུག་གསོད་དགོས་ལ་ཐུག་ན་ཡང་སྙིང་རྗེ་རྗེ་ངང་གསོད་པ་དང་དོན་མེད་ལ་མི་གསོད་པ་འདི་ཡང་བོད་མི་རིགས་ཀྱི་རིན་ཐང་ཞིག་རེད་སྙམ། དེ་དག་གི་དྲིན་ལན་མཇལ་བ་དང་དེ་དག་གི་ཆེད་དུ་རང་རང་གི་ལུས་ཀྱི་ཚིལ་ཕུལ་ནས་དྲིན་བཟོ་བྱེད་ཀྱི་ཡོད་རེད། གསད་པའི་སེམས་ཅན་གྱི་རུས་པའི་ཐོག་མ་ཎི་ཡིག་དྲུག་འབྲི་བ་དང་། རུས་པའི་ཚ་ཚ་བཏབ་ནས་སེམས་ཅན་དེ་དག་ལ་རྟེན་བཟང་འཐོབ་པའི་སྨོན་ལམ་འདེབས་ཀྱི་ཡོད་རེད། ང་ཚོས་བསམ་བློ་གཏོང་ཚེ་ཡུལ་དུས་དང་མིའི་སེམས་ཁམས་ལ་ཡང་བསམ་བློ་གཏོང་དགོས། རང་གིས་དྲན་ཚོད་དང་མི་མཛེས་པ་མཐོང་ཚད་ལ་ཁ་བཏང་ན་མི་འགྲིག་སྙམ། སྤྱི་ཚོགས་ཀྱི་འཕེལ་འགྲོས་དང་བསྟུན་ནས་བྱ་བའི་དགོས་མཁོ་ལ་འགྱུར་ལྡོག་འབྱུང་བཞིན་ཡོད་པ་ལྟར། ཆོས་ཀྱི་བསམ་བློ་དང་འདུ་ཤེས་ལ་ཡང་འཕྲོ་འགྱུར་འབྱུང་ངེས་རེད། ཤ་ཁྲག་ལ་རོལ་བ་ཐམས་ཅད་དམར་མཆོད་མ་རེད་ལ། དམག་འཁྲུག་ཐམས་ཅད་དྲག་སྤྱོད་མ་རེད། འགའ་ཤས་ཀྱིས་རང་ཉིད་ཤ་ལ་མི་དགའ་བ་རྒྱུ་མཚན་དུ་བྱས་ཏེ་ཤ་ཟ་མཁན་ལ་དམའ་འབབ་དང་སྡིག་ར་མང་པོ་འཐེན་བཞིན་འདུག་པ་མཐོང་། དེ་རྒྱུ་མཚན་ཡང་དག་ཞིག་གཏན་ནས་མ་རེད། ཤ་ལ་མི་དགའ་མཁན་མི་འགའ་ཤས་ཆོག་གི་རེད། དེ་ཚོས་ཤ་མི་ཟ་བ་ནི་ནང་ཆོས་ཀྱང་མ་རེད། མི་དེ་ཚོས་ཤ་མ་ཟས་ཀྱང་དགེ་བ་ཡོད་མ་རེད། ཤ་མི་ཟ་བའི་སེམས་ཅན་དུད་འགྲོ་ལ་ཡང་ཡོད་རེད།
ཤ་ཟ་བ་ཐམས་ཅད་གཅན་གཟན་ཡིན་པ་དང་ཤ་མི་ཟ་བ་ཐམས་ཅད་སངས་རྒྱས་ཡིན་དགོས་ན་ཧ་ཅང་ཐལ་བ་རེད།
ཡ་ཡ་་ད་བདེ་མོ་བྱོས།
སྔ་མོ་བོད་ལ་ཤ་ཚིལ་ལས་དེང་དུས་དང་འདྲ་བའི་སྣུམ་མེད་་པ་ནས་ཤ་ཚིལ་གྱི་
མཆོད་མེ་ཕུལ་བ་ལས་དམར་མཆོད་དང་བོན་ཆོས་ལ་ངོས་འཛིན་ཞུ་མི་ཐུབ་ལ་
ལར་དཀརབསུར་དང་དམར་བསུར་ཟེར་བ་དང་མཆོད་པའི་ཀ་རྒྱན་ལ་མར་བེད་
སྤྱོད་བྱེད་བཞིན་པ་དེ་དག་ཀྱང་དམར་མཆོད་དང་བོན་ལུགས་ཡིན་ནམ་།
དམར་མཆོད་ནི་བ་ཡུལ་གྱི་ལྷ་མི་གྷ་ཏི་ལ་བ་ཕྱུགས་འབུམ་གྱི་དམར་མཆོད་
གཏོང་བ་དེ་ཟེར་བ་མིན་ནམ་།ཞིའཇུག་ཡག་པོ་གནང་ནས་དྲ་ཐོག་ལ་བཀོད་ན་
མི་མཛེས་སམ་།
ད་དགེ་ལུགས་པས་དམར་མཆོད་འབུལ་གྱི་ཡོད་པ་གསལ་པོར་ཆགས་སོང། ང་ཡི་ཡུལ་ལུང་ལའང་དེ་འདྲ་འབུལ་སྲོལ་འདུག ས་དགེ་བཀའ་རྙིང་མེད་པར་ཕལ་ཆེར་བོད་ཀྱི་དུད་ཚང་ཚང་མས་འབུལ་སྲོལ་འདུག འོན་ཀྱང་དེ་ནི་སྔར་སྡེ་བ་གཞུང་དགའ་ལྡན་ཕོ་བྲང་བའི་སྐབས་སུ་བཙན་གྱིས་བཀས་བཅད་པའི་སྲོལ་རྒྱུན་ཞིག་ལས་དད་མོས་ཙམ་གྱིས་མ་རེད། འོན་ཀྱང་ང་ཚོས་རྟག་པར་མ་བྱུང་བ་དང་མི་འོས་པའི་རིགས་ཐམས་ཅད་བོན་པོའི་རེད་ཅེས་བཤད་པ་ནི་ཁ་བདག་མེད་དང་མགོ་ཀླད་མེད་ཀྱི་ཇབ་བསྐྱལ་གྱི་གཏམ་རང་རེད། དེ་མིན་ཁོས་ཁམས་ཀྱི་ཡུལ་ལུང་ལ་རྒྱུས་ཡོད་ཚུལ་དང་དེ་དག་ཏུ་ཤ་ཚིལ་གྱི་མཆོད་པ་མི་འབུལ་རབས་བཤད་མོད། ཁམས་ཀྱི་ཡུལ་དུ་བོན་པོ་རྒྱ་ཆེན་པོ་ཡོད་ཅིང་་་གལ་ཏེ་འབུལ་སྲོལ་དེ་བོན་པོའི་ཡིན་ན་དེ་དག་ཏུ་མེད་པའི་རྒྱུ་མཚན་གང་ཡིན་ནམ། ལས་རྒྱུ་འབྲས་ལ་མནོ་བསམ་བཏང་ནས་སྐད་ཆ་ཤོད་དགོས་པ་ལས། མ་བྱུང་བ་ཐམས་ཅད་རྒྱ་དམར་དང་ཤུགས་ལྡན་བོན་པོའི་རེད་ཅེས་བཤད་པ་ནི་ངོ་ཚ་མེད་པའི་གཏམ་རང་རེད།
གོང་ཞུས་ཤ་ཚིལ་གི་མཆོད་མེ་འབུལ་མཁན་དག་ནི་མཆོད་མེ་ཕུལ་དགོས་པ་ཤེས་མཆོད་མེ་འབུལ་རྒྱུའི་མཐུན་རྐྱེན་མེད་པས་ཤ་ཚིལ་ཕུལ་ཡོད་སྲིད་འོན་ཀྱང་ཆོས་བྱེད་དགོས་པ་ཤེས་ཆོས་བྱེད་བཏང་མ་ཤེས་པ་རེད་མ་ཏོག་བོན་ཆོས་རེད་ཟེར་བ་མ་རེད་
སེ་ར་བཞི་མཆོད། དགའ་ལྡན་ལྔ་མཆོད། འབྲས་སྤུངས་བཅོ་བརྒྱད་མཆོད་པ། དེ་གསུམ་ནི་བོད་ཀྱི་དགེ་ལུགས་པའི་གདན་ས་ཆེན་པོ་གསུམ་ཆགས་འདེབ་པོ་གསུམ་གྱི་དགོངས་རྫོགས་དུས་ཆེན་རེད།
རང་ཉིད་གང་ལ་མི་དགའ་བ་དེའི་ཕྱོགས་ལ་སྐད་ཆ་ངན་པ་མང་དུ་བཤད་པ་དང་ནག་ཉེས་ཐམས་ཅད་དེའི་མགོ་ལ་གཡོགས་པ་ནི་ཆོས་ཉིད་ཅིག་རེད་ལ། སོ་སོ་སྐྱེ་བོ་ཐ་ཤལ་བའི་བྱེད་སྟངས་གཅིག་ཀྱང་རེད།
རྒྱུ་ཆ་གང་ཞིག་གིས་མཆོད་མེ་སྦར་ཡང་རུང་། དེ་ནི་ཡུལ་ལུང་སོ་སོའི་ལུགས་སྲོལ་དང་མིའི་བསམ་བློ་དང་འདུ་ཤེས་ལས་བྱུང་བའི་སྲོལ་རྒྱུན་ཙམ་ལས་ཆོས་བརྒྱུད་སུའི་བཅའ་ཁྲིམས་ནང་བཤད་ནས་གཏན་ཁེལ་བྱས་ཡོད་མ་རེད།
ཆོས་བརྒྱུད་གང་ཞིག་གི་བཅའ་ཁྲིམས་ནང་གཏན་ཁེལ་ནས་ཚིལ་མཆོད་སྦར་དགོས་པའི་ཡིག་འབྲུ་སྣ་གཅིག་སྟོན་རྒྱུ་ཡོད་ན་ཁ་གདངས་ནས་སྐད་ཆ་བཤད་ཆོག་གི་རེད། དེ་མིན་བརྟག་དཔྱད་མེད་པར་གཏམ་བཤད་སྤེལ་བ་ནི་ངལ་བའི་རྒྱུ་ཁ་ན་ལས་མ་འདས་སྙམ།
གནའ་སྔ་མོ་བོད་ལ་སྣུམ་མེད་པས་ཤ་ཚིལ་བེད་སྤྱོད་བཏང་ནས་མཆོད་མེ་འབུལ་གྱི་རེད་ཟེར་བའི་སྐད་ཆ་འདི་ནི་རྒྱུ་མཚན་ལ་རྨོངས་བའི་སྐད་ཆ་ཞིག་མིན་ན་ཅི་ཡིན། གནའ་སྔ་མོ་བོད་ལ་སྒོ་ཕྱུགས་ཡོད་དམ། སྒོ་ཕྱུགས་ཡོད་ན་འོ་མ་དང་ཆུར་བ། མར་སོགས་ཡོད་པ་རེད་། མར་ཡོད་ན་མཆོད་མེ་ཕུལ་རྒྱུ་ཡོད་པ་རེད་།
གོང་དུ་ཤ་ཚིལ་གྱིས་མཆོད་མེ་ཕུལ་བ་འདི་ཡང་མར་མེད་ནས་མིན་པ་གསལ་བོ་བསྟན་འདུག དེས་ན། ཤ་ཚིལ་གྱིས་མཆོད་མེ་ཕུལ་བ་འདི་བོན་ལུགས་སམ་ཡང་ན་ཆོས་ལུགས་གཞན་ཞིག་གི་བྱེད་སྲོལ་ཡིན་པ་ཐག་གིས་ཆོད་།
ཚིལ་ལུའི་མཆོད་མེ་ཞིག་ཕུལ་བར་ཧང་སང་དགོས་པའི་གནས་དོན་ཞིག་ཅང་མ་རེད། བན་རྒན་ཚོས་ཚོགས་ཤ་དང་ཚོགས་ཆང་སོགས་ཕུལ་གྱི་རེད་བ། ཁྱོད་ཚོས་ཕུལ་བསྡད་ས་དེ་དག་ཤ་ཟ་མཁན་དང་ཆང་འཐུང་མཁན་མིན་ན་ཕུལ་དགོས་པའི་རྒྱུ་མཚན་ཅང་ཨེ་ཡོད།་་་ཧཧ
ཤ་ཚིལ་གྱིས་མཆོད་མེ་ཕུལ་མཁན་འདི་དག་གིས་མ་འོངས་པར་ཁྱིམ་ཚང་གི་ཉིན་རེའི་མཆོད་པ་ནག་ཁུས་(Soda)མི་མཆོད་པའི་ངེས་པའང་མི་འདུག་སྙམ།
ཡག་པོ་བྲིས་གནང་འདུག
སྲོག་བཅད་ཟིན་པའི་སེམས་ཅན་གྱི་ཚིལ་ཀུན་སློང་དགེ་བ་དང་སེམས་ཅན་ཐམས་ཅད་ཀྱི་རྫོགས་སངས་རྒྱས་ཀྱི་རྒྱུ་ལ་བསྔོས་ནས་མཆོད་མེ་ཕུལ་ན། སེམས་ཅན་དེའི་བསོད་ནམས་བླ་མེད་གསོག་པའི་རྒྱུ་རུ་འགྲོ་བ་ཆོས་རྒྱུད་ཚང་མའི་བླ་མ་ཚོས་གསུངས་ཀྱི་ཡོད་ལ། སྒྲུང་དེ་འདྲ་བོ་བཀའ་གྱུར་ནང་ལ་ཡང་ཡོད། མདོ་མཛངས་བླུན་དང་། སྐྱེས་རབས། མདོ་ཕལ་པོ་ཆེ་སོགས་ལ་གཟིགས་ཤིག
བོད་ཀྱི་དབུས་ཕྱོགས་ལ། མི་ཤི་རྗེས། དོ་བདག་གི་རྒྱུ་རྫས་རིན་གོང་ཆེ་བ་ཞིག་དམིགས་བསལ་ཚོང་བསྒྱུར་བྱས་ནས། དེའི་རིན་བབ་མ་དངུལ་དེ་མཆོད་མེར་གཏོང་སྲོལ་ཡོད་པ་དེ་ཡང་རྒྱུ་མཚན་གཅིག་པ་རེད། མི་དེའི་རྒྱུ་དེ་དགེ་བ་ལ་བ་བཏང་བའི་འབྲས་བུས་འདས་པོར་ཕན་པའི་ཆེད་དུ་རེད། གཤིན་པོ་དེའི་རྒྱུ་འཕྲོག་པའི་ཀུན་སློང་མ་རེད།
་་་་་་་་ # 18 བསམ་ཤེས།་ལགས་ཀྱིས་མཆན་བཏབ་པ།:
December 16th, 2014 at 10:44 PM
སྲོག་བཅད་ཟིན་པའི་སེམས་ཅན་གྱི་ཚིལ་ཀུན་སློང་དགེ་བ་དང་སེམས་ཅན་ཐམས་ཅད་ཀྱི་རྫོགས་སངས་རྒྱས་ཀྱི་རྒྱུ་ལ་བསྔོས་ནས་མཆོད་མེ་ཕུལ་ན། སེམས་ཅན་དེའི་བསོད་ནམས་བླ་མེད་གསོག་པའི་རྒྱུ་རུ་འགྲོ་བ་ཆོས་རྒྱུད་ཚང་མའི་བླ་མ་ཚོས་གསུངས་ཀྱི་ཡོད་ལ་་་་་་་་་་་་་ འདི་བདེན་ཡང་།
འདིར་མར་མེ་རྒྱུ་ལ། ཤ་ཚིལ་དང་། མར་སྣུམ་གཉིས་རྒྱུ་གང་ལེགས་དཔྱད་པའི་དུས་ལ། ཤ་ཚིལ་ཤའི་ཁོངསསུ་་གཏོགས་པས། དམར་མཆོད་དང་ཉེ་་བ་དང་། མར་སྣུམ་ནི་དཀར་སྐྱོང་དང་། སྟོན་འབྲས་ལས་བྱུང་བས་རྩོད་པ་གཉིས་ཅུང་མི་འདྲ་བ་ཡོད། དང་པོ་ཁྱེད་ཀྱི་རྒྱུས་དགེ་བར་སོང་བ་མིན་མར། ཀུན་སློང་གཙོ་བོས་དགེ་བར་སོང་བ་དང་། འདིར་ཀུན་སློང་དང་རྒྱུ་ཆ་གཉིས་ཀས་དགེ་བར་འགྱུར་བ་ཡིན་དགོས་པས། དེས་ན་ཤ་ཚིལ་མར་མེའི་རྒྱུ་རུ་མི་རུང་ངོ་།།