ཨ།
དྲི་བ་འདི་ཚོ་ངས་གང་སར་དྲིས་པ་སྐོར་ཞིག་ལྷན་དུ་བསྡེབས་པ་རྣམས་ཡིན་ལ། འདི་དག་གི་ནང་ན་ད་ལྟ་སྐབས་སུ་བབས་མ་བབས་དང་དོན་དག་ཆེ་ཆུང་ཅི་རིགས་ཡོད་སྲིད་རུང་། ངས་བསམ་གཟས་ནས་ཐེངས་གཅིག་འདི་ལྟར་འགྲེམ་ན་འདོད།
སྤྱི་ཁོག་གི་དྲི་བ་རྐང་གཅིག སོ་སོ་ནམ་ཁོམ་པ་ཡོད་ན་ཡིད་ངག་ཞི་བའི་ངང་ནས་གླིང་ཚ་སྟེ། བོད་ཀྱི་ཞི་བའི་འཐབ་རྩོད་པ་ས་ཡ་དྲུག་གི་བུ་གླེང་རོགས། ཅིའི་ཕྱིར་ན། སུ་ཞིག་གིས་ཁོང་ཁ་ནས་གླེང་བ་དང་སེམས་ནས་བསམ་པ་དེ་ནི། མི་དེས་ཆབ་སྲིད་རིག་གནས་ཤིག་ཆེད་དུ་སྦྱོང་གིན་པ་དང་གཅིག་པ་རེད། རྒྱུ་མཚན། ཁོང་ནི་དོན་དམ་པར་ཆབ་སྲིད་སློབ་དེབ་རྩ་ཆེན་ཞིག་ཡིན་པས་ཡིན། ད་དུང་། ཁོང་ནི་བསམ་བློའི་སློབ་དེབ་རྩ་ཆེན་ཞིག་དང་་་་་་་་འོ་རེད་དམ།
དང་པོ། རང་རེའི་བོད་ཀྱི་ད་ལྟའི་གནས་བབ་འདི་འདྲ་ཞིག་ལ། དཔའ་བོ་གླིང་ཚ་ཚེ་བརྟན་རྡོ་རྗེའི་ཞི་བའི་འཐབ་རྩོད་དེ། བོད་ཀྱི་རྩ་དོན་རྩོད་ཕྱོགས་ཐད་ནས་ཚད་གང་འདྲ་ཞིག་ལ་ཡོད་པའམ། ཡང་ན་དེར་དམིགས་བསལ་གྱི་ངོས་འཛིན་ཉིད་ལ་ཅི་ཞིག་ཡོད།
གཉིས་པ། དཔའ་བོ་གླིང་ཚས་རང་གི་ཁྱིམ་མི་དང་ནོར་ལོངས་སྤྱོད་སོགས་ཡོད་ཚད་བློས་བཏང་ནས། རང་གི་ཁྱད་ཆོས་ལྡན་པའི་ཞི་བའི་འཐབ་རྩོད་འདི་མ་རྒྱལ་བར་དུ། བོད་མི་རིགས་ཀྱི་རྩ་དོན་འདིའི་སྟེང་ནས་རྩོད་པར་དམ་བཅའ་བཞག་པ་དང་། དེ་བཞིན་དུ་སྒྲུབ་ཀྱིན་ཡོད་པའང་ཀུན་ཤེས་ལགས་ན། ཁོང་གི་ཞི་བའི་འཐབ་རྩོད་འདི་ནམ་རྒྱལ་ཐུབ་པའམ་ཡང་ན། དེ་རྒྱལ་བྱེད་ཆ་རྐྱེན་གྱི་ཐད་ནས་ཉིད་ལ་དགོངས་ཚུལ་ཅི་ཞིག་ཡོད།
གསུམ་པ། དཔའ་བོ་གླིང་ཚའི་ཞི་བའི་འཐབ་རྩོད་འདི་ཐོག་མར་དཔའ་བོ་ཁོང་གིས་བཏོན་ཞིང་། རང་ཉིད་ནས་མགོ་བརྩམས་པ་ཞིག་ཡིན་ནའང་། རང་རེའི་ཚོགས་པ་ཆེ་ཆུང་དང་མི་མང་། དེ་མིན་བོད་དོན་རྒྱབ་སྐྱོར་པ་ཚོའི་ངོས་ནས། ཁོང་གི་ཞི་བའི་འཐབ་རྩོད་དེ་སྟོབས་ཤུགས་སམ། རྣོ་ངར་ཅན་ཞིག་ཏུ་སྒྱུར་ཕྱོགས་ཐད་ཉིད་ལ་གསུང་ཅི་ཞིག་ཡོད།
བཞི་པ། དཔའ་བོ་གླིང་ཚའི་སྤྱིར་ཞི་བའི་འཐབ་རྩོད་འདིའི་ཆ་ཤས་ལ། ཁོང་དང་མ་སྨད་གསུམ་གྱིས་ཐོག་མར་(རང་སར་རང་སྐྱོད་ཀྱི་ཞི་བའི་གོམ་བགྲོད་)བྱས་པ་བཞིན། ད་དུང་དེའི་ཆ་ཤས་སུ་ཁོང་ལ་གཞན་དང་གཞན་པའི་ཞི་བའི་ལས་འགུལ་སྒྲུབ་ཐབས་ཅི་ཡོད་དམ་ཅི་བཟང་དང་། ཁོང་གི་ཞི་བའི་འཐབ་རྩོད་དེ་དང་དེའི་ཆ་ཤས་ཡོད་དོ་ཅོག་གི་ཚབ་མཚོན་རང་བཞིན་གྱི་གསུང་རྩོམ་དག་ལ། འུ་ཚོའི་དྲ་ཚིགས་དང་དུས་དེབ། ཚགས་ཤོག དེ་མིན་དེབ་པར་སྐྲུན་ཁང་བཅས་ཀྱི་དབང་འཛིན་པ་སོ་སོས་རོགས་རམ་བྱེད་ཕྱོགས་ཅི་ཡོད་དམ་ ཅི་བཟང་གི་སྡེ་ཚན་གཉིས་ལ་ཁྱེད་ཀྱིས་རང་གི་དགོངས་ཚུལ་དང་མཐུན་པའི་གསུང་ཞིག་ཨེ་གནང་།
ལྔ་པ། ཁོང་གི་ཞི་བའི་འཐབ་རྩོད་འདི་ཇི་སྲིད་མ་རྒྱལ་བ་དེའི་རིང་གི་སྐྱེས་ཆེན་འདིའི་ངོ་མཚར་བའི་མི་ཚེའི་དམ་བཅའ་དང་བློས་བཏང་གཉིས་པོ་དེ། ཁྱེད་ཀྱིས་ཡིག་རིགས་གང་ཞིག་གི་སྟེང་ནས། རྒྱལ་ཁབ་དང་ཚོགས་པའམ་ཡང་ན། དེ་གཉིས་ལ་ཐད་ཀར་འབྲེལ་བའི་གསར་འགྱུར་ཁང་གང་ཞིག་ལ་མཁོ་སྤྲོད་བྱ་ཐུབ་བམ།
དྲུག་པ། ཁོང་གི་ཞི་བའི་འཐབ་རྩོད་ཀྱི་ཆ་ཤས་ཏེ། ཞི་བའི་གོམ་བགྲོད་ཐེངས་གཉིས་པ་འདིར་ཁོང་དང་ལྷན་དུ། བྱེས་བཞུགས་བོད་མི་སུ་ཡང་མེད་པ་(དྲི་བ་འདི་འདོན་སྐབས་ལ་གོ་དགོས་)དེའི་གནད་དོན་གཙོ་བོ་གང་རེད་དམ། (དཔའ་གླིང་གིས་ཡིག་ངག་གཉིས་ཐོག་ནས། རང་གི་ཞི་བའི་གོམ་བགྲོད་ཐེངས་གཉིས་པའི་སྐབས་སུ་དེ་འབྲེལ་དམིགས་བསལ་རྩ་འཛིན་ཞིག་བཏོན་ཡོད་ཕྱིར། ཁོང་གི་ཕ་མ་གཉིས་ཀྱིས་ཁོང་དང་ལྷན་དུ་ཉི་མ་བདུན་ཕྲག་གཅིག་རིང་། མཉམ་སྐྱོད་གནང་བ་དེ་ནི་གོམ་བགྲོད་རང་ངོས་ནས་བལྟས་ཏེ། ངས་དམིགས་བསལ་ཞིག་རེད་ཟེར་གྱི་ཡིན)
བདུན་པ། རིག་གནས་འཐབ་རྩོད་དམ་ཁྱད་པར་དུ་ཆབ་སྲིད་འཐབ་རྩོད་ཐད་ནས། དཔའ་གླིང་སྟེ་བོད་ཀྱི་ཞི་བའི་འཐབ་རྩོད་པ་གླིང་ཚ་ཁོང་ནི། ཤར་ནུབ་ཀྱི་གནའ་མི་སྐྱེས་ཆེན་སུ་ཞིག་དང་འདྲ་པོ་འདུག་གམ། དེས་ན་ཁྱེད་ཀྱིས་ངོས་བཟུང་བའི་སྐྱེས་ཆེན་དེ་དང་། དཔའ་གླིང་གཉིས་ཀྱི་མཚུངས་ཆོས་གཙོ་བོ་གང་གི་སྐོར་ནས་གླེང་རྒྱུ་ཡིན་ནམ།
བརྒྱད་པ། ཁྱེད་ཀྱིས་ད་བར་མི་སྒེར་སུ་ཞིག་ལ་ཁོང་གི་སྐོར། ཡིག་ངག་གང་གི་སྟེང་ནས་གནས་ཚུལ་སྤེལ་བའམ་ཁ་བརྡ་ཅི་ཙམ་བྱས་མྱོང་ངམ།
དགུ་པ། ད་ལྟ་ཁོང་གིས་ཞི་བའི་གོམ་བགྲོད་གནང་བཞིན་ཡོད་ནའང་། ཉིན་ཞིག་ལ་ས་ཆ་གང་ཞིག་ནས་ཁོང་བཀག་འགོག་བྱ་ངེས་རེད། དེ་དུས་ཁོང་གིས་ཟས་བཅད་དང་ངག་བཅད་ཞི་རྒོལ་གནང་གཏན་ཁེལ་བས། བོད་མི་དང་བོད་རིགས་ཤིག་ཡིན་ན་དེའི་ཚེ་ཅི་ཞིག་བྱ་དགོས་པ་རེད།
གལ་ཏེ་ཟས་བཅད་དང་ངག་བཅད་བྱ་བའི་གོ་སྐབས་འཕྲོག་ནས། ཁོང་ཁྲིམས་ལ་བཅུག་སྟེ་ཆ་རྐྱེན་གང་ཞིག་མ་གྲུབ་ན་བཙོན་གྲོལ་མི་ཐོབ་ཟེར་དུས། དབུས་སྒྲིག་འཛུགས་དང་དེ་མ་ཡིན་པའི་ཚོགས་པ་ཁག་གི་ལས་འགན་ཅི་ཞིག་ཡིན། (དྲི་བ་དགུ་པ་འདི་ཕྱོགས་གཅིག་ལ་བསམ་བློ་བཏང་སྟེ་དྲིས་པ་ཡིན)
བཅུ་པ། ཞི་བའི་འཐབ་རྩོད་པ་གླིང་ཚའི་སྐོར་ནས་དྲི་བ་དང་ཡང་ན་བསམ་ཚུལ་ཞིག་ཐོན་ཟེར་དུས་སྐུ་ཉིད་ཀྱིས་ཅི་ཞིག་བཏོད་འདང་ཡིན་ནམ།