མིག་མི་འཛུམ།
གླིང་ཚ་ཚེ་བརྟེན་རྡོ་རྗེ་གནས་འདི་དང་ཁ་གྱེས་ནས་མི་ལོ་ཧྲིལ་བོ་གཅིག་ཏག་ཏག་འགོར་སོང་། ཡིན་ནའང་གར་སོང་ཆ་མེད་དུ་གྱུར་ནས་ཟླ་ངོ་དགུ་ཏག་ཏག་འདས་སོང་། དེ་རིང་ཁོང་གླེང་དོན་ནི། འདི་ནས་རྩིས་པའི་ལོ་ངོ་གཉིས་ཀྱི་དེ་རིང་གི་ཉིན་མོར། ཁོས་བློས་གཏོང་ཆེན་པོ་༼བློས་གཏོང་གི་སྐོར་ནི་ངས་བསྐྱར་དུ་ཞུ་མ་དགོས་པར་ཁོང་ལ་རྒྱུས་མངའ་ཡོད་པ་ཚང་མས་མཁྱེན་ངེས།༽བྱས་ནས་ལམ་ལ་ཆས་པ་དང་། ཁོང་དེ་ལྟར་ལམ་ལ་ཆས་པའི་མིང་ལ་ཞི་བའི་འཐབ་རྩོད་ཅེས་སུ་འབོད། དེས་ན། ཁོང་གིས་ལས་འགུལ་འདི་དངོས་སུ་དབུ་འཛུགས་མ་བྱས་པའི་ཡར་སྔོན་དེར་མ་འོངས་པའི་ཡག་སྡུག་ཅི་འབྱུང་གི་ལས་འགུལ་འདི་ལ་བསམ་བློ་ཞིབ་མོ་བཏང་ཡོད་པ་གདོན་མི་ཟ་ལ། དེ་ལྟར་ཐག་བཅད་པའི་ལས་འགུལ་གྱི་བརྒྱུད་རིམ་ནང་དཀའ་སྡུག་ཅི་བྱུང་ཡང་ང་ཚོས་གསལ་གསལ་ཐིང་ཐིང་གིས་མཐོང་བ་དེ་ལྟར་རོ།། དེའི་ཕྱིར་ཁོང་གིས་ལས་འགུལ་འདིར་ཞི་བའི་འཐབ་རྩོད་ཅེས་མིང་བཏགས་པས་མ་ཚད། དེའི་སྐོར་གྱི་ཉམས་མྱོང་དང་རྒྱུན་ཤེས། དགོས་མཁོ་བཅས་ལ་དམིགས་ནས་དེབ་ཅིག་བྲིས་ཡོད་པ་དང་། དེབ་དེ་ནི་ཐོག་མའི་གོམ་བགྲོད་དང་མཇུག་མཐའི་བལ་ཡུལ་གྱི་བཙོན་ཁང་གི་ཟླ་བ་འགའི་དཀའ་སྡུག་གི་འཚོ་བ་སོགས་བརྒྱུད་ནས་གྲུབ་པ་ཞིག་ཡིན་ཚོད།
ཁོང་བལ་ཡུལ་གྱི་བཙོན་ཁང་ནས་ཕྱིར་རྡ་སར་སླེབས་རྗེས། ༸གོང་ས་མཆོག་ལ་མཇལ་ཁ་ཐོབ་པ་དང་། དེའི་མཚུངས་སུ་སྲིད་སྐྱོང་བློ་བཟང་སེང་གེར་ཡང་དངོས་བཅར་གྱི་གོ་སྐབས་རག་པའི་སྟབས་དང་བསྟུན་ནས་དེབ་དེའི་སྐོར་ཞུ་རྒྱུ་བྱུང་བ་དང་སྦྲགས། སྲིད་སྐྱོང་གིས་ཀྱང་ཐུགས་མཉེས་པའི་སྒོ་ནས་དེབ་དེ་གཞུང་ངོས་ནས་ལོ་དེའི་ཞི་བདེའི་གཟེངས་རྟགས་ཀྱི་ཉིན་མོ་བར་དུ་དཔར་སྐྲུན་འགྲེམ་སྤེལ་གནང་རྒྱུའི་ཞལ་བཞེས་ཐོབ་འདུག
ཡིད་ཕངས་པ་ཞིག་ལ། འདས་ལོའི་ཞི་བདེའི་གཟེངས་རྟགས་ཀྱི་ཉིན་མོར་《ཞི་བའི་འཐབ་རྩོད་》ཅེས་པའི་དེབ་ཅིག་ང་ཚོའི་སྤྱོད་ཡུལ་དུ་མ་གྱུར་བ་རེད། དེབ་དེ་སྲིད་སྐྱོང་ལ་ཕུལ་བའི་བརྒྱུད་རིམ་ནི་འདི་འདྲ་རེད། གླིང་ཚ་ཁོང་འདས་ལོའི་ཐེངས་གཉིས་པའི་གོམ་བགྲོད་ཀྱི་སྟ་གོན་ལ་ཞུགས་པའི་སྐབས་སུ། ཁོང་གི་ཕ་རྒན་ལགས་ལ་ང་སོང་རྗེས་ཤི་གསོན་ཅི་འབྱུང་ཡང་། ངས་དེབ་ཅིག་བྲིས་ཡོད་ལ། ལྷག་དོན་དེབ་དེ་སྲིད་སྐྱོང་མཆོག་གིས་དཔར་སྐྲུན་འགྲེམ་སྤེལ་ཆ་ཚང་ཁས་ལེན་གནང་སོང་། འོན་ཀྱང་རྐྱེན་ངན་བར་ཆད་འདྲ་བྱུང་སྟེ་དཔར་སྐྲུན་འགྲེམ་སྤེལ་མ་ཐུབ་པ་བྱུང་ཚེ། ཨ་ཕ་ཁྱེད་ཀྱིས་དེབ་དེ་ཕྱིར་བླངས་ནས་ཉར་ཚགས་ཡག་པོ་གནང་རོགས། ང་ལ་མཚོན་ན་ཧ་ཅང་གལ་ཆེན་ཞིག་ཡིན་ཞེས་འགྲོ་ཁའི་ཁ་ཆེམས་ཀྱི་ཟོལ་དུ་བཞག་འདུག དེའི་བར་ནས་ཕ་རྒན་བོད་དུ་ལོག་དགོས་བྱུང་རྗེས། ཕ་རྒན་གྱིས་རང་གི་བུའི་འགྲོ་ཁ་མའི་ཁ་ཆེམས་དེ་རང་ཉིད་འགྲོ་ཁར་ཨ་མ་ལ་གནང་འདུག འདས་ལོའི་ཞི་བདེའི་གཟེངས་རྟགས་ཉིན་དེབ་དེ་དཔར་སྐྲུན་འགྲེམ་སྤེལ་མ་གནང་སྟབས། ཨ་མ་ལྡོམ་པོ་སྐྱིད་དངོས་སུ་སྲིད་སྐྱོང་མཆོག་གི་དྲུང་དུ་བཅར་ནས་བརྩད་གཅོད་བྱས་པར། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཀྱང་གླིང་ཚས་དེབ་ཅིག་ཕུལ་བར་ངོས་བཞེས་གནང་འདུག་མོད། འོན་ཀྱང་ཤིན་ཏུ་ཕངས་པ་ཞིག་ལ་གར་བཞག་མ་ངེས་པས་ཉིན་འགའི་རྗེས་སུ་བཙལ་ནས་ལན་གནང་ཆོག་གསུང་འདུག དེའི་རྗེས་ཨ་མས་བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་བརྒྱུད་ནས་བཀའ་འདྲི་ཞིག་གནང་བར། ད་དུང་རྙེད་མ་སོང་བའི་བཀའ་ལན་གནང་འདུག
དེའི་རྗེས་སུ་ཐག་ཉེ་རིང་གི་གླིང་ཚའི་ལས་འགུལ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་གནང་མཁན་དང་། ལྷག་དོན་གླིང་ཚ་དང་རང་ཉིད་ཀྱི་གྲོགས་པོ་རེ་འགས་ང་རང་《ཞི་བའི་འཐབ་རྩོད་》ཀྱི་ར་མདའ་ལ་བཏང་བྱུང་ཡང་། གཅིག་ནས་རང་ཉིད་མི་ཆུང་ཞིག་བཀའ་ཤག་ལ་བཅར་ཡང་སྔོ་མི་ཐོགས་པ་དང་། གཉིས་ནས་དེ་འདྲའི་གལ་ཆེན་ཞིག་གནང་མེད་བྱེད་ནུས་ན་ང་རང་ལ་གནང་མེད་བྱ་ངེས་ཡིན་པ། གསུམ་ནས་བཀའ་ལན་གནང་བའི་རྣམ་འགྱུར་རེ་ཟུང་གིས་རང་ཉིད་ཀྱི་འདོད་པ་མ་ཁེངས་པ་རེ་བྱུང་ན་གྲོགས་པོའི་ཆེད་དུ་ཁོང་ཁྲོ་མ་གནོན་པར་དཔལ་སྲིད་བཀའ་ཤག་ནས་ཞབས་འདྲེན་འདྲ་ཞུས་མི་ཡོང་ངམ་སྙམ་ནས། བསྐྱར་དུ་བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ལ་རེ་སྐུལ་གྱིས་དེབ་དེ་དཔར་སྐྲུན་འགྲེམ་སྤེལ་གྱི་ཚད་གཞིར་མ་ལོང་བར་ནར་འཇོག་གནང་བ་འདྲ་ཡིན་ཚེ། མ་ཕྱི་དེ་ཕྱིར་གནང་བའི་རེ་སྐུལ་དང་། གལ་སྲིད་བོར་བརླག་གིས་མ་རྙེད་པ་ཡིན་ན་བསྐྱར་དུ་བཙལ་འཚོལ་གནང་རྒྱུའི་རེ་བ་ཞུས་པ་བཞིན། བཀའ་ཤག་ཏུ་བཅར་ཡང་བོར་བརླག་གིས་རྙེད་ཀྱི་མེད་པའི་བཀའ་ལན་དངོས་གསལ་གནང་འདུག
སྤྱིར་བཏང་གིས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་སྲིད་སྐྱོང་ཞིག་གི་ངོས་ནས་བཤད་ན། ཤིན་ཏུ་ཁེ་ཆུང་བའི་དོན་དག་ཅིག་ཡིན་ངེས་ཀྱང་། གལ་སྲིད་སྣང་མེད་བྱེད་པ་ལས་ཐོག་མར་ངོས་བཞེས་མ་གནང་བས་འཐུས་ཏེ། ཁས་བླངས་ཤིང་དམ་བཅས་པའི་ལས་ཀ་དེ་འདི་ལྟར་མཇུག་སྡུམ་པ་ནི་ཅི་འདྲའི་ཡིད་ཕངས་པ་ཞིག་རེད་ཨང་།
ང་རང་ལོ་མང་རིང་གླིང་ཚ་དང་གཤིབ་ཅིང་འོང་བའི་མི་ཞིག་ཡིན་པའི་ཆ་ནས། ཁོང་གི་སློབ་སྦྱོང་གི་ཚད་གཞི་ལ་རྒྱུས་མངའ་ཡོད་སྟབས་《ཞི་བའི་འཐབ་རྩོད་》ཅེས་པའི་དེབ་ཅིག་བྲིས་ཡོད་པ་དེ་དམིགས་བསལ་གྱི་ཚད་མཐོ་བོར་སླེབས་པའི་སྤུས་ལེགས་ཤིག་ཡིན་པ་ལ་གདེང་འཇོག་གང་ཡང་བྱེད་ཀྱི་མེད། ངས་ར་མདའི་ཟོལ་དུ་བརྩད་གཅོད་བྱེད་དོན་ནི། ལྷག་བསམ་རྣམ་པར་དག་པའི་མི་ཞིག་ཡིན་པ་དང་། ཆུང་དུས་ནས་རང་གི་ཆོས་དང་རིག་གཞུང་། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་གི་ཡོད་ཚད་བློས་གཏོང་ཕོད་པ་ཞིག་ཡིན་པའི་ངོས་ནས། དེབ་དེའི་ནང་དུ་ཁ་མིག་ཡར་ལྟའི་བརྗོད་བྱ་ཞིག་མེད་ཀྱང་དེ་ལས་ལྡོག་པའི་བསམ་སྦྱོར་ངན་པའི་བརྗོད་གཞི་ཞིག་མེད་པ་རང་གི་མགོ་བོ་དཔང་ལ་བཞག་ནས་ཁག་ཐག་བྱེད་ཆོག དེའི་སྟབས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྣང་མེད་ཚོར་མེད་ཁོ་ནས་བོར་བརླག་བྱུང་བ་ཞིག་ལས་དེབ་དེ་ཉིད་ཀྱི་བརྗོད་བྱ་དང་རྗོད་བྱེད་ཀྱིས་དཔར་སྐྲུན་འགྲེམ་སྤེལ་གྱི་ཚད་གཞིར་མ་ལོངས་པ་ཞིག་མིན་པ་ཤེས་ནུས། ༢༠༡༤ ༣ ༡༠ ནས་ ༡༡ བར།
ངོ་མ་རྒྱུ་འབྲས་ཟིག་མེད་སྐུ་ངོ་དེ་ཚོ་ཁོ་རང་ཚོ་གཅིག་པོ་བསམ་བསྡད་ཡོད་རེད།ང་ཚོ་སེམས་ནང་ན་ཡོད་བ་མ་རེད།
སྲིད་སྐྱོང་གི་བྱེད་སྟངས་དེ་དངོས་གནས་སྐྱུག་བྲོ་གཞི་ཞིག་རེད། ཉམ་ཆུང་ལ་སྣང་ཆུང་གི་བྱེད་སྟངས་རང་རེད། བོད་དོན་འཐབ་རྩོད་པ་དངོས་མ་ཞིག་གིས་རང་ཉིད་ཀྱིས་བོད་དོན་ཆེད་བློས་གཏོང་གནང་བའི་བརྒྱུད་རིམ་ཇི་བཞིན་ཡིག་ལམ་དུ་ཕབ་པ་དེ་སྲིད་སྐྱོང་གིས་ཁ་དན་ལྟར་པར་སྐྲུན་བྱེད་རྒྱུ་ཕར་བཞག ད་ཆ་གླིང་ཚའི་རྩོམ་བྲིས་དེ་གར་ཡོད་མ་ཤེས་པའི་གནས་སྟངས་སུ་བསྐྱལ་བ་དེ་ནི་སྨྱུག་འཛིན་པ་ཞིག་ལ་མཚོན་ན་བློ་ཡུལ་ལས་ཆེས་ཆེར་འགོངས་པའི་དོན་དག་ཅིག་རེད།
དེ་ཡང་བོད་དོན་འཐབ་རྩོད་པ་གླིང་ཚ་ལགས་ཀྱིས་གཞན་སུ་དང་ཡང་མི་འདྲ་བར་ཆེས་དཀའ་སྡུག་ཆེན་པོའི་ཁོར་ཡུག་ཅིག་གི་འོག་ནས་བྲིས་ཤིང་། བྲིས་པ་དེ་ཡང་གང་ཟག་གཉིས་པ་གསུམ་པ་དེ་འདྲ་མ་ཡིན་པར། རང་ཉིད་ཀྱི་ཡོད་ཚད་བློས་གཏོང་གིས་བོད་དོན་ཆེད་བོད་ས་དངོས་ལ་ཞི་བའི་གོམ་བགྲོད་གནང་མཁན་ཁོང་རང་ཉིད་ཀྱིས་བྲིས་པ་ཞིག་རེད་འདུག དེར་བརྟེན་གླིང་ཚའི་༼ཞི་བའི་འཐབ་རྩོད་༽ཀྱི་ཡིག་རིས་དེ་མིག་མདུན་དུ་གང་མགྱོགས་མངོན་རོལ་ཡོང་བའི་རེ་སྐུལ་ཞུ།
གླིང་ཚ་ཁོང་ཡང་བསྐྱར་བོད་དོན་ཆེད་ཞི་བའི་གོམ་བགྲོད་དུ་ཆས་ཟིན་ནས་ལོ་ངོ་ཧྲིལ་པོ་གཅིག་ཏག་ཏག་འཁོར་བ་དང་། ལམ་བར་ནས་གར་སོང་ཆ་མེད་དུ་གྱུར་ཏེ་ད་བར་དུས་ཡུན་ཟླ་རྒན་ཧྲིལ་པོ་དགུ་འདས་ཡོད། ཡིན་ན་ཡང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་སུ་གང་གིས་ཀྱང་ཁོང་གར་ཡོད་ཀྱི་རྩད་གཅོད་ཞུས་རབས་ཤིག་ཕར་ཞོག ཐ་ན་ཞི་བའི་འཐབ་རྩོད་པ་ཁོང་གི་མིང་ཟུར་ནས་བོས་ཏེ་གདུང་སེམས་མཉམ་བསྐྱེད་ཙམ་ཡང་མ་ཞུས་པ་ནི་ཇི་འདྲའི་བློ་ཕམ་ཞིག་རེད་ཨང་།
ཨེ་བདེན་ནམ། གལ་ཏེ་བདེན་ན་་་་་ཚར་བཞག།
དེ་ནི་ཡིད་སྐྱོ་ཞིང་སེམས་སྡུག་དགོས་བའི་གནད་དོན་ཞིག་རེད་། མ་གཞི་སྐད་ཆ་དྲང་མོ་བཤད་ན་ང་ཚོ་བཙན་བྱོལ་དང་བཙན་བྱོལ་བཀའ་ཤགས་ཁྲོད་བོད་ཡིག་གི་དཔེ་དེབ་ལ་རིན་ཐང་ག་འདྲ་ཞིག་ཡོད་མེད་ང་ཚོས་ཤེས་གསལ་ལས་སྲིད་སྐྱོང་གཅིག་པོའི་གནད་དོན་ཞིག་མ་རེད་འདོད། དབྱིན་ཡིག་གི་དེབ་ག་གེ་མོ་ཞིག་ཡིན་ན་སྲིད་སྐྱོང་གིས་ཀྱང་བདག་གཉེར་བྱས་ཡོད་ཤགས། ལྟོས་ཁ་སང་རྡ་ས་ནས་སུམ་བཅུའི་དུས་དྲན་ཉིན་གྱི་འབོད་ཚིག་དག་ལ་ལྟོས་དང་།
[བོད་ཀྱི་ཆབ་སྲིད་བརྩོན་པ་གློད་བགྲོད་བགོས་ཟེར་བ་ལྟ་བུ་རེད]འོན་ཀྱང་སྤུན་ཟླ་ཚོ་ཡིད་མ་ཕངས་ང་ཚོས་ནམ་ཡང་དཔུང་པ་མཉམ་གཤིབས་ཀྱིས་རང་གི་སྐད་ཡིག་རིག་གཞུང་ཆེད་འཐབ་རྩོད་བྱེད་དགོས།
མིག་མི་འཛུམ་ལགས། དངོས་གནས་དྲང་གནས་ཁྱོད་ཀྱི་རྩོམ་ཡིག་ཁག་ལ་སུན་སྐྱེས་ཡོང་གི དོན་དག་གང་ཡང་མེད་པར་ཚོར་བ་དང་ཚིག་རྒྱན་གྱིས་ཁེངས་པའི་ཉོག་རིང་ཞིག་རེད། དེ་སྔོན་མི་འགའ་རེས་མིག་མི་འཛུམ་ཟེར་བ་དེ་རྡ་རམ་ས་ལའི་སྙན་ངག་པ་ལྷ་ཆབ་སྤྱིན་པ་རེད་ཟེར་གྱིན་འདུག་མོད། དེ་གཏན་གཏན་བདེན་པ་ཡིན་ས་འདུག རྩོམ་ཡིག་ཅི་ཙམ་བྲིས་ཀྱང་ཇེ་བཟང་དུ་འགྲོ་རྒྱུ་མེད་པར་ཚོར་བ་དང་ཆར་ཡན། རྒྱན་ཚིག་གི་སྟེང་ལ་རྒྱན་ཚིག་བསྲེས་པའི་ལྷུག་རྩོན་འདྲ་བོ་ཞིག་རེད།
ིམིག་མི་འཛུམ་ལགས་ཀྱིས་རྩོམ་ཡིག་ཡག་པོ་ཅིག་སྤེལ་གདའ།སྲིད་སྐྱོང་མཆོག་ལ་ངོས་རང་སྙིང་ཐག་པ་ནས་དགའ་མོས་ཡོད་པའི་མི་ཞིག་ཡིན་མོད།ཁོང་གི་བཀའ་སློབ་དང་ཁས་ལེན་མང་པོ་ལག་ཐོག་ཁེལ་ཐུབ་ཀྱི་མེད་པའང་དངོས་གནས་རེད།དེ་འདྲ་སོང་ཙང་།གླིང་ཚའི་དེབ་དེའང་དེ་གྲས་ཀྱི་གཅིག་རེད།རེ་བར་སྲིད་སྐྱོང་མཆོག་ནས་དེབ་དཔར་མ་ཐུབ་ན་སྐྱོན་མེད་པ་རེད།འོན་ཀྱང་།བོར་བརླག་མེད་པར་གླིང་ཚའི་གྲོགས་པོ་ཚོར་དཔར་བཅུག་ན་ཡག་པོ་རེད།
ང་ཚོའི་ཕོ་བྲང་དཀར་བོ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཀ་འདི་འདྲ་ནི་ངོ་མ་ཡ་མཚན་བྱུང་།རྒྱལ་གཅེས་དཔའ་བོ་ཞིག་གི་གལ་ཆེ་དོན་ཆེ་ཡི་བརྩམས་ཆོས་ཤིག་བཀའ་ཤག་གི་ཁང་བ་རྫིག་པོ་དེ་ནས་བོར་བྱུང་བ་ནི་ངོ་མ་ཡ་མཚན་རེད། ད་དངོས་གནས་པཎ་ཆེན་བཅུ་བ་ཆེན་མོ་དྲན་ཡོང་གི བོད་ཡིག་བོད་སྐད་དང་ཁ་ཐག་རིང་བའི་མི་འདི་ཚོས་བོད་དོན་ཞིག་གང་ནས་རྩོད། ང་གཞིས་ལུས་མི་མང་གི་གདོང་ལ་ལྟ་རྒྱུ་ངོ་ཚ་གི
་་་་་་ ཨ་མ་ལྡོམ་པོ་སྐྱིད་དངོས་སུ་སྲིད་སྐྱོང་མཆོག་གི་དྲུང་དུ་བཅར་ནས་བརྩད་གཅོད་བྱས་པར། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཀྱང་གླིང་ཚས་དེབ་ཅིག་ཕུལ་བར་ངོས་བཞེས་གནང་འདུག་མོད། འོན་ཀྱང་ཤིན་ཏུ་ཕངས་པ་ཞིག་ལ་གར་བཞག་མ་ངེས་པས་ཉིན་འགའི་རྗེས་སུ་བཙལ་ནས་ལན་གནང་ཆོག་གསུང་འདུག ་་་་་
དངོས་བདེན་ཡིན་ན་་་་ང་ཚོས་ཀྱང་རང་དགར་བཞག་ནས་ཅི་བྱེད་་་་་ང་ཚོས་རང་སྲོག་བཏང་ནས་ངོ་རྒོལ་ལ་འགྲོ་མ་ཐུབ་ཀྱང་་་དཔའ་རྒོད་ཚོས་བཞག་པའི་ཁ་ཆེམས་དེ་སྣང་མེད་དུ་བཞག་དགྲ་དགའ་གཉེན་སྡུག་གི་ལས་ཀ་ཞིག་ཡིན་པས་ངེས་པར་ཚང་མས་བདེན་མིན་བརྟན་དཔྱད་གནང་རྒྱུ་གལ་ཆེན་རེད
མིའི་བུ་དཔལ་པོ་འདི་ངས་དུས་རྟག་དུ་དྲན་ཡོད་། ང་ཚོས་མི་རིགས་ཞིག་དོན་དུ་རང་སྲོག་ཡོང་ཕང་མེད་གཏོང་བ་རེད་།ང་ཚོས་དཔལ་དུས་ནམ་ཡང་བརྗེད་མི་སྲིད་ལ་།མ་འོངས་པ་བྱུང་རབས་ནང་དུ་གསལ་འགོད་དགོས་།
ངོ་མ་སེམས་སྐྱོ་དགོས་པ་ཞིག་རེད། གླིང་ཚས་ཡོད་ཚད་བློས་གཏང་གིས་གླེན་ལས་བྱས་ནས་བོད་རྒྱལ་ཁབ་འདི་པ་ཚང་གི་ཆེད་དུ་རྒྱ་ཁབ་རྩྭ་ནང་དུ་བོར་བ་ལྟར་གར་སོང་ཆ་མེད་དུ་གྱུར་ནས་ལོ་གཅིག་སོང་ཀྱང་དེའི་སྐོར་བརྩད་གཅོད་དང་ལབ་གླེང་བྱེད་མཁན་མེད་པ་མ་ཟད། ཁོང་ནས་གངས་ཅན་བོད་པ་ཚོར་ཁ་ཆེམས་ཀྱི་ཚུལ་དུ་བཞག་པའི་(ཞི་བའི་འཐབ་རྩོད་)
ཅེས་པའི་དེབ་ཆུང་དེ་བོད་ཀྱི་པ་རྣམས་ཀྱིས་དེང་སང་དགུང་དུ་འཕྱར་བཞིན་པའི་སྲིད་སྐྱོང་བློ་སེང་གི་ལག་ནས་བོར་རླག་སོང་བ་ནི་ཆེས་ཐབས་སྡུག་ཞིག་རེད།
ངོ་མ་སེམས་པ་སྐྱོ་དགོས་པ་ཞིག་རེད་རྒྱལ་གཅེས་དཔའ་བོ་གླིང་ཚ་ཁོང་ང་ཚོའི་མིག་མདུན་ནས་བོར་ནས་ལོ་གཅིག་ཁོར་བ་ང་ཚོས་ཁོང་གི་ཆིད་དུ་ལས་འགུལ་གང་ཡང་དཔེལ་ཐུབ་ཡོད་པ་མ་རེད་མ་ཟས་ཁོང་གི་ཁ་ཞལ་ཆེམ་གྱི་ཚུལ་དུ་ཞག་(ཞི་བའི་འཐབ་རྩོད་)
ཅེས་པའི་དེབ་ཆུང་དེ་ཡང་ང་ཚོ་བདག་པོ་མ་ཐུབ་ན་ང་ཚོའི་ཞབ་འདྲེན་རེད་
གལ་ཏེ་སྲིད་སྐྱོང་ནས་གླིང་ཚའི་རྩོམ་ཡིག་དེ་བོར་སླག་གཏང་ཡོད་ན་སྲིད་སྐྱོང་ནས་ཉམ་ཆུང་མི་ལ་མཐོང་ཆུང་བལྟས་པ་ཞིག་རེད། མ་ཕྱི་དེ་ཁབ་འདྲ་བའི་ཕྲ་མོ་དང་ཆུང་ཆུང་དེ་འདྲ་མ་རེད། སྲིད་སྐྱོང་ནས་བྱེད་གཏང་ཤིན་ཏུ་ནས་མ་འོས་པ་ཞིག་རེད། གལ་སྲིད་དེ་བདེན་པ་ཡིན་ན་མ་འོངས་པ་ཁྱོད་ལ་འོས་འཕེན་གྱི་མིན་ལ་། ང་ཚོས་སྲིད་སྐྱོང་ལ་ངོ་རྒོལ་མཐར་ཕྱིན་པ་བྱེད་ངེས་ཡིན། དེ་མིན་སྲིད་སྐྱོང་དང་མི་དམངས་བར་ལ་དཀྲུག་ཤིང་ཡིན་ན་ཁྱི་རྒན་མིག་མི་འཛུམ་་དཀྲུག་པ་པོ་ཁྱོད་རང་རྩ་མེད་བཟོ་ངེས་ཡིན། དེ་ལྟར་མིན་པ་བདེན་པ་ཡིན་ན་མིག་མི་འཛུམ་ལ་རྒྱབ་སྐྱོར་དང་གསང་བ་འདྲ་བའི་གནས་ཚུལ་ཕྱི་ལ་སྤེལ་བ་བཀའ་དྲིན་ཆེ་ཞེས་ལེན་རྒྱར་ཞུ།
ད་དངོས་གནས་ཐབས་སྐྱོ་བ་ལ་ང་ཚོའི་སྲིད་སྐྱོང་གིས་བྱེད་སྟངས་དེ་རེད། འདི་བདེན་པ་ཡིན་ནམ།
ང་ཚོས་ངེས་དུ་ཤེས་དགོས་པ་ཞིག་ལ་་།ཁོང་ནི་བོད་མི་རིགས་ཀྱི་དཔལ་པོ་ཞིག་ཡིན་། ང་ཚོས་ཁོང་དམིགས་ཡུལ་འགལ་བའི་དུས་ནམ་ཡང་བྱེད་ཐབས་བྲལ་།
རྩ་བའི་དེབ་དེ་དངོས་གནས་བོར་བརླགས་སུ་སོང་ཡོད་མེད་ཐག་གཅོད་དཀའ་ན་ཡང་། ཨ་མ་ལྡོམ་པོ་སྐྱིད་དངོས་སུ་སྲིད་སྐྱོང་མཆོག་གི་དྲུང་དུ་བཅར་ནས་བརྩད་གཅོད་བྱས་པ་དང་། སྲིད་སྐྱོང་མཆོག་གིས་ཀྱང་གླིང་ཚས་དེབ་ཅིག་ཕུལ་བར་ངོས་བཞེས་གནང་ནས་ཉིན་འགའི་རྗེས་སུ་བཙལ་ནས་ལན་གནང་ཆོག་གསུང་འདུག ་པའི་བརྒྱུད་རིམ་རྣམས་དོན་དངོས་རེད།
ཡེ་ཤེས་དཔལ་གྱི་བཤད་པ་དེ་ངོ་མ་བདེན་པར་འདུག་སྙམ་པ་ཞིག་མཆན་འདི་ཀློག་མ་ཐག་ནས་དྲན་བྱུང་། རེབ་འདིར་ངར་བཤད་རྒྱུ་ཞིག་ཡོད་པ་ནི། མིག་མི་འཛུམ་ལགས་དང་འདྲ་པའི་གླིང་ཚའི་སྐོར་མཚམས་མཚམས་སུ་གླེང་མོལ་བ་སུ་ཡིན་རུང་འདྲ། ཁྱེད་ཚོས་གླིང་ཚའི་རིག་གནས་ཤེས་ཚད་ལ་རྒྱུས་ཡོད་མདོག་མདོག་མ་གནང་རོགས་་་་་་
ཁོ་བོར་མཚོན་ན་སྲིད་སྐྱོང་གིས་དཔེ་དེབ་དེ་བོར་བརླག་བྱུང་བ་དེ་ལ་ཧ་སངས་པ་དང་ཡ་མཚན་རྒྱུ་ཅི་ཡང་མེད། རྒྱུ་མཚན། དེ་ནི་སྲིད་སྐྱོང་གི་ལྷན་སྐྱེས་ཀྱི་ཡོན་ཏན་དང་འབྲེལ་ཕྱིར། འོན་ཀྱང་གླིང་ཚ་ནང་མི་ཡོངས་ཀྱི་ཕྱོགས་ལ་དུས་ཀུན་ཏུ་གདུང་སེམས་མཉམ་སྐྱེད་ཡོད་དེ། ཡོད་ཀྱང་དགོས་སོ།།
བློ་སེང་ལ་སྔོན་མ་ནས་ཡིད་ཆད་བསྡད་ཡོད ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སྐད་ཆ་རྫིག་པོ་འདྲ་བཤད་པ་མ་གཏོགས་ག་རེ་འཇོན་ཡོད།
དེ་ནི་བོད་ཀྱི་གཏམ་དཔེར་ཡོད་པ་ཇི་བཞིན། བློས་གྲོད་པར་སྐལ། གྲོད་པས་ཆུ་གློད། ཞེས་པ་ད་ག་རང་རེད། ང་ཚོའི་སྲིད་སྐྱོང་ལ་ཁ་ལས་གཟུགས་པོ་མེད་པ་ད་དུང་ཤེས་མ་སོང་ངམ།།
དོན་དག་འདི་དངོས་གནས་ཡིན་ན། ཙུག་ཙུག ཕངས་ང་ལ། ཨ་ཁ་ཁ། ཕ་ཡེ།
ད་དུང་དངོས་གནས་ཡག་པོ་བྱས་ནས་བཙལ་ཡོད་མེད་དོགས་པ་ཟ་གིན་འདུག སྐུ་ཉིད་ལ་གལ་ཆེན་པོ་མིན་ན་ཡང་བོད་མི་རིགས་ལ་ལྟོས་ན་གལ་ཆེན་པོ་ཡིན་པས་ཡག་པོ་འཚོལ་གནང་རོགས།
སེམས་ཀྱི་དཔའ་ངར་དང་། དཀའ་སྡུག ཁྲག་དང་རྔུལ་ཆུའི་ཐིག་པ་འདྲེས་པའི་གླིང་ཚའི་རྩོམ་ཆོས་ (ཞི་བའི་ཐབས་རྩོད།) ཅེས་པའི་མ་ཟིན་དེ་དངོས་གནས་ལས་ཁུངས་ནས་བོར་བརླག་སོང་ཡོད་ན། ངས་ང་ཚོའི་ཆེས་མཐོའི་ལས་ཁུངས་ནང་ལས་ཀ་ཚགས་ཚུད་ལོས་ཀྱི་སྤུས་ཀ་དེ་མང་ཚོགས་ནང་གསལ་པོ་ཆགས་པར་ངོས་འཛིན་བྱེད་རྒྱུ་ཡིན། དེ་ལུགས་དགོངས་མངའ་མཁྱེན།
གུས་པ་ནི་སྲིད་སྐྱོང་ལ་མཐའ་གཅིག་ཏུ་དགའ་མོས་རྒྱབ་སྐྱོར་བྱེད་མཁན་ཞིག། གླིང་ཚ་ནི་ང་ཚོའི་དཔའ་བོ་དང། ་སྙིང་སྟོབས་སྤེལ་བ་པོ་དང། གཅེས་པའི་བུ་ཕྲུག་། དགའ་བའི་ཟླ་གྲོགས་། བྱམས་སེམས་ཅན་གྱི་ཕ་་མ་། རང་ཉིད་ཀྱི་ལུས་སྲོག་དང་བཅས་པ་བོད་མི་དམངས་ལ་ཕུལ་བས། ཁོང་ནི་ང་ཚོས་ནམ་ཡང་བརྗེད་ཐབས་མེད་པའི་ཞི་བའི་དཔའ་བོ་བླ་ན་མེད་པ་ཅིག་རྩོད་མེད་རེད། ཁོང་ནས་རྩམ་ཆོས་ཞི་བའི་འཐབ་རྩོད་ཅེས་པ་དེ་དངོས་གནས་སྲིད་སྐྱོང་ནས་བོར་རླག་གཏང་ཡོད་ན་། སྲིད་སྐྱོང་ཁྱོད་ནི་མཐོ་པོའི་མི་མ་ཏོག་དམའ་བའི་མི་ མི་མཐོང་མཁན་ཞིག་རེད། ང་ཚོ་སྡ་སར་ཡོང་ནས་ངོ་རྒོལ་མཐར་ཕྱིན་པ་རྒྱབ་ངེས་ཡིན། དེ་མིན་དགའ་མིན་དགའ་དོག་བྱེད་ནས་ཤར་ཁུག་དང་མིག་མི་འཛོམ་སོགས་ཀྱིས་དཀྲུག་ཤིང་ཡིན་ན་རང་གར་བཞག་ཐབས་མེད། ལར་ནས་མིག་མི་འཛུམ་དང་ཤར་ཁུག་གཉིས་མི་ཅིག་ལ་མིང་གཉིས་སུ་རྫུན་ནས་གང་བྱུང་མ་བྱུང་བྲིས་ན་ཁྲིམ་ལ་གཏུག་རྒྱུ་སྨྲ་མེད་པའོ།
སྲིད་སྐྱོང་གིས་གཞུང་འབྲེལ་དཔར་བསྐྲུན་བྱ་རྒྱུར་ཞལ་བཞེས་གནང་པ་དང་ཡང་ན། སྲིད་སྐྱོང་སྒེར་ངོས་ནས་
དཔར་བསྐྲུན་ཞུ་རྒྱུར་ཞལ་བཞེས་གནང་པ་རེད།
དཔེ་དེབ་དངོས་སུ་སྲིད་སྐྱོང་ལ་ཕུལ་བ་ཡིན་ན་སྲིད་སྐྱོང་གིས་གར་བཞག་མ་ཤེས་པ་རེད་དམ། ཡང་ན། ལས་
ཁུངས་གཙང་མ་བཟོ་མཁན་ཞིག་གིས་འཁྱེར་སོང་བ་རེད།
གཞུང་འབྲེལ་མི་སྣ་ཞིག་གི་ངོས་ནས་དཔེ་དེབ་ལ་གཟིགས་ཞིབ་མ་གནང་གོང་ནས་དཔར་བསྐྲུན་བྱ་རྒྱུར་
ཁས་ལེན་གནང་བ་འདི་ཡ་མཚན་རེད། ཆོས་དཔེ་ནི་མ་རེད། འབྲེལ་ཡོད་དང་དང་པོ་ནས་གོ་བརྡ་མ་འཕྲོད་པ་མིན་ཤས་ཆེ། ཕུལ་བ་ཁས་བླངས་ཡོད་ཟེར། ཨ་ད་གནད་འགག་མང་པོ་འདུག གང་ཡོང་།
http://www.pewforum.org/2012/12/18/global-religious-landscape-budhist/
http://en.m.Wikipedia.org/wiki/Budhism_by_country
དྲ་ཐག་འདི་གཉིས་ཐོག་གཟིགས་དང་། ༢༠༡༣ ལོར་རྒྱ་ནག་ནང་ནང་པ་ས་ཡ་༢༧༠ ཡོད་པ་དང་། ༢༠༡༠ ལོར་ས་ཡ་༢༤༤ ཡོད་ཅེས་གསལ་འདུག་པས་གནམ་ལོ་ཡག་ཅན་ཁྱེད་ནས་ཅི་ཞིག་གསུངས་རྒྱུ་ཡིན་ནམ
ཡིད་སེམས་རྨང་ནས་སྐྱོ་བྱེད་ཀྱི་དོན་དག་འདིའི་སྐོར་ལ་དྲྭ་གྲོགས་མང་པོ་ཞིག་གིས་བསམ་ཚུལ་བཤད་འདུག ཁ་ཤས་ཤིག་ད་དུང་དོན་དག་འདི་བདེན་མིན་གྱི་སྐོར་ལ་དོགས་པ་ཡོད་མདོག་འདུག
འདིར་ཞུ་རྒྱུ་ཞིག་ལ་གོང་ན་བཤད་ཡོད་པའི་དེབ་སྲིད་སྐྱོང་ལ་ཕུལ་བ་དང་ཁོང་གིས་ཁས་ལེན་གནང་བ་སོགས་དངོས་ཡོད་གནས་ཚུལ་ཡིན་པ་དང་ད་དུང་དེབ་དེ་བརླག་སོང་ཟེར་བའི་སྐད་ཆ་འདི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་ཡིན་པས་མང་པོ་ཞིག་གིས་ཡིད་ཆེས་དཀའ་བ་ཡང་ཅི་ཁག
གལ་ཏེ་འདི་ལ་དོགས་པ་ཡོད་མཁན་དང་བདེན་མིན་བསམ་མཁན་འདྲ་ཡོད་ན་ད་ལྟའི་མདོ་སྨད་སྤྱི་འཐུས་ལས་ཐོག་རྨོག་རུ་བསྟན་པ་ལགས་སུ་བཀའ་འདྲི་ཞུ་རོགས། ཁོང་ནི་འདིའི་མགོ་མཇུག་ལ་རྒྱུས་མངའ་ཡོད་མཁན་དེ་ཡིན།
སྲིད་སྐྱོང་མཆོག་གིས་འདི་བཞིན་ཆུང་ཆུང་ཚོ་ལ་ཐུབ་ཚོད་གཏོང་གི་འདུག དཔའ་ཁེར་རྒྱུག་གི་དཔའ་བོ་ཞིག་གི་ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ་གད་སྣོད་དུ་གཡུགས་བཞིན་འདུག བུ་ཤི་གསོན་མི་ཤེས་པའི་མ་རྒན་དེའི་གློ་སྙིང་མཆིན་གསུམ་ལ་གྲི་འཛུགས་ཀྱི་འདུག མ་རྒན་དེ་བཀའ་ཤག་གི་སྒོ་འགྲམ་ནས་ཐེངས་ག་ཚོད་ཅིག་ལ་ངུས་ནས་བུའི་ཁ་ཆེམས་ལ་ར་མདའ་བྱེད་དགོས་རེད།
གླིང་ཚའི་ཚེ་ལ་བར་ཆད་མེད་པར་ཤོག །
བཙན་པོས་བཤད་པར་བདེན་པ་འདུག ཆེས་ཆུང་ས་ཞིག་ནས་འདང་བརྒྱབ་རུང་། མ་རྒན་མ་དེ་སྙིང་རྗེ། དོན་དག་འདི་རང་གི་ཤ་ཆད་གཅེས་ཕྲུག་གི་ཞལ་ཆེམས་ཟོལ་འདྲ་པོ་རེད། བུ་ཕྲུག་ཡོད་སའི་ཕ་མ་ཞིག་ཡིན་ཕྱིན་ཆད། དོན་དག་འདི་འདྲར་ཐུག་དུས་སྡུག་ཇི་ཙམ་ཞིག་ཡོང་མིན་ཆེད་དུ་བསླབ་མི་དགོས་པར་རང་མྱོང་ཐོག་ནས་འོང་རྒྱུ་ཞིག་མིན་ནམ། རེད་ངོ་མ་རེད། དཔའ་གླིང་ལྟ་བུའི་བསམ་བློ་བ་དང་མི་གཞི་ཅན་དང་ལར་ཞེན་པ་ཞིག་གི་ཡོད་ཚད་ནི་ངོ་མ་གསེར་བྲིས་བྱས་ཆོག་ཆོག་རེད། ལྷག་པར་དུ་ཁོང་རང་ཉིད་ཀྱིས་བོད་དོན་འཐབ་རྩོད་ཐད་བཏོན་པའི་ཞི་བའི་འཐབ་རྩོད་འདིའི་ལོ་རྒྱུས་ཀྱི་དབུ་ཁྱུད་དེ་རིན་པོ་ཆེ་སྒམ་ནང་དུ་བཞག་པ་ལྟ་བུའི་ཞི་བའི་འཐབ་རྩོད་ཅེས་པའི་དཔེ་དེབ་འདི། ད་ལྟའི་གནས་ཚུལ་སྐྱི་གཡའ་བ་འདི་འདྲ་ཞིག་ནས་དོན་ངོ་མ་བརླག་སོང་ན། འདི་གླིང་ཚ་དང་གླིང་ཚའི་ནང་མི་ལྟ་བུའི་མི་སྒེར་དང་མི་ཚང་ཞིག་གི་དོན་ཆེན་བརླག་པ་ཙམ་ལ་སུས་ངོས་འཛིན་བྱེད་དམ། འདི་ལྷ་དཀོན་མཆོག་གིས་ངོས་འཛིན་བྱེད་སྲིད་ནི་མ་རེད་ལ་སྤྱི་མི་ཕལ་བ་ང་འདྲ་བས་ཀྱང་ངོས་འཛིན་བྱེད་སྲིད་ནི་མ་རེད།
འདིར་བློ་བཟང་སེང་གེའི་མི་གཤིས་ཀུན་སྤྱོད་དང་ཁོང་གི་གནས་བབས་ཕྲན་བུ་ངོ་སྤྲོད་བྱེད་འདོད། དེ་ཡང་དཔེ་ཆུང་ཆུང་ཞིག་འཇོག་འདོད། དཔེར་ན་མི་ཞིག་རི་མཐོ་བོ་ཞིག་གི་རྩེ་ན་ཡོད་ཚེ་ཁོས་སྤངས་ལྗོངས་དང་གཙང་པོ་སོགས་རུ་ཁུག་ཐུར་ལ་ལྟད་མོ་ལྟ་གི་རེད། གལ་སྲིད་མི་ཞིག་རི་ཁུག་གམ་འོག་ན་ཡོད་ཚེ། མགོ་བཀྱགས་ནས་རི་རྩེ་ཡར་ལ་ལྟོས་ནས་རི་རྩེར་འཛེག་སྟངས་ལ་བསམ་བློ་གཏོང་གི་རེད།
དཔེ་དེ་བཞིན་མིའི་སྤྱི་ཚོགས་ཀྱི་གྲལ་མཐའ་ནས་འཚར་ལོངས་འབྱུང་བཞིན་པའི་མི་ཆུང་ཕལ་བ་ཞིག་ཡིན་ན་མི་ཆེན་རྣམས་དང་འབྲེལ་བ་བྱེད་རྒྱུའི་འབད་བརྩོན་བྱེད་ཀི་རེད། དཔེར་ན་མི་མྱིང་ཅན་དང་ཕྱུག་པོ། དཔོན་པོ་སོགས་དང་མཉམ་དུ་ལག་པ་གཏོང་བ་དང་ཟ་མ་ཟ་བ་དང་འདྲ་པར་བརྒྱག་རྒྱུ་སོགས་ལ་འབད་བརྩོན་བྱེད་ཀི་རེད། པར་དེ་དག་རྩ་ཆེན་པོ་ཉར་གི་རེད་གང་ཡིན་ཟེར་ན་གོ་སྐབས་དེ་འདྲ་མི་ཚེའི་ནང་མང་པོ་བྱུང་མྱོང་ཡོད་པ་མ་རེད། མི་འདི་རིགས་སྤྱི་ཚོགས་ཀྱི་དམའ་རིམ་ལ་འདྲེས་ནས་ཡོང་བ་ཡིན་སྟབས་དམའ་རིམ་གྱི་མི་ལ་དམིགས་བསལ་གྱི་དོ་སྣང་ཡོང་གི་མ་རེད།
དཔོན་པོ་དང་ཕྱུག་པོ་སོགས་སྤྱི་ཚོགས་ཀྱི་གྲལ་མགོ་ན་ཡོད་པའི་བསམ་ཡོད་ཚོས་དམའ་རིམ་མང་ཚོགས་དང་སྐྱོ་བོ་དང་རྒན་རྒོན་དང་བྱིས་པ་སོགས་སྤྱི་ཚོགས་ནང་གི་གཉོམ་ཆུང་ཚོར་ཐུག་ནས། ཕྱག་གཏོང་བ་དང་བང་དུ་ལེན་པ། ཞལ་འཛུམ་པ་དང་མཉམ་དུ་འདྲ་པར་བསྐྱོན་རྒྱུར་ཐུགས་མཉེས་པོ་གནང་བ་གི་རེད། ཁོང་ཚོ་ལ་མཚན་ན་གནས་ཚུལ་གསར་བ་དང་དམིགས་བསལ་རིན་ཐང་ཆེན་པོར་བརྩི་གི་རེད། གང་ཡིན་ཟེར་ན་མི་འདི་རིགས་དུས་རྒྱུན་མི་གཉོམ་ཆུང་རིགས་ལ་ཐུག་རྒྱུའི་གོ་སྐབས་རེག་ལས་སླ་བོ་ཡོད་པ་མ་རེད།
དེའི་ཕྱིར་བློ་བཟང་སངས་རྒྱས་ཡང་རི་རྩེ་ལ་འཛེག་འདོད་ཀྱི་ཧམ་སེམས་ཀྱིས་སྨྱོས་ཡོད་སྟབས། གླིང་ཚ་འདྲ་བོ་གཉོམ་ཆུང་གི་རིགས་ལ་འབྲེལ་བ་བྱེད་རྒྱུ་ཁོང་གི་བསམ་བློའི་འཆར་གཞིའི་ནང་ཡོད་པ་མ་རེད། བྱས་ཙང་གླིང་ཚས་ཀྱང་བློ་བཟང་སངས་རྒྱས་རྒྱུས་མ་ལོན་པའི་ཉེས་པས། ཁོ་རང་གི་དཀའ་སྡུག་དང་ཕུགས་བསམ་བྲིས་པའི་དཔེ་དེབ་བཅོལ་ས་ནོར་བ་རེད། བློ་བཟང་སངས་རྒྱས་ཀྱིས་དོན་དག་ཅི་ཞིག་གཉེར་གི་ཡོད་པའི་ཁ་ཕྱོགས་རྒྱུས་མ་ལོན་པ་རེད།
བློ་བསང་གིས་མིང་གྲགས་ཆེད་ཁོ་རང་མིང་ངོ་མ་སངས་རྒྱས་ཟེར་ཁ་བསྒྱུང་སྟེ་སེང་གེ་བཏགས་པ་ཡིན་ཚོད་འདུག དོན་ངོ་མར་སངས་རྒྱས་དང་སེང་གེ་གཉིས་ལས་གང་རྩ་ཆེ་བ་ཡིན་མིན་ལ་བསམ་བློ་འཁོར་དགོས་པ་ཞིག་རེད།
མདོ་དོན་བློ་བཟང་རི་ཁུག་ནས་འཚར་ལོངས་བྱུང་ནའང་རི་ཁུག་ལ་སུན་ནས་ད་ལྟ་རི་རྩེ་ལ་སླེབས་འདོད་ཀྱི་འདོད་རྔམ་མེ་ནང་བཞིན་འབར་བཞིན་པའི་སྒང་ཡིན་སྟབས། རི་ཁུག་དང་རི་ཁུག་ན་འཚོའི་མི་གཉོམ་ཆུང་ཚོར་ཁ་ཡ་བྱེད་ཀི་མ་རེད། དེའི་ཕྱིར་མི་གཉོམ་ཆུང་ཚོ་འདོད་རྔམ་ཁོང་དང་ཐག་རིམ་ཙམ་བསྡད་ན་ཡག་གི་རེད།
དངོས་གནས་་གླིང་ཚའི་དེབ་དེའི་སྐོར་ གླིང་ཚའི་ཨ་མའི་ཁ་པར་ཨང་གྲངས་དང་ རྨོག་རུ་བསྟན་ཁ་པར་འདིར་བཀོད་རོག་ ང་ཚོའི་བདེན་མིན་སྐད་ཆ་དྲི་ཡག་ཡིན་ གལ་ཏེ་བདེན་པ་ཡིན་ན་ང་ཚོས་སྲིད་སྐྱོང་ལ་་ངོ་རྒོལ་དང་། མ་ཕྱི་དེ་བཙལ་ཐབས་བྱེད་ངེས་ཡིན་ལ་གལ་ཏེ་ལག་སོན་བྱུང་ན་ང་ཚོས་་ཐབས་ཤེས་གང་ཐུབ་ཀྱིས་སྤུས་ཚད་ལྡན་པའི་པར་སྐྲུན་ཞུ་ངེས་ཡིན། དེ་ནི་གླིང་ཚའི་རྗེས་སུ་ང་ཚོ་ཡང་མཐའ་ཅིག་ཏུ་ཡོང་གི་ཡོད་ཞེས་པའི་བརྡའ་ལེན་གསལ་པོ་ཞིག་ཡིན།
གྲོགས་མིག་མི་འཛུམ་ལགས་བཤད་པ་དེ་བདེན་ནམ་ངོ་མ་བདེན་པ་ཡིན་ཅི་འདྲའི་སྐྱོ་བ་ལ་ཅི་འདྲའི་ཐབས་སྡུག་པ་ལ་སྲིད་སྐྱོང་སྲིད་སྐྱོད་སྐྱག་པའི་སྲིད་སྐྱོང་མི་བུ་གཉོམ་ཆུང་ཞིག་གིས་ལས་སྲོག་ལོངས་སྤྱོད་ཡོད་ཚད་ནས་ཡོད་ཚད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ཕུལ་བའི་སྙིང་སྟོབས་ལྷག་བསམ་ཚང་མ་དགོས་མེད་དོན་མེད་དུ་བཏང་བ་མ་ཡིན་ཡིད་སྐྱོ་བ་ལ་སེམས་སྡུག་པ་ལ་ངོ་མ་གླིང་ཚ་བ་ཁྱོད་སྙིང་མ་རྗེ།
གལ་སྲིད་དེབ་དེའི་བརྗོད་བྱ་དང་སྲིད་སྐྱོང་མཆོག་གི་ལངས་ཕྱོགས་ལ་འགལ་བ་ཡོད་ཙང་དེབ་དེ་གལ་མཐོང་མེད་པ་གྱུར་སོང་བ་མ་ཡིན་་་་ཡིན་མི་སྲིད་་་་འོ་ན་རྒྱུ་མཚན་ཅིའི་ཕྱིར་དུ་དེབ་མཐོང་ལམ་ན་མེད་སོང་བ་རེད་པར་སྐྲུན་ཕལ་བཞོག་གལ་སྲིད་སྲིད་སྐྱོང་གི་འདོད་བློ་དང་མ་མཐུན་པ་ཡིན་ན་་་དྲང་མོ་དྲང་ཤག་་་་བདེན་པ་བདེན་རྐྱང་་་་ཐ་སྙད་འདི་དག་སྲིད་སྐྱོང་ལགས་ཀྱིས་མཎེ་བཞིན་གྱེར་བཞིན་ཡོད་མོད་སྐབས་དེ་རིང་མེད་སོང་བ་མ་ཡིན་ནམ་གལ་སྲིད་གོང་གསལ་ལྟར་སྲིད་སྐྱོང་ལགས་ནས་སྦས་བ་འདྲ་ཡིན་ན་ཧ་ཅང་གི་ཐབས་སྐྱོ་བོ་རེད་ཁྲིམས་ལུགས་དང་མཐུན་མིན་སོགས་ལ་ཡང་དཔྱོད་དགོས་་་་གླིང་ཚ་བ་ཆུང་ཆུང་ཡིན་རུང་་་་གནད་དོན་འདི་ཆུང་ཆུང་ཞིག་རྩ་བ་ནས་མ་རེད་་་་་འདི་ལྟར་ལམ་ལ་ཆས་ན་ནམ་ཞིག་གི་ཚེ་བདེན་པའི་རང་དབང་ཐོབ་སྲིད་དམ་་་སུ་ཞིག་གིས་བདེན་པ་རྩོད་དམ་་་་སུ་ཞིག་ལ་ཡིད་ཆེས་ཡོད་དམ་་་་སུ་ཞིག་སྲིད་སྐྱོང་ཡིན་་་་་སུ་ཞིག་འབངས་མི་ཡིན་་་་་ཆིག་སྒྲིལ་་་་རང་མགོ་རང་འཐོན་ཧེ་ཧེ་ངོ་མ་རང་མགོ་རང་འཐོན་རང་རེད་འདུག་ཡིད་སྐྱོ་བ་ལ་རེ་བ་ཚང་མ་བརླག་སོང་། གྲོགས་མིག་མི་འཛུམ་གྱི་བཤད་པ་དེ་བདེན་པའི་དབང་དུ་བཞག་པ་ཡིན་འོན་ཏེ་དེ་ལས་ལྡོག་པ་ཞིག་ཡིན་མི་སྲིད།
གལ་སྲིད་བོད་ཀྱི་གསར་འགོད་པ་འདི་ཚོ་ཕྱི་རྒྱལ་གྱི་གསར་འགོད་པ་བཞིན་ཡིན་ཚེ། མིག་མི་བཙུམ་གྱིས་བཤད་པའི་གནས་ཚུལ་དེ་བདེན་ན།མཐའ་འདེད་དང་ཕུད་འདེད་བྱས་ཏེ།ས་བཤུས་ནས་རྡོ་ལྷང་ལ་འབུད་ཐབས་བྱེད་ངེས་རེད། ཡིན་ཡང་ཁོང་ཚོ་ནི་སྲིད་སྐྱོང་ལ་སྐྲག་ནས་དྲི་བ་གཏོང་ཐུབ་ཀི་ཡོད་པ་མ་རེད། མི་ཉམ་ཆུང་རིགས་ལ་མཐོང་ཆུང་བྱས་བའི་རྟགས་རེད། བོད་ཡིག་མི་མཁོ་བའི་མི་ཞིག་ལ་བོད་ཡིག་གི་དེབ་པར་སྐྲུན་བྱེད་དུ་བཅོལ་བ་དེ་འདྲེ་ལ་བུ་བཅོལ་བ་དང་ཁྱད་ཅི་ཡོད།
ད་ཡར་བཤད་མར་བཤད་ནས་དོན་དག་གང་ཡང་ཡོད་ཀྱི་མ་རེད་། གླིང་ཚ་དང་ཁོས་དེབ་སྲིད་སྐྱོང་ལ་སྦྱིན་ཡོད་མེད་ཀྱི་སྐོར་འུ་ཚང་གི་གསར་འགོད་པས་སྲིད་སྐྱོང་དང་གནད་ཡོད་མི་སྣ་དག་ལ་དྲིས་ནས་མི་མང་ལ་གནས་ཚུལ་བདེན་པ་གསར་བོ་བཤད་ཀྱི་ཧ་ཅང་གལ་ཆེན་པོ་རེད་།
གབ་ཚིག་འདྲ་བ་ཞིག་ལབ་ནས་གནས་ཚུལ་ཁ་གསལ་བཀོད་མི་འདུག གསར་འགོད་པ་དག་གིས་འདིའི་སྐོར་ལ་བཅར་འདྲི་དང་ཚ་འདེད་བྱས་ན་གོ་རྒྱུ་ཞིག་ཨེ་མི་ཡོད། དེ་མིན་ངས་ནི་གང་ཟག་ག་གེ་མོ་ཞིག་གིས་སྲིད་སྐྱོང་ལ་སྐྱོན་རྒྱག་གི་ཨེ་ཡོད་ན་བསམ་སོང་།
ཧོ་ཧོ། གསར་འགོད་པ་དེ་འདྲ་ཞིག་ད་སྔར་འུ་ཚོར་བྱུང་མེད་ཚོད་རེད། ད་ཐེངས་གཅིག་བྱུང་ན་ཆེས་ཐོག་མ་དེ་ཡིན་ཕྱིར། རྟེན་འབྲེལ་ཚ་ཐག་ཆོད་ཅིག་ཞུ། ངས་བལྟས་ན་ཐེངས་འདིའི་གསར་འགོད་པ་ངོ་མ་བོ་མིག་འཛུམ་རང་རེད་འདོད།