ཨེ་མ་ཧོ།
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།
ཀ་དག་ཡེ་ཤེས་མཆོག་བརྙེས་ཀུན་ཏུ་བཟང་།།
ཁ་སྦྱོར་ཡན་ལག་བདུན་ལྡན་རྡོ་རྗེ་འཆང་།།
ག་བུར་དབང་པོའི་མདངས་འཛིན་སེམས་དཔའ་མཆོག །
ང་ཡི་བརྒྱུད་གསུམ་བླ་མས་རྟག་སྐྱོངས་ཤིག །
ཅ་ཅོ་སྨྲ་བ་མང་པའི་མི་དམངས་ཁྲོད།།
ཆ་ལུགས་ངན་པའི་ཆས་གྱོན་གསལ་མི་གསལ།།
ཇ་ཡུན་ཙམ་ལ་འཆར་བའི་འཕྲིན་ཐུང་ཞིག །
ཉ་བཞིན་ལྕགས་ཀྱུའི་གྲོང་ནས་འདི་སྐད་ཐལ།།
ཏཱ་ལའི་བླ་མ་དད་པ་འགྱུར་མེད་དང་།།
ཐ་དག་བོད་ལ་འབུལ་བའི་ཡི་དྭགས་ང་།།
ད་ལྟ་འཆི་མ་གསོན་གྱི་གྲོང་ཁྱེར་ནས།།
ན་ཚའི་གདུང་བ་བཟོད་ཐབས་དཀའ་འོ་གསུངས།།
པ་མེས་རིག་དཔལ་གནས་ལ་དུང་བའི་ཕྱིར།།
ཕ་མ་བཟའ་ཚང་ཕྱི་ཕྱག་འཚལ་ནས་སོང་།།
བ་གླང་དྲིན་ཆེན་ཞིག་གིས་ཕན་འདོགས་བཞིན།།
མ་ལུས་སྤྱི་དོན་ཆེད་དུ་འབད་དོ་གསུངས།།
ཙ་རི་གནས་སྐོར་ཆེད་དུ་མ་ཡིན་ཀྱང་།།
ཚ་གྲང་དཀའ་སྤྱད་གངས་ཅན་བསྟན་སྲིད་ཕྱིར།།
ཛ་དྲག་ལས་ཀྱིས་དེད་པའི་ཁྱེར་རྐྱང་ང་།།
ཝ་བཞིན་དོན་མེད་འདུར་རྒྱུགས་བྱས་མེད་གསུངས།།
ཞ་ལོང་ལྐུག་པའི་རྟུལ་ཞུགས་མ་ཡིན་ཀྱང་།།
ཟ་འདོད་ནང་རུལ་མཁན་ལ་ཅི་ཆ་ཡང་།།
འ་ཅག་དེད་དཔོན་༧གོང་ས་རིན་ཆེན་ལ།།
ཡ་ཁོག་དྲང་བདེན་བྱས་པའི་དོད་ཡིན་གསུངས།།
ར་བཞིན་ཚེ་ཟད་སྲིན་པོའི་སྒོ་ཁར་ལྷུང་།།
ལ་རྒྱའི་གཏེར་ཆེན་ནམ་མཁའ་མཛོད་དུ་སྦས།།
ཤ་ཁྲག་རུས་པའི་རྒྱུད་ཐག་ཆད་ཀྱང་རུང་།།
ས་སྟེང་སྐྱེ་བའི་སྙིང་པོ་ལོན་ཐལ་གསུངས།།
ཧ་ཅང་བརྩེ་དུང་ཅན་གྱི་གྲོགས་པོ་ངས།།
ཨ་མའི་བུ་ཁྱོད་སེམས་པའི་གངས་ཅན་པར།།
ཨོ་རྒྱན་པདྨས་བྱིན་རླབས་སྙིང་ཞུགས་ནས།།
ཨེ་མ་སྐྱིད་པའི་བར་དོ་མྱུར་འཆར་སྨོན།།
ཨུ་ཚུགས་འདོད་པའི་ཞེན་ཆགས་རབ་བརྟས་ནས།།
ཨི་ཤི་ཀ་ཡི་བདེ་ཆེན་ཞིང་མཐོང་བར།།
ཡིད་ལ་འདོད་པའི་དོན་ཀུན་ལྷུན་གྲུབ་ནས།།
གངས་ལྗོངས་བསྟན་སྲིད་རྟག་ཏུ་བརྟན་པར་སྨོན།།
དེས་སྐད་བགྲོས་ནས་མི་ཚོགས་གྲལ་དུ་ཡལ།།
རང་ཉིད་སྐྱོ་གདུང་བཟོད་མི་ཐུབ་པའི་ངང་།།
སད་རྨི་གང་ཡིན་མ་ཤེས་སྙིང་རླུང་ལྡིང་།།
རྩ་བརྒྱུད་བླ་མར་གདུང་བའི་དབྱངས་ཀྱིས་བསྐུལ།།
ཆོས་བརྒྱད་ཞེན་པ་ལོག་པའི་ངེས་འབྱུང་གཅིག །
བྱང་ཆུབ་སེམས་མཆོག་སྐྱེ་བའི་སྨོན་ལམ་གཉིས།།
སྣང་སྲིད་དག་མཉམ་རྟོགས་པའི་ལྟ་དགོངས་གསུམ།།
འགྲོ་ཀུན་རྒྱུད་ལ་འབྱོར་བའི་བདེན་ཚིག་བརྗོད།།
གླིང་ཚ་དཀར་པོ་རྨི་ལམ་ཞིང་ནས་མཇལ།།
ཚེ་བརྟན་རྡོ་རྗེའི་སྐྱོ་གླུའི་ཟློས་གར་དེ།།
གསལ་མ་གསལ་གྱི་རང་སྣང་དྲོན་མོ་ཉིད།།
གང་ཤར་སྒྲོ་སྐུར་བྲལ་བའི་ངང་ནས་བྲིས།།
ཞེས་པ་འདི་ཡང་རབ་རྒྱན་སྨྲིན་ཟླའི་དབང་ཕྱོགས་རྫོགས་པ་དང་པོར་མ་བསམ་ས་ནས་གླིང་ཚ་ཚེ་བརྟན་རྡོ་རྗེ་སྐྱོ་ཉམས་བཅས་རྨི་ལམ་རྨིས་པས་རྩོམ་པ་པོས་བསྐུལ་མ་ལྟ་བུས་རྐྱེན་ལས་གང་དྲན་དུ་རྨི་ལམ་དབང་ཕྱུག་གམ་རིག་འཛིན་ཨེ་མ་ཧོས་ནུབ་ཕྱོགས་ཨེ་ཝཾ་ཏཱ་ར་ཆོས་གླིང་ནས་བྲིས་པ་དགེའོ།།
ཀ་རྩོམ་ལམ་ནས་རྨིས་པའི་རྨི་ལམ་སྟེ།།
ཁ་བའི་དཔའ་བོ་གླིང་ཚའི་སྐོར་ལ་བྲིས།།
ག་ལེར་བསམ་ན་ཁྱོད་ཀྱི་རྨི་ལམ་དེ།།
ང་ཡི་སེམས་ལ་རྨི་རྫུན་ཡིན་སྣང་ཤར།།
་གླིང་ཚ་ཚེ་བརྟན་རྡོ་རྗེ་འདི་ངོ་མ་གང་ཞིག་ལ་བུད་སོང་བ་ཡིན་ནམ།
ཀ་དག་ཡེ་ཤེས་མཆོག་བརྙེས་ཀུན་ཏུ་བཟང་།།
ཁ་སྦྱོར་ཡན་ལག་བདུན་ལྡན་རྡོ་རྗེ་འཆང་།།
ག་བུར་དབང་པོའི་མདངས་འཛིན་སེམས་དཔའ་མཆོག །
ང་ཡི་བརྒྱུད་གསུམ་བླ་མས་རྟག་སྐྱོངས་ཤིག །
འདི་ལ་གོ་མ་བདེ་བ་ཞིག་འདུག་པས་རྩོམ་པ་པོས་རང་འགྲེལ་ཐུང་ངུ་ཞིག་གསུངས་ཐུབ་བམ།་་་་་་?
/
ཨོ་ཨོ། རྒྱལ་གཅེས་དཔའ་བོ་གླིང་ཚ་ཚེ་བརྟན་རྡོ་རྗེ་དངོས་ནས་གང་ན་ཡོད་སུ་ཞིག་གིས་ཤེས་སམ།