བོན་རྒྱ་བསྟན་འཛིན་རབ་རྒྱས།
༡༽ གླིང་ཚ་ལ་དོ་སྣང་བྱས་པའི་བརྒྱུད་རིམ།
སྤྱི་ལོ་ ༢༠༠༢ ལོར། ང་རྒྱ་གར་རྡ་རམ་ས་ལའི་སྣེ་ལེན་ཁང་དུ་འབྱོར་དུས། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ <<བརྩེ་དུང་གི་ཨ་ལོང་ལས་ཤོར་བའི་སེམས་འཕྲིན་དམར་པོ་>>ཞེས་པའི་དེབ་ཆུང་དེ་ཉལ་ཁང་ནང་གཡུག་འདུག ཀློག་བདེ་ལ་དངོས་ཡོད་ཡིན་པ། བརྩེ་དུང་གི་སྲོག་སྙིང་ཅན་གྱི་དེབ་ཆུང་དེས་ཡིད་དྲངས་སོང་། བོད་ལ་མཚོན་ན། དེབ་དེ་ནི་ཁ་ཕྱོགས་གསར་བ་ཞིག་རེད། སྔོན་གྱི་དུས་སུ། ཆབ་ཤོག་ཕྱོགས་བསྒྲིགས་ཞེས་སྙན་ངག་པ་རྣམས་ཀྱིས་རྩོམ་རྩལ་ཁོ་ན་ངོམ་པའི་
མཁས་པ་ནང་ཁུལ་གྱི་སྙན་ངག་གི་འཕྲིན་དེབ་མང་པོ་ཡོད་ནའང་། ཕོ་མོའི་དབར་གྱི་མཛའ་བརྩེའི་འཕྲིན་ཡིག་གི་དེབ་ཅིག་མཐོང་མ་མྱོང་བས། བསམ་ཞིང་བསམ་ཞིང་རྩོམ་པ་པོ་དེའི་སྙིང་སྟོབས་ངོས་ལེན་བྱེད་དགོས་བྱུང་། དེབ་དེ་ནི་ཏན་ཏན་བོད་ཀྱི་ཆེས་ཐོག་མའི་ཕོ་མོའི་མཛའ་བརྩེའི་འཕྲིན་དེབ་རེད། ཐོག་མ་ཞེས་པ་འདི་འཛེར་མ་ཞིག་ཡིན་ནའང་། གསེར་རྒྱ་མ་གང་གི་རིན་ཐང་ཡོད་པ་རེད། དེ་ལྟར་བཤད་ན་གོའམ།
དེ་དང་རྗེས་འབྲེལ་དུ། <<བརྩེ་དུངས། མི་རྐྱང་རི་ལ་ཆས་པའི་གཏམ་རྒྱུད།>>དང་། <<རྣམ་ཤེས་ཀྱི་བརྩེ་དུངས།>> གཉིས་བཏོན་པ་མ་ཟད། <<སྦྱིན་བདག་མི་དགོས། གྲྭ་པ་མི་བྱེད།>>ཅེས་པའི་ཁོ་རང་གྲྭ་པ་ལོག་པ་དང་། གྲྭ་པ་ལོག་རྗེས་ཀྱི་འཚོ་བ་སྲོག་ཏུ་བྱས་པའི་དངོས་སྒྲུང་ཞིག་ཀྱང་དཔར་བ་རེད། ཕ་ཚེ་མགོན་དང་མ་ལྡོམ་པོ་སྐྱིད་གཉིས་ཀྱི་བུ་རུ་འཁྲུངས་པའི་གྲྭ་པ་ཚུལ་ཁྲིམས་རྒྱ་མཚོ་ལ་མིང་གཞན་ཞིག་ཡོད་པ་ནི། ཤ་མི་ཟ་ཞེས་པ་དེ་རེད། ཕྱིས་སུ་རྩོམ་འབྲི་དུས་མི་འགྱུར་གངས་ཕྲུག་ཅེས་བྲིས་ཏེ་གོང་གསལ་གྱི་དེབ་དེ་དག་བྲིས་པ་རེད། ཕྱིས་སུ་དྲ་རྩོམ་འབྲི་དུས་སུ། བོད་ཤ་ཁྲག་རུས་གསུམ་དང་བོད་ལྷ་ཀླུ་གཉན་གསུམ། བོད་ལུས་ངག་ཡིད་གསུམ་ཞེས་བཏགས་ནས་བྲིས་པ་རེད། འཐབ་རྩོད་ཀྱི་མགོ་བཙུགས་པ་ནས་ས་ཡ་དྲུག་གི་བུ་ཞེས་འབྲི་མགོ་ཚུགས་སོང་།
སྔོན་ནས་བཟུང་སྟེ། རྩོམ་པ་པོ་ཁོང་ལ་གདེང་འཇོག་དང་ཐུག་འདོད་ཧ་ཅང་ཆེ་བས། ཕྱིས་སུ་ཁོས་མོན་གྷོ་འདོད་རྒུ་གླིང་དུ་ཟ་ཁང་འཛིན་པའི་སྐབས་སུ་ཆེད་དུ་ཟ་མ་ཟ་བར་ཐེངས་ཁ་ཤས་ལ་བསྐྱོད། སྐྲ་རིང་ལ་ཁ་སྤུ་ཅན་གྱི་མི་དེ་མིག་ལམ་ནས་ཡལ་བ་མེད་ཀྱང་། ཧ་ཅང་ཁ་དམ་པོ་ཡིན་པའི་ངས་ཁ་བརྡ་བྱས་མེད། དེའི་ཕྱིས་སུ། ངེད་ཚོ་དུས་བབ་ཟིན་བྲིས་ར་བ་ནས་འཛོམས་པ་རེད། ཟིན་བྲིས་མང་པོ་སྤེལ་མཁན་གྱི་བོད་ཤ་ཁྲག་རུས་གསུམ་ཁོང་ཟིན་བྲིས་མང་སྤེལ་གྱི་རྒྱལ་བོ་ཆེན་པོ་ཡིན་པ་མ་ཟད། སུས་ཟིན་བྲིས་སྤེལ་ན་དེ་ལ་”ཡག་པོ་འདུག་”ཅེས་མཆན་སྤེལ་མཁན་གྱི་དང་བླང་གི་ཇ་འདྲེན་པ་ལྟ་བུ་ཞིག་ཀྱང་ཡིན། དེ་དུས་ཀྱི་དུས་བབ་ཟིན་བྲིས་ནི། པར་ཉོག་དང་ཟ་མ་སྤེལ་ས། ར་རྫི་ལུག་རྫི་འཛོམས་ས་ཞིག་མིན་པར། དབྱངས་གསལ་སོ་བཞིའི་གཏམ་གྱི་བརྗིད་ཉམས་ངོམ་ས་དང་། མ་མཐའ་ཡང་ཡིག་དམག་རྒྱག་ས་ཞིག་ཡིན།
ཁོང་གི་མང་བྲིས་མང་སྤེལ་གྱི་ཟིན་བྲིས་ལ་དྲ་གྲོགས་ཚང་མ་ཧ་ལས་ཀྱིན་ཡོད་པ་མ་ཟད། “ནུབ་ཕྱོགས་མི་ཁོམ་པའི་གནས་སུའང་གན་གཏན་དུ་ཁོམ་ནས་ཡོད་དམ་”ཞེས་ངས་རང་ཉིད་ལ་ཁུ་སིམ་མེར་དྲི་བ་དྲིས་མྱོང་ལ། ཕྱིས་སུ་རང་ཉིད་མི་ཁོམ་པའི་གནས་སུ་གྱར་དུས་ཀྱང་ཚེ་བརྟན་རྡོ་རྗེ་དྲན་ན། སྨྱུག་མཚམས་མི་འཇོག་པར་ཧ་ཅང་ཕན་པོ་འདུག ཉིན་ཞིག་དྲི་བ་དེ་ངས་རྩོམ་པ་པོ་ལྷ་ཆབ་སྦྱིན་པར་དྲིས་པ་ཡིན། “རྟོགས་ལྡན་ཨེ། (རྡ་སའི་ཁོའི་གྲོགས་པོ་ཚོས་ཁོ་ལ་རྟོགས་ལྡན་ཞེས་འབོད།) ཕྱི་རྒྱལ་ན་ཁོ་ལ་ལས་ཀ་ཡོད་དང་ཡོད། ལས་ཀ་ལྕི་མོ་ལས་ཀྱི་འདུག ལས་ཀ་ག་ཚོད་མང་ནའང་ཉིན་ལྟར་ཤོག་བུ་བཅུ་གྲངས་རེ་འབྲི་བ་རེད། རྒྱ་གར་ནས་ཟ་ཁང་ནང་ལས་ཀ་ལས་དུས་ཀྱང་དེ་ལྟར་འབྲི་གི་རེད། ཡིག་ནོར་ཡོད་པ་ལས་ཡི་གེ་འབྲི་བར་བྱང་རྩལ་ཧ་ཅང་ཆེ། ཡི་གེ་འབྲི་བ་ལ་ཁོའི་རྒན་མོས་ཀྱང་རྙོག་དྲ་བཤད་ཀྱི་མི་འདུག མཚམས་རེར་མོ་དང་ལྷན་དུ་ཉིན་གང་བོར་འཆམ་འཆམ་སོགས་བྱས་ན། དེ་རིང་ངས་ཁྱོད་ལ་རྩོམ་འབྲི་བར་བར་ཆད་བྱས་སོང་ཞེས་དགོངས་དག་ཞུ་གི་རེད་ཟེར། ” ཞེས་དྲིས་ལན་གནང་བས། ངས་ཁོང་གིས་ཟིན་བྲིས་མང་སྤེལ་གྱི་རྒྱུ་མཚན་རྙེད་སོང་།
༢༽ གླིང་ཚ་དང་དངོས་སུ་གྲོགས་འདྲིས་བྱུང་བའི་སྐོར།
སྤྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོ་ལངས་ཤིང་། གནམ་འོག་གི་བོད་མི་ཚང་མས་ཁ་དགྲ་ལ་འཁོར་ནས་ཀི་བཏབ་པ་རེད། ལྷག་པར་ཞི་རྒོལ་གྱི་མཇུག་མ་ལྟ་བུར་༢༠༡༡ ནས་བཟུང་སྟེ། ཚེ་སྲོག་གི་གཟི་བརྗིད་དང་པོ་དང་གསོན་པ་གཉིས་པར་འཇོག་པའི་དཔའ་སྙིང་གསོན་པོ་ཅན་གྱི་ཐུ་བྷོད་བཙན་རྒྱལ་རིང་ལུགས་ཀྱི་ཤ་དང་ཁྲག་ལས་མཆེད་ཅིང་། གཞན་ཕན་སྙིང་བོ་ཅན་གྱི་མཚན་ཉིད་རིག་པའི་གསོས་ཕྲུག་ཁྱུ་ཞིག་གིས། འཛམ་གླིང་ཞི་བདེ་དང་། འཛམ་གླིང་གི་སྣེ་གསུམ་པ་ཨེ་ཤ་ཡའི་ཆུ་མཛོད་ཆེན་མོ་ཁ་བ་གངས་ཅན་པའི་ལྗོངས་དང་། བྱམས་བརྩེ་དང་རྟེན་འབྱུང་གི་རིག་པའི་གཏེར་ཁུག་བོད་ཁ་བ་ཅན་གྱི་སྣོད་བཅུད་སྲུང་སྐྱོབ་ཀྱི་ཆེད་དུ། གཞན་ལ་མི་འཚེ་བའི་རང་སྲོག་གི་དཔལ་འབར་རམ། མེར་བསྲེགས་ཀྱི་རླབས་འཕྲེང་དགུང་ནས་དགུང་དུ་མཆེད་དེ། གནམ་རྒན་མ་སྔོ་རྡང་མའི་བྲང་ཁར་པང་པང་རྡེག་པའི་སྐབས་ཤིག་ལ། རྩོམ་པ་པོ་ཁོང་གིས་ཀྱང་སྙིང་སྡུག་མ་ཡལ་དང་། གཅེས་ཕྲུག་མ་ཐར་མ་འཚོ། གཅེས་ཕྲུག་ཁ་བའི་ལྷ་སྲས་བཅས་ཀྱི་འཛུམ་གྱི་རྒྱ་མཚོ་བརྒལ་ནས། བརྩེ་བའི་ཞིང་ཁམས་གཤགས་ནས། ཁེར་རྐྱང་གི་ཁ་བ་དང་འདུ་འབྲལ་གྱི་རླུང་དམར་དྲག་ཏུ་འཚུབ་པའི་གློ་སྙིང་གྲང་ཤུར་ཤུར་ཤུར། རྡ་རམ་ས་ལར་འབྱོར་སོང་།
སྤྱི་ལོ་ ༢༠༡༢ ལོའི་གསུམ་བཅུའི་དུས་དྲན་སྐབས་སུ། ངས་ཁ་བཏགས་ཤིག་ཁྱེར་ནས་ཁོང་ལ་མཇལ་བར་སོང་བ་ཡིན། ཁོང་དང་སྲིང་མོ། ཕ་མ་གཉིས་བཅས་ཀྱིས་ཁུར་བོ་ཁུར་ནས་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ལ་ཉན་ནས་འདུག སྐབས་དེར་ཡང་ངེད་གཉིས་ཀྱི་ཁ་བརྡའི་སྣེ་མོ་རྩོམ་དང་ཟིན་བྲིས་བཅས་ཀྱི་སྐོར་ལ་འཕྲོས། བར་སྐབས་དེར་ཁོང་མཛད་སྒོའི་སྟེང་གཏམ་བཤད་ཀྱི་ལས་རིམ་ལ་སླེབས་ནས་དེར་སྐད་ཆ་བཤད་པར་ཕེབས་སོང་། རིམ་གྱིས་ངེད་ཚོ་རྡ་ཤོད་བར་དུ་གོམ་བགྲོད་ཀྱིས་ཡོང་ཞིང་། གཏམ་བཤད་སོགས་གྲུབ་རྗེས་མི་རྣམས་ཕྱིར་རང་རང་གི་ཡུལ་དུ་ལོགས་ནའང་། ཁོང་ཅག་མུ་བཅས་ནས་གོམ་བགྲོད་ཀྱིས་ཆས་སོང་། ད་དུང་མིག་ལ་མངོན་ཡོང་བའི་རྒྱབ་གཟུགས་དེ་ནི་ངའི་སེམས་ལ་བསླངས་པའི་རྟག་བརྟན་གྱི་རྡོ་རིང་ལྟ་བུ་ཞིག་རེད། འདི་དང་འདྲ་བ་ཞིག་ལ། ཁོང་གི་ཨ་མ་ལྡོམ་པོ་སྐྱིད་ཀྱིས། “ངས་ངའི་བུ་སོང་ཤུལ་དུ། རྒྱབ་གཟུགས་ལ་ཡུན་རིང་བལྟས་ནས་བསྡད་པ་ཡིན། རྒྱལ་དར་དང་ངའི་བུའི་གྲིབ་མ་གཉིས་རིང་ནས་རིང་དུ་མི་སྣང་བར་གྱུར་སོང་། དུས་དེ་ནས་བཟུང་སྟེ། ངས་རང་སེམས་མིག་ཆུར་བསྲེས་ནས་བསྡད་པ་ཡིན།” ཞེས་ང་ལ་བཤད་བྱུང་། ཁོང་མོ་མིག་ཆུའི་མཚོར་བྱིངས་ཤིང་། སེམས་ཁྲལ་གྱི་ཙག་ལ་གཞུས་ནས་གྲོངས་སོང་། ཨོཾ་མ་ཎི་པདྨེ་ཧཱུཾ།
༣༽ གླིང་ཚའི་ཞི་བའི་གོམ་བགྲོད་དང་པོ་རྒྱ་བལ་ས་མཚམས་ལ་འབྱོར་བ།
དེ་ལྟར་གླིང་ཚ་ཚེ་བརྟན་རྡོ་རྗེས། ལམ་གྱི་རླུང་བུ་ཚུན་ཆད་ནས་ཚ་རླབས་འཕྱུར་བའི་རྒྱ་གར་ལུང་བ་ཐད་ཀྱིས་གཤགས་ནས། སྤྱི་ལོ་༢༠༡༢ ལོའི་ཟླ་ ༥ཚེས་ ༡༡ ཉིན་བལ་ཡུལ་གྱི་ས་མཚམས་ལ་སླེབས་པ་རེད། ས་མཚམས་ནས་བལ་དམག་གིས། གཞན་གྱི་བ་སྤུ་གཅིག་ཀྱང་བཏོག་མེད་པའི་བདེན་པའི་བུ་ཆུང་ཁོང་གནམ་ལ་བཀྱགས་ནས་ས་ལ་བརྡབས། ཁྱི་རོ་ལྟར་ཡར་འདྲུད་མར་འདྲུད་བྱས། རྡོག་པས་གཞུས། རྒྱུག་པས་གཞུས་ནས་རྩེད་ཆས་བྱས་པ་རེད། འདིའི་སྐོར་ངས་ཨ་མ་ལྡོམ་པ་སྐྱིད་ལ་འདྲི་དུས་འདི་ལྟར་བཤད་བྱུང་། “ངེད་མ་བུ་ཚོ་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་ལ་སླེབས་དུས་སྔ་དྲོ་རེད། གོམ་པ་ཁ་ཤས་ཀྱི་མཚམས་ནས་བལ་དམག་ཡོང་ནས་བཀག་པར་ཟས་བཅད་ངོ་རྒོལ་བྱས་ནས་བསྡད་པ་རེད། ངེད་མ་བུ་གཉིས་གསོད་མི་གསོད་ཅིག་བྱས་སོང་། བུ་མོ་ལྷ་མོ་སྐྱིད་ཀྱིས་ངུ་འབོད་ཀྱིས་ས་འཕག་རྡོ་འཕག་བྱས་རྐྱེན་དམིགས་བསལ་གཅར་རྡུང་མ་བྱས་ཐལ། བཀའ་ལོག་བྱེད་མི་རུང་། ང་ཡར་འདྲུད་མར་འདྲུད་བྱས་པ་རེད། ཁོ་(གླིང་ཚ་)གནམ་ལ་བཀྱགས་ནས་ས་ལ་བརྡབས། རྡོག་རྒྱག་བྱས། རྩེད་སྤྱད་ལྟ་བུ་ཞིག་བྱས་ཀྱང་ལག་པ་ཐལ་མོ་སྦྱར་ནས་ཁ་བོད་ལ་འཁོར་ཏེ། རྒྱལ་དར་ལ་འཇུས་ནས་བསྡད་པ་ས་ལ་བཏགས་བཞག་པ་ལྟ་བུ་ཞིག་རེད། ལས་མ་དྲངས་པ་ཞིག་ལ། ཕྱི་དྲོ་ཉི་མ་སེར་ལམ་ལེམ་བྱེད་པའི་སྐབས་ཤིག་ལ། གནམ་ངོ་ཡོང་ནས་(གློ་བུར་གྱི་ཆར་ཤ་ཡོང་བ)ཆུ་ལྷོག་བརྒྱུགས་ཏེ། ཚེ་བརྟན་རྡོ་རྗེས་པུས་བཙུགས་ཀྱིས་བསྡད་ན་སྐེ་རགས་བར་དུ་ཆུ་ནག་ལྷོག་ལྷོག་རྒྱུག་གི་འདུག ཅུང་ཙམ་མིན་ན་ཆུས་ཁུར་སོང་། ས་རུབ་ན་བལ་དམག་གིས་གསོད་ཀྱི་རེད་སྙམ་པ་ཞིག་རེད། རྒྱ་གར་གྱི་མཐའ་མཚམས་དམག་མི་དྲིན་ཆེན་ཚོས་བལ་དམག་གི་ལག་ནས་བླངས་ཏེ་ངེད་ཚོ་ཁང་བའི་ནང་ཁྲིད་ནས་ཆུ་ཚ་བོ་སྤྲད་སོང་། ཚེས་ ༡༤ དགོང་མོར་བུ་མོ་དང་ངེད་མ་བུ་གཉིས་གཉིད་ལ་ཡུར་བའི་སྐབས་དང་བསྟུན་ཁོ་གཅིག་བུ་ལངས་ནས་བྲོས་སོང་བ་རེད། ” ཅེས་བཤད་སོང་། སྐབས་དེར་བལ་དམག་གིས་ཨ་མ་ལྡོམ་པོ་སྐྱིད་ཀྱི་སྐེ་ཚིགས་དང་དཔྱི་མགོ་རྨས་པ་མ་ཟད། རྒྱལ་དར་དང་ཡིག་ཆ་ཐ་ན་ཟིན་བྲིས་ཚུན་ཆད་འཕྲོག་ནས་བོར་བརླག་ཤོར་བ་རེད། ཁོས་རང་གི་ཨ་མ་ལ་”ངེད་གཉིས་སང་ཉིན་མུ་མཐུད་ནས་གོམ་བགྲོད་བྱེད། བུ་མོ་མདོ་སྨད་དབུས་རྒྱུན་ལྟ་བར་ཡོང་ན་ལྷན་དུ་ཕྱིར་སློབ་གྲྭར་གཏོང་དགོས། ” ཞེས་མགོ་སྐོར་བཏང་ནས་ཁོ་རང་གཅིག་བུ་ནམ་གུང་ལངས་ནས་བྲོས་སོང་བ་རེད།
བར་སྐབས་དེར། བོད་ཀྱི་ཚོགས་པ་ཁག་བཅུ་གཅིག་གིས་ལས་འགུལ་དེ་ཧ་ཅང་ཉེན་ཁ་ཆེ་བས་ཕྱིར་འཐེན་ཡོང་བའི་འབོད་སྐུལ་བྱས་ཀྱང་། ཚེ་བརྟན་རྡོ་རྗེས། “མགོ་བརྩམས་པའི་དམ་བཅའ་རྒྱུན་སྐྱོང་བྱེད་རྒྱུ་ནི་ངེད་ཀྱི་སྲོག་ལ་བབ་ཀྱང་འོས་འགན་ཡིན་པས་ནམ་ཡང་ཕྱིར་འཐེན་ཟེར་བ་དེ་མེད། ཚོགས་སྐྱིད་༡༡་གིས་ད་སྔ་བར་རོགས་པ་གནང་བར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དེ་ནི་ཚེ་བརྟན་རྡོ་རྗེ་དང་། ངའི་ནང་མི་ལ་རོགས་པ་བྱས་པ་ཞིག་མིན་པར་བོད་མི་རིགས་ཀྱི་འཐབ་རྩོད་ཆེད་རོགས་པ་བྱས་པ་ཡིན་པའི་ངོས་འཛིན་གྱིས་ཚོགས་སྐྱིད་ཁག་གི་བླ་ན་མེད་པའི་རྒྱལ་ཞེན་དང་། རིགས་ཞེན། ཆོད་སེམས་བཅས་ལ་ནམ་ཡང་བསྔགས་བརྗོད་ཞུ་རྒྱུ་ཡིན། དེང་ཕྱིན་ཚོགས་སྐྱིད་ཁག་གིས་རོགས་པ་བྱེད་མ་ཐུབ་ཀྱང་། ད་སྔར་གང་བྱས་པ་དེ་ལ་ཐུགས་རྗེ་ཆེ་ཞུས་བའི་ཐོག་ནས་ང་གཅིག་བུ་ཡིན་ཀྱང་ཚེ་སྲོག་གཏའ་མར་བཞག་ནས་འཐབ་རྩོད་བྱེད་རྒྱུ་ཡིན།” ཞེས་ལན་ཕུལ་བ་རེད། གླིང་ཚ་ལ་མཚོན་ན། འདི་དག་རྒྱབ་སྐྱོར་དང་སེམས་ཁུར་ཡིན་པ་མ་ཟད། ཐེག་པར་དཀའ་བའི་གནོད་ཤུགས་ཀྱང་ཡིན། དཔའ་རྒོད་ཅིག་ལ་མཚོན་ན། རང་ལ་བློ་དཀར་བའི་མི་ཡི་ངོ་ལྡོག་དགོས་པ་དེ་དགྲ་ལ་འཐབ་པ་ལས་ཀྱང་ལྡབ་འགྱུར་གྱི་དཀའ་ངལ་བཟོད་པར་དཀའ་བ་ཞིག་ཡིན་པ་རེད།
གླིང་ཚས་དེ་ལྟར་དཀའ་ངལ་མཐའ་དག་བརྟོལ་ནས་ཁོ་རང་གཅིག་བུ་བལ་ཡུལ་གྱི་རྒྱལ་སར་ཐོན་ལ་ཉེ་དུས་བལ་དམག་གིས་བཟུང་ནས་བཙོན་ཁང་ནང་བཅུག་པ་རེད། ལམ་དབར་དང་བལ་ཡུལ་གྱི་བཙོན་ཁང་བཅས་ཀྱི་ནང་དུ་དེབ་གསུམ་བྲིས་འདུག དེབ་གཅིག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚང་གིས་དཔར་བའི་<<བོད་ཞི་བའི་འཐབ་རྩོད།>>ཅེས་པ་དེ་རེད། དེབ་གཅིག་ངའི་ལག་པར་ཡོད། དེབ་གཅིག་སྲིད་སྐྱོང་བློ་བཟང་སེང་གེ་ལགས་སུ་མཐེབ་སྡེར་ཞིག་ནང་བཅུག་ནས་ཕུལ་ཡང་། དང་པོར་བོར་བརླག་བྱུང་སོང་བས་དཔར་མ་ཐུབ་པར་བསྒྲགས་ཀྱང་། ཕྱིས་སུ་རྙེད་སོང་ཞེས་མཐེབ་སྡེར་ཞིག་གནང་བ་ཁ་འབྱེད་མ་ཐུབ་པ་རེད།
༤༽ གླིང་ཚས་བཅོལ་བའི་ལས་དོན་དང་བཞག་པའི་བག་ཆགས།
གླིང་ཚ་ལགས་བལ་ཡུལ་གྱི་བཙོན་ཁང་ལས་ཉོས་རྗེས། ཁོང་བསྐྱར་དུ་རྡ་སར་ཡོང་བ་རེད། ཡང་ངེད་གཉིས་འཛོམས་ཤིང་། བར་སྐབས་དེར་སྨོན་ལམ་གྱིས་གློག་ཀླད་ཟབ་སྦྱོང་ཞིག་སྤྲད་པ་ལའང་ཁོང་ཞུགས་སོང་། “ཁྱོད་སང་ཉིན་ཤི་བར་འགྲོ་བ་ཞིག་ལ་གློག་ཀླད་ཀྱིས་ཅི་བྱེད་”ཅེས་ཀུ་རེ་རྩེད་ཀྱང་། “ཨ་དྲིན་ཆེན་པོ། རིག་པ་ནང་པར་འཆི་ཡང་སློབ། །ཅན་པོ། རོགས་ཀོ་ཁྱོད་ཚོས་བཤད་ནི་ཞིག་མ་རེད་དམ་”ཟེར། གང་ལྟར་བར་སྐབས་དེར་ངེད་གཉིས་ལན་མང་ཐུག་ཅིང་ཁ་བརྡའང་རྒྱུན་རིང་བྱས། ངས་གནས་ལུགས་བགྲངས་ནས་བཤད། ཁོང་ཁྲོ་བསྟན་ནས་བཤད། སེམས་གཏམ་གླེང་ནས་བཤད། ཐབས་བརྒྱ་ཇུས་སྟོང་གིས་གོམ་བགྲོད་གཉིས་པ་མཚམས་འཇོག་ཐབས་རྐྱང་བ་བཤད་ནའང་། རྡོ་ལ་བརྐོས་པའི་རི་མོ་ལྟར་ཁོའི་དམ་བཅའ་ལ་འགྱུར་བ་མི་འདུག ཁོང་ནི་ཕྱི་གསལ་ནང་གསལ་ཤེལ་གྱི་སྒོ་ང་ལྟ་བུ་ཞིག་དང་། འཐབ་རྩོད་དེར་མྱོང་བ་ཐོན་པའི་གནས་ལུགས་ཤིག་མཐོང་བས། “བུ་ཟེར་ན་ཁྱོད་རེད། མྱི་ཟེར་ནའང་ཁྱོད་རེད་”སྙམ་པ་ཞིག་དང་། ཁོའི་གོམ་བགྲོད་ཀྱང་གླེན་རྟགས་ཤིག་དང་འཁྲབ་སྟོན་ཞིག་རེད་སྙམ་པའི་འཇུ་ས་བ་སྤུ་ཙམ་ཡང་མ་རྙེད་པས། དྲང་མོར་བཤད་ན། ཁོས་ང་ཡོངས་སུ་བཏུལ་སོང་།
དེ་ལྟར་ཉིས་སྟོང་བཅུ་གསུམ་ལོའི་གསུམ་བཅུའི་དུས་དྲན་སྐབས་སུའང་གླིང་ཚ་ལགས་བསྐྱར་དུ་ལམ་ལ་ཆས་སོང་། “ད་རེ་བོན་རྒྱ་ཁྱོད་ལྟད་མོར་ལྟོས་དང་འགྲིག ང་ཕྱིར་རྡ་ས་ལ་ཡོང་རྒྱུ་ཞིག་ཡོད་དུས་ངའི་རོ་ཡིན། རྒྱ་ལག་ལ་ཤོར་ན་ཐད་ཀར་གསོད་ནའང་ཐང་། བཙོན་ཁང་ནང་ནས་མི་ཚེ་སྐྱེལ་དགོས་ནའང་ཐང་། གང་ལྟར་ཡང་ང་ལ་བློ་འགྱོད་གཏན་ནས་མེད། ང་ལ་དམིགས་བསལ་གྱི་དེབ་ཅིག་ཡོད། དེབ་འདི་ངས་ཁྱོད་ལ་འབུལ། ཁྱོད་མ་གཏོགས་མི་གཅིག་ལའང་སྟོན་མི་དགོས། ང་ཤི་ཐག་གསོན་ཐག་ཆོད་རག་བར་ཏུ་ཁྱོས་ཉར་རོགས། ང་ཤི་ཐག་གསོན་ཐག་ཆོད་དུས་སུ་ཁྱོས་ཀློགས་ལ་ངའི་ཁ་ཕྱོགས་གསར་བའི་དེབ་འདི་འདོན་རུང་བ་ཞིག་རེད་སྙམ་ན་འདོན་རོགས། སྙིང་བོ་མི་འདུག་སྙམ་ན་སུ་ལའང་མ་སྟོན་པར་མེར་བསྲེགས་ཞོག དེབ་འདི་དཔར་མི་དཔར་དང་བཀྲམ་མི་བཀྲམ་གྱི་བདག་དབང་ཡོངས་སུ་ཁྱོད་ལ་ཡོད། གལ་སྲིད་དཔར་ན། དེབ་ཀྱི་བདག་དབང་ངའི་མཛའ་མོ་དང་། ངའི་བྱིས་པ་གཉིས་ཀྱི་སྟེང་འཇོག་རོགས་”ཞེས་བཅོལ་སོང་། ངས་ཁོང་གི་ཕ་ཡུལ་གཅིག་པ་དང་། དགོན་པ་གཅིག་པ་སོགས་འཇོན་ཐང་ཅན་གྱི་མི་སྣ་མང་པོ་ཡོད་པས། དེ་འདྲ་ཞིག་གི་ལག་པར་བཞག་ན་ཡག་པོ་ཡོད་རབས་སོགས་ཅི་ལྟར་བཤད་ཀྱང་གཏན་ནས་གསན་འཇོག་གནང་གི་མི་འདུག ཨུ་ཚུགས་ནི་གཡག་གི་དོ་ཟླ་ཡིན་པའི་ཁོང་གི་བཅོལ་དོན་ངས་ཀྱང་ཁས་བླངས་ཏེ། ངེད་གཉིས་ཁོའི་ཕ་མ་གཉིས་ཡོད་སར་སོང་ནས་དེབ་ཀྱི་སྟེང་ལ་ཡི་གེ་དེ་ལྟར་བྲིས་ཏེ་མཚན་རྟགས་བཀོད་ནས་ང་ལ་སྤྲད་པ་ངས་ད་དུང་ཉར་བསྡད་ཡོད། ཤི་ཐག་གསོན་ཐག་མ་ཆོད་པའི་གྲོགས་པོ་ལགས། ཁྱོད་གང་དུ་ཡོད། ཁྱོད་ཀྱི་བརྩེ་བའི་ཡུམ་ཆེན་ཡང་ཁྱོད་གང་དུ་ཡོད་ཅེས་པའི་དྲི་བ་དང་ལྷན་དུ་ཕྱིར་མི་ལྡོག་པའི་ཡུལ་དུ་ཆས་སོང་།
གླིང་ཚ་ལགས་གོམ་བགྲོད་གཉིས་པ་དབུ་འཛུགས་ཀྱིས་ཉིན་ཤས་སོང་རྗེས་ང་དང་གྲོགས་པོ་རས་པ། རྟ་མགྲིན་ངེད་གསུམ་གྱིས་རླངས་འཁོར་བསྐོར་ནས་ཁོ་ལ་ཟ་མ་བསྐྱལ་བར་སོང་བ་ཡིན། ཧི་མ་ཅལ་དང་པན་ཇིབ་མངའ་སྡེ་གཉིས་ཀྱི་བར་མཚམས་ལ་སླེབས་གྲབས་འདུག ཕ་མ་གཉིས་ཀྱིས་བསྐྱལ་ནས་ཁོ་རང་གཅིག་བུ་འགྲོ་གིན་འདུག སྐབས་དེར་ངེད་ཚོས་བཅར་འདྲི་ཞིག་བྱས་ནས་ཁ་བརྡ་དྲ་དེབ་སོགས་སུ་སྤེལ་བ་ཡིན། ངའི་གྲོགས་པོ་གཉིས་ཀྱི་ཡིད་དབང་ཡང་རབ་ཏུ་འཕྲོག་འདུག ཕྱིར་ལམ་ངེད་ཚོས་ཁོང་ལ་གན་ལྟ་བུའི་མྱོང་བ་ཞིག་ཅི་ལྟར་ཐོབ་པ་ཡིན་ནམ་ཞེས་ངོ་མཚར་བའི་གླེང་མོལ་དང་བཅས་ཕྱིར་ཡོང། སྐབས་དེའི་དྲི་བ་དྲིས་ལན་འགའ་གཤམ་ནས་ལུང་འདྲེན་བྱེད་རྒྱུ་ཡིན།
ཁོའི་གོམ་བགྲོད་གཉིས་པ་མགོ་བཙུགས་པ་ནས་ཉིན་གྲངས་དགུ་བཅུའི་རིང་ལ། དགོང་མོ་རྟག་པར་ངེད་གཉིས་ཀྱིས་ཁ་པར་ལས་ཁ་བརྡ་བྱས་པ་ཡིན། མང་ཆེ་བ་རྩོམ་རིག་དང་ཁ་བཙོག་ཤ་སྟག་བཤད་པ་ཡིན། ཁ་བརྡ་འདི་འདྲ་བྱས་ན་ད་ངོ་མ་སྐྱིད་པོ་འདུག་ཅེས་ཁོས་ཡང་ཡང་བཤད་སོང་བས། ངའི་ཀློའུ་བཤད་དེ་དག་གིས་ཁོ་ལ་ངལ་གསོ་སྟེར་གྱིན་ཡོད་པའི་སྣང་བ་ཞིག་གིས་ངས་ཀྱང་ཉིན་ལྟར་ཀློའུ་བཤད་བྱས་པ་ཡིན། ཁོང་མ་བོར་བའི་སྔ་ནུབ་དེར་ཡང་ངེད་གཉིས་ཀྱིས་ཁ་བརྡ་བྱས་པ་ཡིན། དོ་ནུབ་ཀྱི་ཁ་བརྡ་འདི་ཆེས་ཐ་མའི་ཁ་བརྡ་ཡིན་སྲིད། དེ་རིང་ད་ཨ་ཁུ་བོན་རྒྱ། ངས་ཁྱོད་ཀྱི་སྐད་འཕྲིན་ནང་དུ་གླུ་ཤ་ཁས་ལེན་པར་འདོད་ཅེས་གླུ་ཁ་ཤས་བླངས་སོང་། ཕ་ཡུལ་གངས་ལྗོངས་ཀྱི་བསྟོད་གཞས་རྙིང་པ་ཁ་ཤས་རེད། ཁོའི་གླུ་གཞས་དེ་ཚོ་ངས་ཡུན་རིང་ལ་ཉར་ནས་བསྡད་ནའང་བར་སྐབས་ཁ་པར་རྐུན་མར་ཤོར་ནས། རྩ་ཆེ་བའི་གླུ་གཞས་དེའང་རྐུན་མ་ཤོར་བ་རེད། དེ་དང་མཉམ་དུ་རང་ཉིད་ཀྱི་རྩོམ་ཡིག་མང་པོ་ཞིག་ཀྱང་བོར་མོད། གླུ་དབྱངས་དེ་བོར་བའི་འགྱོད་སེམས་ཀྱིས་བདག་གི་བདག་འཛིན་གྱི་རྟ་མཆོག་རྒོད་པོ་མཐུར་མེད་ཀྱང་ཡང་ཡང་ས་ལ་འགྱེལ།
ཕྱིས་སུ་གླིང་ཚའི་གོམ་བགྲོད་ཀྱི་ཉིན་གྲངས་དྲུག་ཅུ་རེ་དྲུག་པ་སྤྱི་ལེ་ཆིག་སྟོང་ལྔ་བརྒྱ་བརྒལ་སྐབས་ནས་མཉམ་ཞུགས་གནང་མཁན་གྱི་མདོ་སྨད་པ་སྐལ་བྷེ་ལགས་རྡ་སར་འབྱོར་བས། ང་ཆེད་དུ་ཁོང་ལ་སྐད་ཆ་འདྲི་བར་སོང་། ཕྱོགས་གཅིག་ནས་སེམས་མ་སྐྱིད་པར་བསྡད་འདུག་ལ། ཕྱོགས་གཅིག་ནས་གླིང་ཚ་ལ་དད་པ་ལྟ་བུ་ཞིག་སྐྱེས་འདུག “ཡ་མཚན་ཞིག་རེད། ཡ་མཚན་ཞིག་རེད། མི་དེ་ལ་ཕྱི་ནང་ཞིག་མི་འདུག ཉིན་གཅིག་གཉིས་ལ་གཞུང་ལམ་རྐྱང་བ་དེད་ནས་འགྲོ་དགོས་སའང་འདུག ཚ་བ་ཆེ་བ་དང་གཞུང་ལམ་གྱི་རྡོ་ངར་ནས་རླུང་བུ་ཚུན་ཆད་ཀྱིས་གདོང་པ་བསྲེགས་ནས་པགས་པ་བརྗེས་པ་མ་ཟད། བོད་ལྭ་གོན་ནས་བསྐྱོད་པས། སྐ་རགས་བསྡམས་སའི་སྐེད་པ་གོར་གོར་བྱས་ཏེ་རྨ་བརྒྱབ་སོང་། ས་སྟོང་ནས་འགྲོ་དུས་བོད་ལྭ་མ་གོན་ཡང་འགྲིག་གི ཅུང་ཟད་བསིལ་མོ་བྱས་ནས་སོང་ན་ཞེས་བཤད་ཀྱང་ཁ་མི་ཉན་པ་མ་ཟད། ང་ཚོས་དེ་ལྟར་ཕྱི་ནང་མི་མཚུངས་པའི་ལས་ཀ་ལས་ནས་མ་འགྲིག་པ་རེད། ཡིན་ནའང་། ཁྱེད་རང་རོགས་པར་ཡོང་བ་རེད། ཁྱོད་བོད་ལྭ་མ་གོན་ཡང་འགྲིག་པ་རེད། ངས་གོན་དགོས་པ་རེད་ཅེས་བོད་ལྭ་མི་འཕུད་ཀི”ཞེས་ལམ་འགྲམ་གྱི་སྒྲུང་ཡོད་ཚད་ང་ལ་བཤད་སོང་། བློ་སྟོབས་ནམ་མཁའ་ལས་ཡངས་ཤིང་ཕྱི་གཙང་ནང་གཙང་པད་མའི་སྦུབས་ལྟ་བུའི་གྲོགས་པོ་དེས། ངའི་བློ་སྤོབས་བསྙིལ་སོང་། ཅི་ཞིག་ལ་ཕྱི་གསལ་ནང་གསལ་ཞེས་སྨྲ་བའི་མཚན་གཞི་རྙེད་སོང་།
༥༽ གླིང་ཚས་རྒྱ་དར་ཁྱེར་བར་ཚ་འདེད་དང་གཏམ་ཤབ་ཤུབ་དག
རྒྱ་དར་གྱིས་གླིང་ཚའི་འཐབ་རྩོད་ཀྱི་རིན་ཐང་བཀླགས་པའི་ལྟ་ཚུལ་འཛིན་མཁན་ཡོད། ཡིན་ནའང་། གླིང་ཚ་ལ་གླིང་ཚའི་བསམ་བློ་ཡོད་པའང་ཤེས་དགོས་པ་ཞིག་རེད་སྙམ། གླིང་ཚ་ལགས་རྡ་རམ་ས་ནས་ལམ་ལ་ཆས་པའི་སྐབས་སུ། ངས་ཁོའི་གདོང་པར་བལྟས་ནས། “འདི་འཁྲབ་སྟོན་རེད། འཁྲབ་སྟོན་གྱིས་མཐའ་འཁྱོལ་ནི་མ་རེད། ཁྱོད་ཁ་ཞེ་གཉིས་མེད་ཀྱིས་བོད་དུ་འགྲོ་བསམ་ན་ཧོང་ཀོང་བརྒྱུད་ཐད་ཀར་བོད་ནང་འཛུལ་དང་འགྲིག་གི་རེད། རྒྱ་བོད་གཉིས་ཕན་ཁོ་ན་ཞིག་འདོད་ན། རྒྱ་མིའི་རྒྱལ་དར་དང་བོད་ཀྱི་རྒྱལ་དར་མཉམ་འཕྱར་བྱོས་ནས་སོང་དང་།” ཞེས་བཤད་པ་ཡིན། “ཡིན་དང་ཡིན། ང་ལ་དེའི་གྲ་སྒྲིག་ཆ་ཚང་ཡོད། ཡིན་ནའང་། དེ་རིང་འདིར་འཕྱར་ན་ངའི་ལས་འགུལ་འདི་དབུ་འཛུགས་ཐུབ་རྒྱུ་མ་རེད། ང་ཚོ་མི་རིགས་ལ་གོ་རྟོགས་དེ་སད་ཡོད་མ་རེད།” ཅེས་འགྲེལ་བཤད་བརྒྱབ་སོང་། ཕྱིས་སུ་ལམ་དབར་ནས་རྒྱ་དར་འཕྱར་བ་རེད། དེ་ནི་གཞན་གྱི་ཤུགས་རྐྱེན་ཡིན་རབས་ཀྱི་གཏམ་ཡན་སྤྱི་ཚོགས་ནང་ཐོན་པ་རེད། ཡིན་ནའང་། ཁོང་གིས་ལས་འགུལ་དེའི་དབུ་རྒྱ་གར་ནས་བརྩམས་ཏེ་མཇུག་བོད་ནང་ནས་སྐྱོང་བའི་པང་བསྒྲིགས་ཡོད་པ་མ་ཟད། བོད་ནང་ལ་སླེབས་པ་དང་ཞི་བའི་འཐབ་རྩོད་ཀྱི་མགོ་ཚུགས་པར་བསམ་གྱིན་ཡོད་པ་རེད། དེ་ལ་གླིང་ཚས་བལ་ཡུལ་གྱི་བཙོན་ཁང་ནང་འདི་ལྟར་བཤད་ཡོད། ” ད་ལྟ་ངའི་བཟའ་བཏུང་ཨ་རི་བ་ཞིག་ལ་བརྟེན་ནས་ཡོད། འཛིན་བཟུང་བྱས་ནས་ཉིན་གསུམ་པ་རེད། ཨ་རི་བ་འདིའི་བཀའ་དྲིན་ལ་བརྟེན་ནས་ངས་ཡི་གེ་ཁ་ཤས་ཤིག་བྲིས་པ་ཡིན། འགྲོ་བ་མིའི་ཐོབ་ཐང་གི་ལས་མི་བོད་པ་ཞིག་ང་ལ་ཐུག་འཕྲད་དུ་སླེབས་སོང་། མི་རིང་བར་བལ་ཡུལ་གནས་སྡོད་བོད་མི་འགས་ང་ལ་ཟས་སོང་དང་གོན་པ་ཁུར་ནས་ཡོང་རབས་འདུག གཅིག་བྱས་ན་རྒྱ་ནག་སྲིད་གཞུང་ལ་སྤྲད་ཀྱང་སྲིད། དེ་ཉིན་ནས་ངའི་ཞི་བའི་འཐབ་རྩོད་ཀྱི་མགོ་འབུས་པ་རེད།” ཅེས་བཤད་ཡོད། ང་ཚོས་གླིང་ཚ་ལགས་ཀྱི་བསམ་བློ་དང་གྲ་སྒྲིག་འདི་ལྟར་གཏིང་རིང་པོ་ཞིག་ཡིན་པར་ཚོད་དཔག་ཐུབ་མེེད། དེར་བརྟེན། སྔོན་ལ་བཙན་བྱོལ་ནང་བྱུང་མྱོང་བའི་བོད་བསྐྱོད་གོམ་བགྲོད་དག་དང་འདྲ་མཉམ་གྱི་ལྟ་ཚུལ་ཞིག་བཟུང་བས་ལབ་གླེང་དེ་དག་བྱུང་བ་ཨེ་ཡིན་སྙམ། མདོར་ན། བསམ་ཕོད་པ་དང་བསྒྲུབ་ཕོད་པ། རང་ཉིད་ཀྱི་བསམ་བློར་ཡིད་རྟོན་པ་ཁོང་ནི་སུ་དང་གང་གི་ཤུགས་རྐྱེན་འོག་ཏུ་འགྲོ་བའི་བུ་ཞིག་མིན་པས། གསེར་ནག་གི་རྡོ་ལྟ་བུའི་གླིང་ཚ་ལགས་སུ་ཉེས་འགལ་དེ་དག་འོས་བབ་ཡོད་པ་མིན། འདི་ལ་གླིང་ཚ་ཁོང་གིས་”ཁ་ཤས་ཀྱིས་ངས་རྒྱ་ནག་གི་དར་ཆ་འཁྱེར་བ་ཚོགས་པ་གཞན་དང་། གང་ཟག་གཞན་ཞིག་གིས་བེད་སྤྱོད་བྱས་ཚུལ་བཤད་ཀྱིན་ཡོད་ས་རེད། འཐབ་རྩོད་ཀྱི་རྨང་གཞིའི་བསམ་བློ་གཏོང་མཁན་ང་རང་ཡིན་ལ། དར་ཆ་གོ་སྒྲིག་བྱེད་མཁན་ཡང་ང་རང་ཡིན། ང་ལ་ཚོགས་པ་དང་མི་སྒེར་སུ་གཅིག་གི་ཤུགས་རྐྱེན་དང་བརྒྱུད་སྐུལ་མེད། ཡོད་ཚད་ང་རང་ཉིད་ཀྱིས་ཐག་གཅོད་བྱས་པ་ཡིན། ” ཞེས་ལན་བརྒྱབ་ཡོད།
ཕྱིས་སུ་ངས་ཁོང་ལ་རྒྱ་དར་དང་འབྲེལ་ཏེ་ཚ་འདེད་བྱས་པའི་དྲི་བ་དྲིས་ལན་ཆ་ཚང་འདིར་འགོད་རྒྱུ་ཡིན། འདི་ལས་ཕྱི་གསལ་ནང་གསལ་གྱི་གླིང་ཚ་ལགས་སུ་རྒྱུས་ལོན་ཅུང་ཐུབ་པའི་རེ་བ་ཡོད།
དྲི་བ། ཁྱོད་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་སྐབས་གོམ་བགྲོད་རྗེས་མར་རྒྱ་དར་འཁྱེར་རྒྱུ་ཡིན་ཞེས་བསྒྲགས་པ་རེད། ཁ་སང་དངོས་སུ་མགོ་བཙུགས་དུས་མ་ཁྱེར་བ་རེད། དེ་ལ་དགོས་དམིགས་ཅི་ཞིག་ཡོད།
གླིང་ཚ། ཁྱེད་ཀྱིས་བཤད་པ་བདེན་པ་རེད། ངས་ཁ་སང་སྔོན་གོམ་བགྲོད་བསྐྱར་དུ་མགོ་འཛུགས་སྐབས་རྒྱ་དར་འཁྱེར་རྒྱུ་ཡིན་ཞེས་བཤད་པ་རེད། དེ་བདེན་པ་རེད། ཡིན་ནའང་། གོམ་བགྲོད་དངོས་སུ་མགོ་འཛུགས་དུས་རྒྱ་དར་མ་ཁྱེར་བ་དེར་རྒྱུ་མཚན་གཉིས་ཡོད། གཅིག་ནི་བོད་མི་རིགས་ཀྱི་མཐུན་སྒྲིལ་དང་། གཉིས་བོད་མི་རིགས་ཀྱི་སེམས་ཁམས་ལ་ཕོག་ཐུག་མི་འགྲོ་བ་དེ་གཉིས་རེད། དྲ་རྒྱའི་ནང་གི་གླེང་ཕྱོགས་ཙམ་མིན་པར་ཕྱོགས་ངོས་གང་ལ་བལྟས་ནའང་བོད་མི་རིགས་ཀྱི་འཁོན་སེམས་ཞི་མི་འདུག དེ་འཇགས་ཐབས་ལ་གནས་སྐབས་ངས་ངོས་ནས་རྒྱ་དར་ཕྱིར་འཐེན་བྱེད་རྒྱུ་ལས་གཞན་མི་འདུག དེ་ནི་མདོར་དྲིལ་ན། ངས་བོད་མི་རིགས་ཀྱི་མཐུན་སྒྲིལ་ལ་འགན་ཁུར་བ་ཞིག་ཡིན།
དྲི་བ། ཁྱེད་ཀྱིས་ད་ལྟ་ནས་རྒྱ་དར་ཁུར་བ་ཡིན་ན་མ་འོངས་པར་དབུ་མའི་ལམ་ནས་རྒྱ་བོད་ཞི་འགྲིག་དངོས་སུ་མགོ་འཛུགས་གོ་སྐབས་རེ་བྱུང་ན། ང་ཚོར་ཆ་རྐྱེན་བགྲང་རྒྱུ་མེད་པ་དེ་འདྲར་འགྱུར་རྒྱུ་རེད་བསམ་ཨེ་མྱོང་།
གླིང་ཚ། ན་ནིང་ངས་ལྡི་ལིར་ཐོན་གྲབས་ཡོད་དུས་རྒྱ་དར་འཁུར་རྒྱུ་ཡིན་ལབ་དུས་ཉན་མཁན་ཚང་མ་ཧང་སངས་ཡོད་པ་རེད། དེ་ནི་སྤྱིར་བཏང་ང་ཚོ་མི་མང་པོ་ཞིག་གིས་སེམས་ནང་ལ་དགྲ་ཞེས་པ་འདི་ལས་འདྲ་མཉམ་དང་གྲོགས་ཞེས་པ་འདི་ལེན་ཐུབ་ཀྱི་མི་འདུག དེ་ངའི་ལྟ་ཚུལ་ཡིན། ང་ལ་མཚོན་ན། འཚེ་མེད་ཞི་བ་མི་རང་ཉིད་ནས་ལག་བསྟར་བྱེད་དགོས་པའི་ངེས་ཤེས་ཤིག་ངའི་སེམས་གཏིང་ལ་གྲུབ་ཡོད་པ་རེད། གཞན་ལ་བསྐྲུན་ཐུབ་མིན་ངས་མི་ཤེས། འཚེ་མེད་ཞི་བ་ཞེས་པ་འདི་ངས་ལུས་ངག་ཡིད་གསུམ་གྱི་སྟེང་ལ་ངོས་འཛིན་གྱིན་ཡོད། སྤྱིར་ན་དགྲ་ཞེས་པ་ཞིག་རྩ་བ་ནས་མེད་པའི་བསམ་བློ་ཞིག་ང་ཚོར་ཤར་དགོས་ཀི འཚེ་མེད་ཞི་བའི་ཡུལ་ཞིག་ངོས་བཟུང་ན་གལ་སྲིད་མི་ཞིག་གིས་ང་ལ་མེ་མདའ་བཙུགས་ནའང་ངས་མེ་ཏོག་སྤྲོད་ཨེ་ཐུབ་འབད་རྒྱུ་དེ་ངའི་འགན་རེད། དཔེར་ན། རྒྱལ་བ་རིན་པོ་ཆེའི་འདྲ་མཉམ་གྱི་ལྟ་བ་དང་ཀུན་ཁྱབ་ཀྱི་སེམས་ཁུར་སོགས་ཚང་མ་འདྲ་མཉམ་དང་འཚེ་མེད་ཞི་བ་རང་ལ་གཞི་བཅས་འདུག་སྙམ།
དྲི་བ། ཁྱོད་ཀྱིས་གོང་ནས་བདེན་པ་དང་འཚེ་མེད་ཞི་བ་ཞེས་པ་དེ་ཤུགས་ཆེན་པོ་བཤད་ཀྱིན་འདུག དེ་དང་རྒྱ་དར་འཁྱེར་བ་གཉིས་ལ་འབྲེལ་བ་ཅི་ཞིག་ཡོད་པ་རེད།
གླིང་ཚ། ང་ལ་མཚོན་ན་རྒྱ་དར་འཕྱར་མ་བཅུག་པ་དེ་ངའི་མགོ་ནས་སྐྲ་རྐང་གཅིག་བལ་བཏང་ནི་རེད། ང་ལ་མཚོན་ན་སྐྲ་རྐང་གཅིག་བལ་ན་མ་བལ་ན་ཁྱད་པར་ཅི་ཡང་མི་འདུག ཡིན་ནའང་། གཞན་དག་ལ་མཚོན་ན་དེ་ནི་ཧ་ལས་པ་ཧང་སངས་པ་ཞིག་རེད། ཁོང་ཚོས་ང་སྐྱོན་བཙལ་ས་ཆེ་ཞིག་རེད་དེ། ང་ལ་མཚོན་ན་དེ་ནི་ཞི་བའི་འཐབ་རྩོད་ཀྱི་གལ་ཆེན་ཅི་ཡང་མ་རེད།
དྲི་བ། ཁྱོད་ཀྱིས་ང་ཚོ་མི་མང་གི་འཁོན་སེམས་ཞི་མི་འདུག་ཅེས་བཤད་ཀྱིན་འདུག དེ་ཅི་ཞིག་བཤད་ཀྱིན་ཡོད་པ་རེད།
གླིང་ཚ། ང་ཚོ་བོད་མི་རིགས་ཀྱིས་དབུ་མའི་ལམ་དང་ཆེས་མཐོའི་རང་སྲིད་རང་སྐྱོང་། དོན་དངོས་ལ་གཉིས་ཕན་ཞེས་པ་འདིའི་ལམ་དུ་བསྐྱོད་པ་ལ་འཁོན་སེམས་མ་ཞི་ཐབས་མེད་རེད་ལ། ངས་བསླངས་པའི་ཞི་བའི་འཐབ་རྩོད་ཅེས་པ་འདིའང་ཧ་ཅངཁག་པོ་རེད། ངས་འདི་འདྲ་བསམས་མྱོང་ལ་ཉིན་ཐོ་ཞིག་གི་ནང་དུའང་བྲིས་ཡོད། དཔེ་བཞག་ན། རང་བཙན་རྩོད་རྒྱུའི་ལམ་ཁ་འདི་ལས་སླ་བོ་རེད། འདིས་རང་ཕྱོགས་གཅིག་པུར་འགན་ཁུར་ན་འགྲིག་གི གཞན་དེས་རང་གཞན་གཉིས་ཀར་འགན་ཁུར་དགོས་ཀི དེའི་འགན་ཧ་ཅང་ལྕི་མོ་རེད། དེང་སང་འཛམ་གླིང་གི་ཆབ་སྲིད་ཅེས་པ་འདི་རང་གཙོ་བོར་འཛིན་པའི་གཞུང་ལུགས་ཤིག་ལ་ངོས་བཟུང་ནས་བསྡད་ཡོད་པ་རེད། གལ་སྲིད་མི་ཅེས་པ་འདིས་རང་གཙོར་བོར་འཛིན་པའི་གཞུང་ལུགས་ཤིག་རྒྱུན་འཛིན་བྱེད་རྒྱུ་ཡིན་ན། ཕལ་ཆེར་རྒྱ་ནག་གི་ད་ལྟའི་གཞུང་འདི་ལ་བདེན་ཁ་སྤྲོད་དགོས་པ་རེད་སྙམ། ཁོ་ཚོས་རང་གི་གཞུང་ཁོ་ན་གཙོ་བོར་འཛིན་པ་ལས་གཞན་ཞིག་ངོས་ལེན་བྱེད་ཀྱིན་ཡོད་པ་མ་རེད། འདིའི་སྟེང་ནས་ང་ཚོར་ར་ཞིག་སྤྲད་འདུག གལ་སྲིད་མི་ཞེས་པ་འདིས་བདེན་པ་རྩོད་རྒྱུ་ཡིན་ན་དེ་ཧ་ཅང་གི་ལྗིད་ཁོག་ཅན་ཞིག་རེད། ཅེས་ལན་འདེབས་གནང་སོང་། ཚ་འདེད་ཀྱི་དྲི་བ་འདི་དང་དྲིས་ལན་འདི་དག་ཁ་བརྡ་དྲ་བར་ཡོད།
གླིང་ཚའི་ལས་འགུལ་གྱི་ནང་དུ། ཁོང་གི་ཨ་མ་དང་སྲིང་མོ་ལྷ་མོ་སྐྱིད་གཉིས་ཞུགས་པར་ལྐོག་ལབ་མང་པོ་བྱུང་ཡོད། ཡིན་ནའང་། གླིང་ཚ་ལགས་ཀྱིས་ལན་འདི་འདྲ་ཞིག་བརྒྱབ་ཡོད། “ཨ་མ་དང་ངེད་གཉིས་ཀྱིས་བུ་མོ་ནམ་ཡང་བཀག་ཡོད་པ་མ་རེད། ནམ་ཡང་ཁྲིད་ཡོད་པ་མ་རེད། བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་ཆེད་དུ་སོ་སོས་དང་བླངས་བྱས་ནས་ཡོང་བ་རེད། ནང་མི་གཅིག་གི་སྐད་ཆ་མ་རེད། མོ་རང་ནམ་ཡང་ཕྱིར་འཐེན་ཡོང་བར་ཨ་མ་ངེད་གཉིས་ཀྱིས་བཀག་མེད། མི་རིགས་ཀྱི་འཐབ་རྩོད་ཟེར་བ་དེ་ནང་མི་གཅིག་གི་བར་ནས་ཀྱང་ཕན་ཚུན་ལ་བྱས་ཆོག་དང་མི་ཆོག་གི་དགག་བྱ་དང་འབོད་སྐུལ་ཞུས་ན་འགྲིག་གི་ཡོད་པ་མ་རེད།” ཅེས་ལན་ཕུལ་བ་རེད། ཞི་བའི་གོམ་བགྲོད་གཉིས་པའི་སྐབས་སུ། བལ་ཡུལ་བརྒྱུད་མི་དགོས་པར་ཐད་ཀར་རྒྱ་གར་གྱི་ས་མཚམས་བརྒལ་ནས་བོད་ནང་བསྐྱོད་རྒྱུ་དང་། ལས་འགུལ་ནང་མཉམ་ཞུགས་བྱེད་པ་ལ་ལོ་༥༥ འོག་དང་ལོ་༡༨ གྱི་ཡན་དགོས་པའི་ལོའི་བཅད་རྒྱ་བཟོས་ནས་ཕ་མ་གཉིས་དང་བུ་མོ་བཅས་ཁོང་གི་གོམས་བགྲོད་ནང་མི་ཚུད་པར་བཟོས་ཏེ་ཁོ་རང་གཅིག་བུ་ཕེབས་པ་རེད། ཡིན་ནའང་། རྡ་ས་ནས་བདུན་ཕྲག་གཅིག་རིང་ཕ་མ་གཉིས་ཀྱིས་སྐྱེལ་མ་བྱས་པ་རེད།
༦༽ གླིང་ཚའི་ཞི་བའི་འཐབ་རྩོད་ཅེས་པ་ཅི་ཞིག་རེད།
འཚེ་བ་མེད་པ་དང་གཞན་ཕན་སྙིང་བོ་ཅན་གྱི་རིགས་ཞེན་གྱིས་རྒྱུད་བསྐུལ་བའི་འདྲ་མཉམ་དང་། གཞན་ཕན། རང་དབང་རྩོད་ལེན་གྱི་འཐབ་རྩོད་ཅིག་རེད། ཁོང་ནི་སྟོན་མཆོག་ཏཱ་ལའི་བླ་མའི་གསུང་དེབ་ཁག་ཡང་ནས་བསྐྱར་དུ་བཀླགས་མཁན་ཞིག་དང་། བྱམས་བརྩེའི་སྙིང་པོ་ཅན་གྱི་བོད་ཀྱི་མཚན་ཉིད་རིག་པའི་གསོས་ཕྲུག་ཅིག་རེད། ཤ་ཁྲག་རུས་གསུམ་བཀྲུས་ན་མི་དག་པའི་གངས་ཅན་པ་ཞིག་རེད། མི་ལོ་ཉིས་སྟོང་ལྷག་གི་འཐབ་རྩོད་བརྒྱུད་རྒྱལ་ཁབ་བསྐྱར་འཛུགས་བྱེད་མཁན་གྱི་རིགས་རྒྱུད་ལས་ཆད་པའི་བུ་མོ་ཞིག་དང་གཉེན་བསྒྲིགས་ཤིང་རྒྱལ་ཁབ་དེར་འཚོ་བ་རོལ་མྱོང་བ་བཅས་ཀྱང་ལྷན་ཅིག་བྱེད་པའི་རྐྱེན་དུ་གྱུར་ཡོད་སྙམ། གླིང་ཚ་ཁོང་གིས་ཀྱང་། “ང་རང་གི་ཞི་བའི་འཐབ་རྩོད་ཅེས་པ་འདིའི་བསམ་བློའི་གཞི་བཅོལ་ས་ངོ་མ་ནི་རྒྱལ་བ་རིན་པོ་ཆེ་དང་གྷན་དྷི་རྗེ་ཟུང་གི་ལྟ་གྲུབ་ལ་གཞི་བཅོལ་བ་ཡིན་ཞེས་བཤད་ན་ཆོག་སྙམ། ད་བར་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་སླེབས་པ་ཞིག་ངས་མ་ཀློག་པ་མེད་ཅེས་བརྗོད་ཆོག་རྒྱུ་རེད། ལྷག་པར་བྱམས་བརྩེ་ནུས་སྟོབས་ནི་ངས་བཀླག་བཀླགས་ནས་དེབ་ཀྱང་རལ་བར་གྱུར་སོང་། དེ་ནི་ང་ལ་ཤུགས་རྐྱེན་ཐེབས་ཆེ་ཤོས་དེ་ཡིན། གྷན་དྷི་རྗེ་ལ་མཚོན་ན་བོད་བསྒྱུར་བྱས་པའི་དེབ་དག་བཀླགས་པ་ཡིན། དེ་དག་ལས་ང་ལ་བསམ་བློ་འདི་བསྩལ་བྱུང་། ཞི་བའི་འཐབ་རྩོད་འདི་མི་སྒེར་བ་ཞིག་གི་ངོས་ནས་བསླངས་པ་རེད་དེ། འདི་ལ་ཆ་རྐྱེན་ཚང་དགོས་པ་ངོ་མ་ནི་དམ་བཅའ་དང་བློས་གཏོང་རེད། འདི་གཉིས་ཚང་སོང་ན་ཞི་བའི་འཐབ་རྩོད་པའི་མི་ལ་གྱུར་བ་རེད། ཡིན་ནའང་། ཡུལ་དང་དུས་ཚོད་ནི་བབ་བལྟས་ཀྱིས་ཡོང་བ་ཞིག་རེད།” ཅེས་དང་། “ངས་རང་ཉིད་དང་རང་ཉིད་ཀྱི་བྱ་སྤྱོད་ལ་མཛུབ་མོ་འཛུགས་མཁན་དག་ལ་འཁོན་སེམས་ནམ་ཡང་བཅངས་མྱོང་མེད། མ་འོངས་པར་ལྷག་པར་འཚེ་མེད་ཞི་བ་ཞེས་པ་འདི་རང་ཉིད་སྒེར་ངོས་ནས་དངོས་སུ་ལག་བསྟར་བྱེད་ཐབས་ལ་མགོ་འཛུགས་ཀྱིན་ཡོད།”ཅེས་བཤད་ཡོད།
ཁོང་གིས་ལས་འགུལ་འདི་དབུ་འཛུགས་མ་བྱས་པའི་སྔ་ཉིན་ཏག་ཏག་ལ་བསྒྲགས་གཏམ་ཞིག་སྤེལ་བ་རེད། དེ་རུ་”ཞི་བའི་འཐབ་རྩོད་འདི་བྱེད་དགོས་དོན་གྱི་སེམས་འཚབ་གཙོ་བོ་ནི། གཞིས་ལུས་མི་མང་ཆེས་མི་ཉུང་བ་ཞིག་ད་ལྟ་མེ་རུ་བསྒྲོན་ཟིན་པ་དང་། མུ་མཐུད་དུ་སྒྲོན་སྲིད་པ་དང་། རེ་རེ་བཞིན་བསྒྲོན་ནས་འོང་ན། ཞི་བའི་མེ་ལྕེའམ་ཤེས་རབ་ཀྱི་མེ་ལྕེ། ད་དུང་སྙིང་རྗེ་ཡི་མེ་ལྕེ་འདི་དག་ཞེ་སྡང་གི་མེ་ལྕེ་རུ་མི་འགྱུར་བའི་ངེས་པ་གཏན་ནས་མེད་པ་ཡིན། དེ་དུས་བོད་དང་རྒྱ་རིགས་མི་མང་ཉེས་མེད་ཆེས་མང་བོ་ཞིག་ལ་གནོད་འཚེ་ཐེབས་རྒྱུ་ཡིན་པ་ལས། རྒྱ་ནག་སྲིད་གཞུང་གི་དཔོན་ངན་དེ་དག་ལ་གྱོང་རྒུད་དང་འགྱོད་སེམས་རེ་སྐྱེ་སྲིད་ཀྱང་། དེ་དུས་བོད་རྒྱ་མི་མང་དཀྱུས་མ་དག་གི་ཚེ་སྲོག་གི་འགྲོ་གྲོན་གྱིས་མི་རིགས་གཉིས་ཀྱི་བར་དུ་འགལ་ཟླ་ཤུགས་ཆེར་སླེབས་ནས། ལོ་ངོ་ཉི་ཤུ་ཙམ་གྱི་རྗེས་སུ་བོད་མི་དག་གི་ལག་དུ་མེ་མདའ་ཐོགས་མི་སྲིད་པ་མིན། རྒྱུ་མཚན་ནི་བོད་མི་ཚང་མ་བྱང་ཆུབ་སེམས་དཔའ་མིན་ལ། སངས་རྒྱས་ཀྱང་དེ་བས་ཆགས་མེད། བོད་མི་རྣམས་འགྲོ་བ་མི་དཀྱུས་མ་ཤ་སྟག་ཡིན། ཁོང་ཚོ་ལ་བཟོད་སྒོམ་བྱེད་པའི་གོམས་གཤིས་ཤིག་ད་ལྟ་ཡོད་པ་འདི་ནི་འཚེ་མེད་ཞི་བའི་སྟོན་པ་༧རྒྱལ་བ་རིན་པོ་ཆེ་ཚང་ཞལ་བཞུགས་པ་དང་། ཁོང་གིས་དུས་རྒྱུན་དུ་རང་རེའི་འཐབ་རྩོད་ནི་བདེན་པ་དང་འཚེ་མེད་ཞི་བ་ཡིན་ཟེར་ནས་གསུང་བའི་བཀའ་དྲིན་ཉག་གཅིག་དང་། མེས་པོ་དག་གི་སྐུ་རིང་ནས་བོད་ནི་ཆོས་ལྡན་གྱི་རྒྱལ་ཁབ་ཅིག་ཡིན་པས་རེད། འོན་ཀྱང་། ཆོས་ལྡན་རྒྱལ་ཁབ་ཀྱི་མི་རིགས་འདི་ལའང་སྐྱེ་བོ་གཞན་དག་དང་འདྲ་བར་བདེ་སྡུག་གི་ཚོར་བ་གཅིག་མཚུངས་ཡོད་དུས། ཞི་བདེ་དང་རང་དབང་མེད་པར་གསོན་ཐབས་མེད་པ་ཤེས་དགོས་ཀྱི་ཡོད། དེ་ཡི་ཆེད་དུ་འཐབ་རྩོད་བྱེད་དགོས་པ་དང་བྱེད་འོས་པ་ཡིན་དུས་ང་རང་ལམ་དུ་ཆས་པ་ཡིན་ལ། ངས་རང་རིགས་སྤུན་ཟླ་བྱེས་ཀྱི་བོད་པ་ཡོངས་ལ་གཞིས་ལུས་སྤུན་ཟླའི་རྒྱབ་དུ་ལངས་ཏེ་སྐྱིད་སྡུག་མཉམ་མྱོང་བྱེད་པའི་དུས་ཡིན་ཞེས་བསྒྲགས་ན་འདོད།” ཅེས་བྲིས་ཡོད། གླིང་ཚ་ལགས་བསམ་ཚུལ་འདིས་ཡར་བསླངས་པ་རེད། དེ་ལས་གཞན་གྱི་འགྲེལ་བཤད་གང་ཡང་ཡོད་པ་མ་རེད། དེར་བརྟེན། ངའི་ཁོང་གི་འཐབ་རྩོད་ལ་ངོས་འཛིན་དེ་འདྲ་ཞིག་བྱེད་ཀྱིན་ཡོད།
༧༽ གླིང་ཚའི་ཞི་བའི་འཐབ་རྩོད་ཀྱི་མི་ཞེས་པ་གང་འདྲ་ཞིག་ཡིན།
གླིང་ཚས་ཞི་བའི་འཐབ་རྩོད་པ་ཞིག་བྱེད་ན། དགྲ་ཞེས་པ་ཞིག་གཏན་ནས་མེད་པའི་སེམས་རྒྱུད་ཀྱི་དམ་བཅའ་བརྟན་པོ་ཅན་ཞིག་དང་། འདྲ་མཉམ་གྱི་རང་དབང་གི་ཆེད་དུ་ལུས་ངག་ཡིད་གསུམ་བློས་གཏོང་ཐུབ་པ་ཞིག་ཡིན་དགོས་པར་འདོད་དེ། གླིང་ཚ་ཁོང་གིས་”ང་ལ་མཚོན་ན། འཚེ་མེད་ཞི་བ་མི་རང་ཉིད་ནས་ལག་བསྟར་བྱེད་དགོས་པའི་ངེས་ཤེས་ཤིག་ངའི་སེམས་གཏིང་ལ་གྲུབ་ཡོད་པ་རེད། གཞན་ལ་བསྐྲུན་ཐུབ་མིན་ངས་མི་ཤེས། འཚེ་མེད་ཞི་བ་ཞེས་པ་འདི་ངས་ལུས་ངག་ཡིད་གསུམ་གྱི་སྟེང་ལ་ངོས་འཛིན་གྱིན་ཡོད། སྤྱིར་ན་དགྲ་ཞེས་པ་ཞིག་རྩ་བ་ནས་མེད་པའི་བསམ་བློ་ཞིག་ང་ཚོར་ཤར་དགོས་ཀི འཚེ་མེད་ཞི་བའི་ཡུལ་ཞིག་ངོས་བཟུང་ན་གལ་སྲིད་མི་ཞིག་གིས་ང་ལ་མེ་མདའ་བཙུགས་ནའང་ངས་མེ་ཏོག་སྤྲོད་ཨེ་ཐུབ་འབད་རྒྱུ་དེ་ངའི་འགན་རེད། དཔེར་ན། རྒྱལ་བ་རིན་པོ་ཆེའི་འདྲ་མཉམ་གྱི་ལྟ་བ་དང་ཀུན་ཁྱབ་ཀྱི་སེམས་ཁུར་སོགས་ཚང་མ་འདྲ་མཉམ་དང་འཚེ་མེད་ཞི་བ་རང་གཞི་བཅས་འདུག་སྙམ།” ཞེས་དང་། “འདི་ལ་ཆ་རྐྱེན་ཚང་དགོས་པ་ངོ་མ་ནི་དམ་བཅའ་དང་བློས་གཏོང་རེད། འདི་གཉིས་ཚང་སོང་ན་ཞི་བའི་འཐབ་རྩོད་པའི་མི་ལ་གྱུར་བ་རེད།” ཅེས་བཤད་ཡོད།
༨༽ གླིང་ཚའི་ཞི་བའི་འཐབ་རྩོད་ཀྱིས་དུས་ཡུན་དང་གྲུབ་འབྲས།
སྤྱི་ལོ་ ༡༩༩༣ ལོ་ནས་——–རྒྱལ་བ་ཡིད་བཞིན་ནོར་བུ་ཕོ་བྲང་པོ་ཏཱ་ལར་ཞབས་སོར་འཁོད་པ་དང་། གླིང་ཚ་ཁོང་ཤི་ཐག་ཆོད་པའི་བར།
སྤྱི་ལོ་ ༡༩༩༣ ཁོང་ལོ་བཅུ་དྲུག་ཡིན་དུས། ཁོང་དང་གྲོགས་པོ་འགས་བོད་དོན་གྱི་དངོས་བཤུས་གློག་བརྙན་ཞིག་ལ་ལྐོག་ལྟ་བྱས་ཤིང་། སྐབས་དེའི་ཚོར་བ་ཁོང་གིས་འདི་ལྟར་བྲིས་ཡོད། ” “ཨ་ཤུ་རེ་གོ ང་ཚོའི་བོད་མི་ལ་འདི་འདྲའི་མཐོང་ཆུང་དང་གཉའ་གནོན་བྱེད་ཀྱི་ཡོད་པ་རེད། རྒྱ་དམག་འདི་ཚོ་ ’’ བསམ་ནས་རང་ཉིད་ལ་ཉེས་རྡུང་བཏང་བ་ལྟ་བུའི་ཚོར་བ་ཞིག་གིས་འོག་གི་འདུག་སྟེགས་ལ་ཤུགས་ཀྱིས་འཐམ་པ་དང་། ཉིན་དེ་ནས་བཟུང་། དམག་མི་གང་ནས་རིག་ན་མི་དགའ་བ་དང་ཀྲུང་གོ་སྲིད་གཞུང་ལ་མི་དགའ་བའི་གྲྭ་ཕྲུག་ཅིག་དང་དགོན་པའི་རྩིག་ངོས་དང་རང་གི་འདུག་ཤག་གི་སོགས་ཀྱི་རྩིག་ངོས་སུ་“བོད་རང་བཙན་ཡིན།’’ཞེས་འབྲི་ལ་དགའ་བའི་གོམས་གཤིས་ཤིག་ཆགས་སོང་།” ཞེས་བྲིས་ཡོད།
ལོ་དེ་ནས་བཟུང་། ལོ་ལྟར་ལྷ་སར་སོང་ཞིང་༡༩༩༥ ལོར་ཁོང་རྒྱ་ནག་གིས་བཟུང་ནས་འདྲི་གཅོད་བྱས་པ་རེད། དེའི་སྐོར་ཁོང་གིས་འདི་ལྟར་གསུངས་ཡོད། “ཉེན་རྟོག་པའི་ལས་ཁུངས་དུ་སླེབས་པ་དང་ཅོག་ཙེའི་སྒང་དུ་ “བོད་རང་བཙན་ཁྲི་ལོར་བརྟན་པོར་ཤོག་’’ཅེས་པའི་བཀྲམ་ཡིག་བཞག་འདུག་པ་དེར་མཛུབ་མོ་བཙུགས་ནས་“འདི་ཁྱོད་རང་གིས་ཤེས་ཀྱི་འདུག་གམ་’’ཟེར་བ་དང་། “ངས་མི་ཤེས་’’ཞེས་ལན་བཏབས་ཀྱང་། “མ་ཤེས་ཁུལ་མ་བྱེད། བླ་བྲང་དགོན་པའི་ནང་དུ་གྲ་སྟོང་ཕྲག་གསུམ་དང་ལྔ་བརྒྱའི་ནང་། ཁྱོད་རང་གཅིག་བུ་དོན་མེད་དུ་ང་ཚོས་ཁྲིད་འོང་གི་མ་རེད། ཡག་པོ་བྱས་ན་བཟང་གི་རེད་’’ཅེས་འདྲི་གཅོད་ཀྱི་འགོ་བཙུགས། ཕ་མ་ཉེ་དུ་སོགས་ཀྱིས་ང་རང་བདུན་ཕྲག་གཅིག་ལྷག་གི་རིང་གར་སོང་ཆ་མེད་དུ་སོང་ནས་ང་རང་གང་དུ་ཡོད་མེད་གཏན་ནས་ཤེས་མེད། མཐའ་མཇུག་ཁོང་ཚོས་ང་རང་འཛིན་བཟུང་བྱས་པ་དེར་རྒྱུ་མཚན་གཉིས་ཡོད་པ་ནི། གཅིག བོད་རང་བཙན་ཁྲི་ལོར་བརྟན་པོར་ཤོག་ཅེས་པའི་བཀྲམ་ཡིག་དེ་ཡི་ཡིག་གཟུགས་ངའི་ཡིག་གཟུགས་དང་འདྲ་མཚུངས་ཀྱི་དོགས་པ། གཉིས། ང་རང་བསྟུད་མར་ལོ་རེར་ལྷ་སར་ཅིའི་ཕྱིར་སོང་མིན་དང་ལྷ་ས་ནས་ང་རང་ལ་མི་གཞན་གྱིས་ཅ་དངོས་སོགས་ཀྱི་འབྲེལ་བ་བཟུང་མིན་སོགས་ཀྱི་དོགས་པ། དོན་མེད་ཉེས་མེད་ཀྱིས་འཛིན་བཟུང་བྱས་པ་དེས་ལྷག་ཏུ་རྒྱ་ནག་གི་ལས་བྱེད་དག་ལ་སྙིང་ནས་མི་དགའ་བར་གྱུར་སོང་།” ཞེས་བྲིས་ཡོད།
དེའི་རྗེས་སུ། ཁོ་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་བ་རེད། སྤྱི་ལོ་ ༡༩༩༧ ལོར་གྲྭ་པ་ཞིག་དང་ཁོང་གཉིས་བོད་དུ་ལོག་ནས་བོད་ནང་ནས། འཐབ་རྩོད་བྱེད་པར་གྲོས་ཐག་བཅད་ཀྱང་གྲྭ་པ་དེ་བློ་ལོག་པ་རེད། ཁོ་རང་གཅིག་བུ་བོད་དུ་ལོགས་ནས་ཐབས་ཇུས་སྣ་ཚོགས་ཤིག་འཐེན་ནའང་ལམ་དུ་མ་སོང་བར་སྐྱབས་བཅོལ་ཐེངས་གཉིས་པའི་ལམ་དུ་ཞུགས། དེ་ལྟར་ཁོང་གིས་ལོ་ལྟར་ཚེ་སྲོག་བློས་བཏང་གི་འཐབ་རྩོད་ཅིག་བྱེད་པར་གྲ་སྒྲིག་མང་པོ་བྱས་ཡོད་པ་མ་ཟད། ༢༠༠༨ ལོར་རང་ལུས་མེར་བསྲེགས་གཏོང་རྩིས་བྱས་ཀྱང་དེའང་ལམ་ལྷོངས་བྱུང་མེད། ༢༠༡༡ ལོར་ཞི་བའི་འཐབ་རྩོད་ཀྱི་གོམ་བགྲོད་དངོས་སུ་མགོ་འཛུགས་སྙམ་ཡང་དེ་ཡང་ལམ་ལྷོངས་བྱུང་མེད། ༢༠༡༢ ལོར་དངོས་སུ་མགོ་འཛུགས་བྱས་པ་རེད། ཁོང་གིས་བལ་ཡུལ་གྱི་བཙོན་ཁང་ནང་བྲིས་པའི་རྩོམ་ཡིག་ཅིག་ཏུ།” ང་ཤི་བ་དང་ངའི་ཞི་བའི་འཐབ་རྩོད་ཀྱང་མཚམས་ཆད་པ་རེད་”ཅེས་དང་། ཡང་རྩོམ་ཡིག་ཅིག་གི་ནང་དུ། “མཐའ་དོན་ངའི་ཞི་བའི་འཐབ་རྩོད་ཀྱི་མཇུག་ག་དུས་སྐྱེལ་གྱི་རེད་དམ་ཟེར་ན། དེ་ནི་བོད་མི་རིགས་ལ་རང་དབང་ཐོབ་ནས་༧རྒྱལ་བ་རིན་པོ་ཆེ་ཚང་ཕོ་བྲང་ཏཱ་ལར་ཞབས་ཀྱིས་བཅག་སྟེ། གཞིས་བྱེས་ལྷན་འཛོམ་ཡོང་བའི་ཉིན་མོ་དེ་ནི། ངའི་ཞི་བའི་འཐབ་རྩོད་ཀྱི་མཇུག་བསྡུས་པ་ཡིན་པ་བཅས་སོ།” ཅེས་བྲིས་ཡོད། རྒྱུ་མཚན་འདི་དག་ལ་དཔགས་ན་ཁོང་གི་ཞི་བའི་འཐབ་རྩོད་ཀྱི་མས་མཐའ་དེ་ལྟར་འཇོག་དགོས་སྙམ།
གླིང་ཚའི་ཞི་བའི་འཐབ་རྩོད་ཀྱི་གྲུབ་འབྲས་ནི། གནམ་གཤིས་ཀྱི་དྲོད་ཚད་ཅིག་ལ་དཔེ་བཞག་ན་ཀླད་ཀོར་མན་དུ་ཟགས་ཡོད། ཡིན་ནའང་། བདེན་པའི་མཐའ་དཀར་བར་ཁོང་ལ་ཡིད་ཆེས་ཡོད་པ་མ་ཟད། ང་ལའང་ཡིད་ཆེས་ཡོད། གཅིག་བྱས་ན། རྒྱ་ནག་གི་བཙོན་མཁར་སྒོ་མེད་ཅིག་གི་ནང་དུ་གླིང་ཚས་ཞི་བའི་འཐབ་རྩོད་དངོས་སུ་མགོ་འཛུགས་ཀྱིས་ཤ་ཟད་རུས་པར་ཐུག གློ་སྙིང་བྲང་ལ་འབྱར་ནས་ཡོད་ཨང་སྙམ་ན། ངས་དེར་བསམ་བློ་འཁོར་ཐུབ་ཀྱི་མི་འདུག གཅིག་བྱས་ན། ལོ་བརྒྱད་ཀྱི་ཡར་སྔོན་ནས་གསང་བའི་སོ་ཉུལ་བ་ཞིག་གིས་གླིང་ཚ་ཐད་ཀར་ཕྱིར་མི་ལྡོག་པའི་ཡུལ་དུ་བསྐྱལ་ཨེ་ཡོད་ཀྱང་སྙམ། དེ་ལྟར་སྙམ་ན་ང་ལ་ཤ་འདར་རྒྱག་གི་འདུག ཡིན་ནའང་། གླིང་ཚ་ལགས་དཀའ་ངལ་གང་ལ་འཕྲད་ཀྱང་བྱང་ཆུབ་སེམས་དཔའ་ཞིག་འཇིགས་རུང་གི་བཙོན་དུ་ཆས་པ་ལྟར་སྡུག་བསྔལ་མེད་པའི་ཡིད་ཆེས་ཤིག་ང་ལ་འདུག ཁོང་ནི་རང་གི་འཐབ་རྩོད་ལ་ཡིད་ཆེས་ཀྱི་མྱོང་བ་ཟབ་མོ་ཐོན་པའི་འབྲས་རྟགས་ངས་སྒོ་སྣ་མང་ནས་མཐོང་སོང་། མདོར་ན། དངོས་ཡོད་ཀྱི་གནས་སྟངས་ཅི་ཡིན། ཤུལ་གྱི་མི་དང་རྒྱབ་ཀྱི་མི་རིགས། སྒྲིག་འཛུགས། ཚོགས་པ་ཁག་གིས་རྩར་མི་ཆོད་ཀྱང་དུས་ཚོད་ཀྱིས་ཏན་ཏན་རྩར་གཅོད་ངེས་པའི་ཡིད་ཆེས་ཤིག་ཡོད་ལ། སླར་ཡང་ཁོང་ལ་མཇལ་བའི་སྨོན་ལམ་སྙིང་ནས་འདེབས་ཀྱི་ཡོད།
མདོར་ན། དེ་རིང་གླིང་ཚ་བོར་ནས་ལོ་བརྒྱད་འགོར་བ་རེད། གླིང་ཚ་བོར་བ་ཙམ་མ་རེད། བོད་རྒྱ་གཉིས་སྨན་གྱི་དབུ་མའི་ལམ་ཞེས་པའི་ལྟ་བ་དེའི་མ་དཔེ་ཞིག་བོར་བརླག་བྱུང་ནས་ལོ་བརྒྱད་འཁོར་བ་རེད། གླིང་ཚའི་གོམ་བགྲོད་སྔ་མའི་སྐབས་སུ་དེབ་གསུམ་བྲིས་འདུག ཕྱི་མའི་སྐབས་སུའང་ཏན་ཏན་དེབ་ཁ་ཤས་བྲིས་ཡོད་ངེས་པས་དེ་དག་ཀྱང་བོར་བ་རེད། ད་དུང་གླིང་ཚའི་ཡུམ་ཆེན་མའང་འཇིག་རྟེན་དང་གཏན་དུ་བྲལ་བ་རེད། གླིང་ཚའི་གཅེས་ཕྲུག་<<བོད་ཀྱི་ཞི་བའི་འཐབ་རྩོད་ཀྱི་ཐབས་ལམ་>>ཞེས་པའི་དེབ་མཆོག་དེའང་འཇིག་རྟེན་དང་གཏན་དུ་བྲལ་བ་རེད། འདི་དག་ནི་བཟོད་པར་དཀའ་བ་རེད། དངོས་གནས་བཟོད་པར་དཀའ་བའི་ན་ཟུག་ཅིག་རེད།
མཇུག་ཏུ་གླིང་ཚ་ཁོང་གིས་བྲིས་པའི་ཁོང་གི་ལོ་རྒྱུས་ཤིག་ཟུར་བཀོལ་བྱེད་རྒྱུ་ཡིན།
ངའི་ལོ་རྒྱུས།
༡༩༧༧ །༣ ། ༩ བོད་མདོ་སྨད་བླ་བྲང་བསང་ཁོག་སྒྲོག་གི་ནག་ལྡང་ནང་སྐྱེས། འཚར་ལོངས་བྱུང་ས། བླ་བྲང་སྔོན་ཆགས་སྡེ་བ།
ཁྱིམ་མིང་། གླིང་ཚ། བཏགས་མིང་། ཚེ་བརྟན་རྡོ་རྗེ།
༡༩༨༥ ལོར་བསང་ཆུ་རྫོང་རྒྱོའི་རྒྱ་སློབ་ཆུང་དུ་ཞུགས།
༡༩༨༨ ལོར་བླ་བྲང་དགོན་པར་ཆོས་ཞུགས་བྱས། རང་བྱུང་གི་མིང་ལ། ཚུལ་ཁྲིམས་རྒྱ་མཚོར་བཏགས།
༡༩༩༥ ལོར་བཙན་བྱོལ་དུ་ཐོག་མར་འབྱོར།
༡༩༩༧ ལོར་ཕྱིར་བོད་དུ་སོང་།
༡༩༩༨ ལོར་ཡང་བསྐྱར་བཙན་བྱོལ་དུ་བཅར།
༡༩༩༩ ལོ་ནས་རང་ཁ་རང་གསོའི་ལམ་དུ་ཞུགས་ནས་ཟ་ཁང་ཁག་གི་དཀར་སྡེར་འཁྲུ་མཁན་ནས་འགོ་བཙུགས་ཏེ་ད་ལྟའི་བར་ལས་ཀ་ཤུགས་ཆེ་ཤོས་མ་བྱན་བྱས།
༢༠༠༣ལོར་ཕྱིར་བོད་དུ་སོང་བ་དང་དམིགས་འདུན་ལེགས་འགྲུབ་མ་བྱུང་བར་སླར་ཡང་བཙན་བྱོལ་དུ་བཅར།
ཐེངས་གསུམ་ལ་བཙན་བྱོལ་དུ་འོང་བ་དང་ཐེངས་གཉིས་ལ་ཕྱིར་བོད་དུ་སོང་ནའང་། རྒྱ་ནག་གཞུང་ཚབ་ཁང་དུ་ལག་འཁྱེར་ཞུས་ཏེ་སོང་མྱོང་མེད་པར་རྐང་ལམ་བརྒྱུད་པ་ཡིན།
༢༠༠༨ ལོར་ཨེས་སུ་རལ་དུ་སོང་ནས་ཨེས་སུ་རལ་གྱི་བུ་མོ་{yael pfeffer}གངས་དཀར་ལྷ་འཚོ་དང་མཉམ་དུ། གཅེས་ཕྲུག་གཉིས་ཡོད། བུ་མོ་ཐར་མ་མཚོ་དང་བུ་ཁ་བའི་ལྷ་སྲས་གཉིས་ཡིན།
༢༠༡༢།༣།༡༠ ལོར་བོད་མི་རིགས་ཀྱི་བདེན་དོན་དང་རང་དབང་། ༧གོང་ས་མཆོག་བོད་དུ་གདན་འདྲེན་བྱེད་ཆེད་དུ་{ཞི་བའི་འཐབ་རྩོད་}ཀྱི་ལས་ལ་དངོས་སུ་ཞུགས་པ་བཅས་སོ། །
སྨྱུག་མིང་། བོད། ཤ་ཁྲག་རུས་གསུམ། བོད། ལྷ་ཀླུ་གཉན་གསུམ། བོད། ལུས་ངག་ཡིད་གསུམ་བཅས་དང་། འཐབ་རྩོད་ཀྱི་མིང་། ས་ཡ་དྲུག་གི་བུ།
གད་སྙིགས་དུ་འཕེན་མ་དགོས་པ་ཙམ་གྱི་དེབ་བཞི་དཔར་བསྐྲུན་བྱས་ཟིན་པ་དང་དཔར་ལ་ཉེ་བའང་རེ་ཟུང་ལུས་ཡོད།
བལ་ཡུལ་བཙོན་ཁང་དུ་༡༡།༡༢།༡༢ས་ཡ་དྲུག་གི་བུ་གླིང་ཚ་ཚེ་བརྟན་རྡོ་རྗེ་ནས།
ཟུར་མཆན།
ངས་གོང་དུ་གང་བྲིས་པ་ཚང་མར་གླིང་ཚ་རང་ཉིད་ཀྱི་སྐད་ཆ་དང་རྩོམ་ཡིག་གིས་རྟགས་སྒྲུབ་བྱས་ཡོད་ལ། རྩོམ་ཡིག་མང་ཆེ་བ་ཁ་བརྡ་དྲ་དེབ་སྟེང་ནས་གླིང་ཚ་ཚེ་བརྟན་རྡོ་རྗེ་ཞེས་བཙལ་ན་ཆ་ཚང་རག་ཐུབ།
གླིང་ཚའི་འཐབ་རྩོད་ལ་ལྟ་བསམ་ན་གཤམ་གྱི་དྲ་ཐག་འདི་དག་ངེས་པར་བཀླགས་དགོས།
https://www.khabdha.org/?p=43663
https://www.khabdha.org/?p=87226
https://www.khabdha.org/?p=51814
https://www.khabdha.org/?p=26052
ཐུགས་རྗེ་ཆེ་། བཀའ་དྲིན་ཆེ་། ཁྱེད་ཀྱི་བོད་མི་རིགས་ཀྱི་དཔའ་བོ་གླིང་ཚ་ཚེ་བརྟན་རྡོ་རྗེའི་ལོ་རྒྱུས་འདིར་དྲ་ཐོག་ཏུ་བཞག་པ་བཀའ་དྲིན་ཆེ་། དེ་མིན་བཙན་བྱོལ་སྤྱི་ཚོགས་ནང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་ནས་གླིང་ཚ་སྐོར་གླེང་མཁན་དང་རྗེས་དྲན་ཞུ་མཁན་ཐོས་མ་སོང་ན་ད་ལམ་ཁྱེད་ཀྱིས་གླིང་ཚའི་ལོ་རྒྱུས་དྲ་ཐོག་ཏུ་བཞག་པ་འདིའི་བོད་མི་རིགས་ཀྱིས་དཔའ་བོ་ཁོང་འཆི་གསོན་ཇི་ཆགས་ལ་མ་ལྟོས་པར་ཁོང་ལ་གུས་བརྩི་བླ་ན་མེད་པ་ཞུས་པ་ལ་རྗེས་སུ་ཡིད་རངས་དང་བསྔགས་བརྗོད་ལན་བརྒྱར་ཞུ་གི་ཡོད་། སླར་ཡང་ཐུགས་རྗེ་ཆེ་། བཀའ་དྲིན་ཆེ་། གླིང་ཚ་རྒྱལ་ལོ་། བོད་རྒྱལ་ལོ་།
ངོ་མ་དོན་ལྡན་གི
བོན་རྒྱ་ལགས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
གླིང་ཚ་ཟེར་བའི་མྱི་འདིའི་སེམས་ཤུགས་དང་ལྷག་བསམ་ལ་ངོ་མ་བརྗོད་མི་ཐུབ་པ་དང་བསམ་མི་ཐུབ་པ་ཞིག་རེད། བཙན་བྱོལ་བས་ད་རུང་ཅང་ཤེས་གི་མེད་པ་འདྲ་། ཚོར་གི་མེད་པ་འདྲ། བར་སྐབས་ཤིག་ལ་ཁོང་གི་གནས་ཚུལ་ཏོག་ཙམ་མོག་མོག་ཏུ་གྱུར་སོང་ང་དེ་ལ་ཡ་མཚན་ནས་ཡོད། ཧང་སང་ནས་ཡོད། ཧོན་ཐོར་ནས་ཡོད། བཙན་བྱོལ་བའི་མཐོ་རིམ་མི་སྣ་དག་གིས་ཁོང་གི་གནས་ཚུལ་ལ་རྒྱུས་ལོན་བྱ་མྱོང་ཡོད་དམ། ཁོང་གི་གནས་སྟངས་འཚོལ་ཞིབ་ཐུབ་བམ། ཤི་གསོན་གང་ལ་ཡང་གོ་ཐོས་ཏིལ་འབྲུ་ཡང་མེད་པའི་བཙན་བྱོལ་བ། སྙིང་རྗེ་རེ་ཡོད་དམ། ཁ་རྒྱབ་ལ་སེམས་ཁྲལ་མེད་པས་ཆོག་གམ། སྙིང་ཉེ་བའི་མ་རྒན་གྱིས་ཕྱི་མའི་ཡུལ་ལ་ཅི་ཞིག་ཁྱེར་སོང་། སྙིང་རྗེ་བའི་སྲུང་ཆུང་མའི་འཇིག་རྟེན་དཀར་ངོག་གི་འཚོ་བ་ལ་དོན་སྙིང་གི་ཚོར་ཐུབ་བམ། ངོ་མ་ཡིད་ཐང་ཆད་སོང།
བཀའ་དྲིན་ཆེ། རྗེས་སུ་ཡི་རང་ཡོད། བོན་རྒྱ་ལགས་ལ།
གླིང་ཚ་བོར་སོང་བ་རེད་དམ་བྲོས་སོང་བ་རེད།