སྐྱོ་བྲག་དགའ་དབང་།
དིང་སང་བོད་ནི་གླུ་གར་གྱི་རྒྱ་མཚོ་ཞེས་པ། དོན་མེད་ཀྱི་འུར་འགྲོགས་ཙམ་ཞིག་མིན་པར་བོད་ལ་གླུ་གར་གྱི་རིགས་ཆེས་མང་བ་སྟེ། གླུ། གཞས། མགུར། གདངས། དབྱངས། ད་དུང་གྱང་རྡུང་བ། འབྲི་བཞོ་བ། ཕྱིང་པ་བརླིང་བ་སོགས་ལས་རིགས་འདྲ་མིན་མང་པོ་ཞིག་ལ་དབྱངས་ཚིག་མ་འདྲ་བ་མཐའ་ཡས་སོ། །
གླུ་ནི་སྐད་ཤུགས་ཆེན་པོས་ལེན། གཞས་ནི་འབྲིང་པོས་གཏོང་། མགུར་གདངས་དབྱངས་རྣམས་ནི་དལ་བོས་འཐེན། ལས་རིགས་ཀྱི་གླུ་གཞས་དག་ལའང་ངག་གི་འགུག་སྟངས་མ་འདྲ་བ་རེ་ཡོད། དབྱངས་རྟ་སོ་སོའི་བྱ་བར་ཞུགས་པ་ན་ལས་ཚིག་ཀྱང་མི་འདྲ་བ་སྟེ། གླུ་ལེན། གཞས་གཏོང་། མགུར་འཐེན་སོགས་ཟེར། གདངས་དབྱངས་ཀྱི་མིང་ཚིག་བྱེ་བྲག་པར་འཇུག་པ་ན་དབྱངས་རྟ་རིང་ཐུང་དང་འགུག་སྟངས་མི་འདྲ་བ་ཡིན།
བྲོ་ནི་འཇིག་རྟེན་པའི་རྩེད་རིགས་རྐང་སྟབས་གཙོ་བོར་བྱེད་པ་ལ་བྱ་ཞིང་། འཆམ་ནི་ཆོས་ཕྱོགས་ཀྱི་རྐང་སྟབས་གཙོ་བོར་བྱེད་པ་དང་། གར་ནི་གཉི་གའི་ལག་སྟབས་གཙོ་བོར་བྱེད་པ་ལ་ཟེར། འདི་དག་གི་ལས་ཚིག་ཀྱང་མི་འདྲ་བ་སྟེ། བྲོ་རྡུང་། འཆམ་འཆམ། གར་འཁྲབ་ལབ་ཀྱི་ཡོད།
འདིར་བཤད་པ་དག་ནི་བོད་པའི་ཁ་སྐད་དུ་ཡོད་པ་གཙོར་འདོན་བྱས་ཀྱི་སྒྲ་ནི་བརྗོད་འདོད་རྗེས་འབྲང་ཡིན་ཕྱིར་གཏན་དུ་ངེས་པ་ཞིག་ནི་ག་ལ་ཡིན།
ཕ་སྐད་ལ་དོ་སྣང་ཡོད་རིགས་དག་གིས་སྒྲ་གཞུང་རྣམས་སུ་རོབ་བཤད་བྱས་པ་ཙམ་གྱིས་ཆོག་ཤེས་པ་མིན་པར་ཚིག་རེ་རེ་བཞིན་ཡུལ་ལུང་སོ་སོས་དོན་གང་ལ་སྤྱོད་ཀྱི་ཡོད་པའི་འཇུག་པ་ཤེས་གལ་ཆེ་བའི་དྲན་གསོ་ཙམ་ཡིན་ནོ། །