ཆང་སྐྱེས།
ཨ་ཁུ་དགེ་བཤེས་གྲོང་ནས་མག་པར་བསྡད།།
བན་ཆུང་ལང་ཤོར་ཨ་རག་ཆང་ལ་ལོབས།།
ཆོས་ཀྱི་སྙིང་བོ་མཛེས་མའི་རུམ་ན་གསུངས།།
ཡོད་ཚད་མ་ཡིན་ཕལ་ཆེར་འདི་མོ་རེད།།
མི་དམངས་དགེ་རྒན་རྒྱན་དང་ཤོ་ལ་ཆགས།།
སློབ་མ་མང་པོ་གྲོང་དང་སྲང་ན་ལུས།།
སྐད་དང་ཡི་གེ་གཉི་ག་རླུང་ལ་བསྐུར།།
བོད་པའི་རིན་ཐང་ཇེ་ཆུང་ཇེ་ཆུང་རེད།།
རྒན་པར་བྱམས་མཁན་མནའ་མ་རེ་ཟུང་ཙམ།།
ཆུང་མ་གཅེས་ནས་སྐྱེས་པ་ག་ཙམ་ཞིག།
གཡོ་སྒྱུ་ལོག་གཡེམ་བྱེད་མཁན་གྲངས་མེད་ཅིག།
བསམ་བློ་ཞིབ་ཏུ་བཏང་ན་སྡུག་སྤྱད་རེད།།
ཕུ་ནུ་ནང་དཀྲུགས་བྱེད་མཁན་ཉིན་བཞིན་འཕེལ།།
བསླུ་བྲིད་གཡོ་འཚོང་བྱེད་མཁན་དེ་བས་མང་།།
སྒོར་མོ་རིག་ན་རིགས་ལ་སྡང་མཁན་སོགས།།
ངོ་མ་བཤད་ན་དགྲ་བོ་ངོ་མ་རེད།།
རང་གི་ཕྱོགས་དེ་ཚད་མའི་ཁོངས་སུ་སྒྲུབ།།
གཞན་གྱི་ཡོད་ཚད་ཐན་ལྟས་ཉིད་དུ་འདོད།།
ད་དུང་ཁ་ནས་རྫིག་པོ་ཏག་ཏག་བཤད།།
ཕྲག་དོག་ཅན་རྣམས་བསམ་ན་ཤུ་རེ་ཁོ།།
གཞན་གྱི་སྐྱོན་དང་ཞན་ཆ་བརྗོད་པ་ལས།།
འཛུབ་མོ་རང་ལ་བཙུགས་ཏེ་འདང་ཞིག་རྒྱོབས།།
མེས་པའི་གཤིས་བཟང་བོར་བའི་གླེན་རྟགས་ཀྱིས།།
རང་གི་རིགས་འདི་རང་གིས་ཕུང་ལ་སྦྱར།།