༡ བསད་དང་རུང་འགྱོད་པ་ང་མེད་གི
མི་ལ་ལས་བུ་ང་བཟང་གི་ཟེར།། མི་ལ་ལས་བུ་ང་ངན་གི་ཟེར། ང་བཟང་ན་ཆོག་ར་ངན་ན་ཆོག ངས་བླ་མ་དྲན་པའི་སྡུག་སྡུག་བསྔལ་འདི།། ངས་གངས་ཅནན་བོད་ལ་སྒྲོག་རྒྱུ་ཡིན།། བསད་དང་རུང་འགྱོད་པ་ང་མེད་གི
མི་ལ་ལས་བུ་ང་བཟང་གི་ཟེར།། མི་ལ་ལས་བུ་ང་ངན་གི་ཟེར། ང་བཟང་ན་ཆོག་ར་ངན་ན་ཆོག ངས་སྔོན་ཆད་དཔའ་བོའི་མཛད་རྗེས་འདི།། ངས་གངས་ཅན་བོད་ལ་སྒྲོག་རྒྱུ་ཡིན།། བསད་དང་རུང་འགྱོད་པ་ང་མེད་གི། མི་ལ་ལས་བུ་ང་བཟང་གི་ཟེར།། མི་ལ་ལས་བུ་ང་ངན་གི་ཟེར། ང་བཟང་ན་ཆོག་ར་ངན་ན་ཆོག བོད་དབང་མེད་ཟེར་ནས་གླུ་བླངས་ནས།།
གླུ་བླངས་ནས་མི་ཚེ་གཏོང་རྒྱུ་ཡིན།། བསད་དང་རུང་འགྱོད་པ་ང་མེད་གི
༢ རྨ་ཁ་མེད་པའི་གཅར་རྡུང་།
ཨ་ཇོ་རྒྱང་རིང་ནས་མ་ཕེབས་དྲན་གདུང་གཅིག མི་རིགས་མཐུན་སྒྲིལ་མ་ཡོང་སྐྱོ་སྡུག་གཉིས།། བོད་ལ་རང་དབང་མེད་པའི་བཙན་འཛུལ་གསུམ།། འདི་གསུམ་རྨ་ཁ་མེད་པའི་གཅར་རྡུང་རེད།།
ཕ་ནོར་ཕྱི་ལ་ཤོར་བའི་འགྱོད་པ་གཅིག། རབ་བྱུང་གཏེར་ཁ་མ་དབང་སྡུག་བསྡལ་གཉིས།། སྐྱེ་རྒྱུད་སྒོར་གྱིས་བཅད་པའི་ཐབས་ལམ་གསུམ།། འདི་གསུམ་རྨ་ཁ་མེད་པའི་གཅར་རྡུང་རེད།།
ཕ་མའི་བྱམས་བརྩེ་མ་དབང་སྡུག་བསྔལ་གཅིག། ཕུ་ནུའི་ནང་གཏམ་མ་གོ་་སྐྱོ་སྡུག་གཉིས།། རི་སྡེས་འཕྱ་དམོད་བྱེད་པའི་སེམས་སྡུག་གསུམ།། འདི་གསུམ་རྨ་ཁ་མེད་པའི་གཅར་རྡུང་རེད།།
༣ ཉིས་སྟོང་བརྒྱད་ལོ།
འདི་སྤྱི་ལོ་ལྔ་བཅུ་ལྔ་དྲུག་ལོ།། དགྲ་ནག་པོ་བོད་ལ་ཐོན་གི་ལོ།།
རྗེ་བླ་མ་བཙོན་ལ་བཟུང་གི་ལོ།། ལོ་གན་ལ་ང་ཚོ་འཇིགས་སྣང་ཆེ།།
འདིའི་སྤྱི་ལོ་ལྔ་བཅུ་ང་བརྒྱད་ལོ།། བུ་དཔའ་བོ་ཁྲག་ལ་སྦྱར་གི་ལོ།།
བུ་ཉེས་མེད་བཙོན་ལ་བཟུང་གི་ལོ།། ལོ་གན་ལ་ངུ་ཚོ་འཇིགས་སྣང་ཆེ།།
འདི་སྤྱི་ལོ་ཉིས་སྟོང་བརྒྱད་གི་ལོ།། བོད་ཉེས་མེད་གཅར་རྡུང་བྱེད་གི་ལོ།། སའི་གོ་ལའི་འབངས་མི་བསད་གི་ལོ།། ལོ་གན་ན་ངེད་ཚོ་འཇིགས་སྣང་ཆེ
༤ དེའི་དོན་ལ་མིག་ཆུ་འཐོར་ཐལ།
ངའི་བླ་མ་བྱང་སེམས་ཅན་པོ།། བོད་ཞི་བདེའི་ཆེད་ལ་ཕེབས་སོང་།། འདི་བསམ་ན་ཡིད་སེམས་སྡུག་ཐལ།། འདིའི་དོན་ལ་མིག་ཆུ་འཐོར་གི།།
བུ་ལ་རྒྱ་ཅན་གྱི་དཔའ་རྒོད།། བོད་ལ་རྒྱའི་ཆེད་ལ་གཤེགས་སོང་།། འདི་བསམ་ན་ཡིད་སེམས་སྡུག་གི། འདིའི་དོན་ལ་མིག་ཆུ་འཐོར་ད ལས་རང་དབང་མེད་པའི་བོད་པ།། དོན་མེད་ལ་གཅར་རྡུང་བྱས་ཐ།། འདི་བསམ་ན་ཡིད་སེམས་སྡུག་གི། འདིའི་དོན་ན་མིག་ཆུ་འཐོར་གི།
༥ ངའི་བསམ་ན་ང་འདི་ལས་ངན་རེད།
ངའི་བསམ་ན་ང་འདི་ལས་ངན་རེད། ང་ཡིད་བཞིན་ནོར་བུར་མཇལ་མ་ཐུབ།། མཇལ་བསམ་རུང་མཇལ་དབང་ང་མེད་གི་། འདི་བསམ་ན་ང་འདི་ལས་ངན་རེད།
ངའི་བསམ་ན་ང་འདི་ལས་ངན་རེད། ངས་གངས་སེང་དར་ཆ་ཕྱར་མ་ཐུབ། ཕྱར་བསམ་རུང་ཕྱར་དབང་ང་མེད་གི།། འདི་བསམ་ན་བུ་ང་ལས་ངན་རེད། ངའི་བསམ་ན་ང་འདི་ལས་ངན་རེད། ངའི་ལ་རྒྱའི་གླུ་དབྱངས་ལེན་མ་ཐུབ།། ལེན་བསམ་རུང་ལེན་དབང་ང་མེད་གི།། འདི་བསམ་ན་བུ་ང་ལས་ངན་རེད།།
༦ ཕེབས་ཤོག
རྗེ་བླ་མ་ཡིད་བཞིན་ནོར་བུ།། སྐུ་ས་མཐའི་མ་འདུག་ཕེབས་ཤོག
བོད་གངས་ཅན་དད་ལྡན་ཕོ་མོས།། ཁྱོད་གསེར་ཁྲིའི་འགྲམ་ནས་སྒུག་འདུག།
མགོན་པཎ་ཆེན་སྣང་བ་མཐའ་ཡས།། སྐུ་བཙོན་ནས་མ་འདུག་ཕེབས་ཤོག
བོད་གངས་ཅན་དད་ལྡན་ཕོ་མོས་།། ལག་ཐལ་མོ་སྦྱར་ནས་སྒུག་འདུག།
རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས།། སྐུ་སྐར་ཆེན་འདྲ་བོ་བྱོན་ཤོག།། བོད་གངས་ཅན་དད་ལྡན་ཕོ་མོ།། ལག་ཁ་བཏགས་བཟུང་ནས་སྒུག་འདུག།
ངོ་མ་བསད་བཏང་རུང་འགྱོད་པ་མེད་པའི་གཞས་ཤིག་ནི་བཏང་འདུག
དཔའ་ངར་མས་ངར་སྐད་བསྒྲགས་ཡོད་ཀི
འདི་བསམས་ན་རྣམ་ཤེས་འཐོར་ལ་ཁད༎
ཐོག་མའི་ཆར་ངས་གཞས་འདི་ཚོར་དཔྱད་གཏམ་ཞིག་འབྲི་དགོས་བསམས་ནས་གཞས་སྣ་ཁག་ཅིག་ཕྱོགས་བསྡུ་བྱས་པ་ཡིན་ཀྱང་དེ་ཚོར་དཔྱད་གཏམ་ཆ་ཚང་ཞིག་སྤེལ་ན་གནས་ཚུལ་མང་པོ་ཞིག་བཙལ་འཚོལ་བྱེད་དགོས་ཤིང་དུས་ཚོད་ཀྱང་མང་པོ་ཞིག་གཏོང་དགོས་པ་འདྲ་བས། ཚང་མས་མཉམ་རུབ་ཀྱིས་བོད་མིའི་སྤྱི་ཚོགས་དང་བོད་མིའི་བསམ་འདུན། རྒྱ་ནག་གི་གཏུམ་སྤྱོད་ལྡན་པའི་སྲིད་བྱུས། བོད་ལ་བཙན་འཛུལ་བྱས་པའི་ལོ་ཟླ། སྔོན་གཤེགས་དཔའ་བོ་ཚོར་བཅངས་པའི་བརྩེ་དུང་། དབང་མེད་མནར་གཅོད་ལས་བྱུང་བའི་ཞེ་འཁོན་སོགས་བོད་ནང་གི་གནས་ཚུལ་མང་པོ་ཞིག་ཇི་བཞིན་མཚོན་ཐུབ་པ་དང་། ལྷག་པར་དུ་ཆེ་ས་རྒན་རྒོན་ནས་ལོ་ཆུང་གཞོན་ནུ་ཚང་མའི་སེམས་ནང་ན་རྒྱལ་དབང་རིན་པོ་ཆེ་རྟག་ཏུ་དྲན་བཞིན་པ་དང་། ཕྱིར་ཡོང་རྒྱུར་རེ་སྒུག་བྱས་ཡོད་པའི་བདེན་པའི་གནས་ཚུལ་མཚོན་པའི་གཞས་འདི་དང་འདི་འདྲ་བ་ཚོར་བགྲོ་གླེང་མང་ཟིག་བྱས་ནས་གུང་གཞུང་ལ་བོད་མི་མང་གི་བསམ་འདུན་འདི་ཤེས་པར་བྱེད་གལ་ཆེ་བར་མཐོང་བས་དྲ་གྲོགས་ཚང་མའ་བགྲོ་གླེང་གི་ཆ་ཤས་བཞེས་པར་ཞུ།
བོད་ནང་གི་བོད་མི་ཚོས་བཏང་བའི་གཞས་རེ་རེའི་ནང་ནས་ང་ཚོས་ཁོང་ཚོའི་འདུན་པ་གསོན་པོ་རེ་མཐོང་ཐུབ་ཅིང་། ལྷག་པར་དུ་ཚོར་བ་ཟབ་ཅིང་ངར་ཤུགས་ལྡན་པ། གཞས་པ་ཚང་མའི་ཁ་ན་གཅིག་གྱུར་ཏུ་ཡོད་པ་ཞིག་ནི་༧རྒྱལ་བ་རིན་པོ་ཆེ་ཕྱིར་ཕེབས་རྒྱུ་དེ་རེད། གཞས་གཏོང་མཁན་ཕལ་ཆེ་བ་ཞིག་ཁ་ན་རྒྱལ་བ་རིན་པོ་ཆེ་མེད་པ་ཞིག་ཕལ་ཆེར་མེད་པའི་ཚོད་ལྟ་བུ་རེད། བཀྲ་ཤིས་དོན་འགྲུབ་ནི་དེ་ཚོའི་ནང་གི་དཔེ་མཚོན་གཅིག་ཡིན་པ་རེད།
བཀྲ་ཤིས་དོན་འགྲུབ་གཅིག་པོའི་གཞས་ལ་མཚོན་ནའང། འདིར་དྲངས་པའི་གཞས་དྲུག་ཡོད་པ་ལས་ལྔ་གི་ནང་རྒྱལ་བ་རིན་པོ་ཆེ་ཡོད་པ་རེད། ཁོའི་གཞས་གཞན་པ། གངས་སེང་ཕྱིར་ལ་ཕེབས་དང་། དུང་གི་མཆོད་པ་བཤམས་ཡོད། ཏི་སེའི་གཟི་བྱིན་རྒྱས་སོང་། ངས་མདང་དགོངས་རྨི་ལམ་ཐེངས་གསུམ་རྨིས། ནུབ་ཕྱོགས་འཕགས་ཡུལ་སོགས་གཞས་བཅུ་ལྷག་ཅིག་རྒྱལ་བ་རིན་པོ་ཆེ་དྲན་པ་དང་ཕྱིར་ཕེབས་ཀྱི་རེ་བ་དང་རྨི་ལམ་སོགས་རྒྱལ་བ་རིན་པོ་ཆེའི་སྐོར་རེད།
ངྷ་སར་ཡོད་པའི་གཞུང་སྒེར་ཅི་རིགས་ཀྱི་ཚོགས་པ་མང་པོ་ཞིག་ཡོད་པ་དེ་ཚོས་འདི་སྐོར་འགན་ཞིག་ཁྱེར་ནས་རྒྱལ་བ་རིན་པོ་ཆེའི་སྐོར་གྱི་གཞས་ཚང་མ་ཕྱོགས་སྒྲིག་ཅིག་བྱས་པ་ཡིན་ན་ཕལ་ཆེར་བརྒྱ་ཁ་འབུལ་གི་རེད་བསམ།
བོད་མི་མང་གི་བསམ་འདུན་གསོན་པོ་བདེན་དཔང་གསོན་པོ་འདི་ཚོར་རྒྱ་གཞུང་གིས་བདག་པོ་རྒྱག་པའི་རེ་བ་མེད་ནའང་ཁོ་ཚོའི་སྔོན་དུ་བཞག་ནས་བོད་མི་མང་གི་བསམཚུལ་འདི་འདྲ་ཞིག་རེད་ཟེར་ནས་ཤེས་སུ་འཇུག་རྒྱུ་དེ་གལ་ཆེན་པོ་རེད་འདོད།
དེ་མིན་རྒྱལ་སྤྱིའི་ཐོག་ཀྱང་རྒྱ་མིས་མ་བདེན་རྫུན་སྒྲིག་རྐྱང་རྐྱང་གིས་བོད་དོན་ལ་འཁྱོག་བརྗོད་སྤེལ་ནས་མི་ལ་ཡིད་ཆེས་སྐྱེ་འཇུག་པའི་སྐབས་འདིར་ང་ཚོས་ངེས་པར་དུ་བདེན་དཔང་གསོན་པོ་དེ་ཚོ་ཕྱོགས་སྒྲིག་གིས་ཁྱབ་སྤེལ་བྱ་རྒྱུ་དེ་གལ་འགངས་ཆེ་བར་སེམས། ད་རུང་མུ་མཐུད་འདིའི་སྐོར་གླེང་།
གཞིས་སྤུན་ཟླ་དཔའ་བོ་དཔའ་མོ་ཚོ། །
དགྲ་དམར་བོའི་མེ་འདའི་སོ་ཁ་ནས། །
ད་ཤུ་ཡང་ཕྱི་ནུར་མི་བྱེད་པའི། །
སེམས་དམ་བཅའ་མི་འགྱུར་ལྷུན་པོར་བཞིན། །
གཉིས་སྟོང་བརྒྱད་ལོར་ང་རང་ཕ་ཡུལ་ལ་སོང་བ་ཡིན། ངའི་སློབ་གྲོགས་མང་བོ་ཞིག་སློབ་ཆེན་དང་སློབ་འབྲིང་ཁག་གི་དགེ་རྒན་ཡིན། ཁོང་ཚོའི་སེམས་ཤུགས་དང་སྙིང་སྟོབས། ངོ་མས་ཧང་སངས་ཡ་རེད། འཁྲིས་ན་སྤྱི་བདེ་མི་སྣ་ག་ཚོད་ཡོད་ཀྱང་ཁ་ནས་རྒྱལ་བ་རིན་པོ་ཆེ་དང་། བོད་གཞུང་གི་གནས་ཚུལ་བཤད་ཞོར། རྒྱ་ནག་གི་སྲིད་ཇུས་ལ་སྐྱོན་རྒྱག་རྐྱང་གནང་གི་འདུག ངས་ཁོང་ཚོ་ལ་དེ་འདྲ་མ་བཤད་གཟབ་གཟབ་བྱེད་དགོས་ཚུལ་བཤད་ཀྱང་། ཁོང་ཚོས་ང་ལ་སྐྲག་ནས་ཡོང་ཡ་ཡོད་པ་མ་རེད། ཁོང་ཚོའི་མེ་མདའི་ཁ་ང་ཚོར་བསྟད་བསྟད་པོ་རེད། སྔ་ཕྱི་དྲོའི་ཁྱད་པ་ཙམ་མ་གཏོགས་ཤུ་ནི་རེད་ཟེར། བོད་ནང་གི་བོད་མིའི་སེམས་ཤུགས་འདྲ་བོ་ང་ཚོར་ཡོད་རྒྱུ་ན་གཞིས་བྱེས་ལྷན་འཛོམས་ཡོང་བའི་རེ་བ་འདུག
བསད་དང་རུང་འགྱོད་པ་ང་མེད་གི་གཞས་འདིར་འཁྱུག་ཙམ་སོམས་དང། གལ་སྲིད་བོད་དོན་དང་རྒྱ་གཞུང་ལ་ཆ་རྒྱུས་གང་ཡང་མེད་མཁན་ཞིག་གིས་གཞས་འདི་ཀློག་པ་ཡིན་ན་གཞས་འདིར་གོ་རྒྱུ་གང་ཡང་མེད་པའི་བྱིས་པའི་ལབ་བརྡོལ་ལྟ་བུ་ཞིག་ལས་མེད་པ་རེད།
བླ་མ་དྲན་པའི་སྡུག་བསྔལ་ཟེར་བ་ཙམ་ལ་ཡང་གོ་བ་ལོན་གི་མ་རེད། དྲན་པའི་སྡུག་བསྔལ་ཡོད་ན་ཐུག་གི་ཕྱིན་ན་འགྲིགས་གི་རེད་བསམ་གི་མ་རེད་དམ། དེ་ནས་བླ་མ་དྲན་པ། སྔོན་གཤེགས་དཔའ་བོའི་མཛད་རྗེས་གཞན་ལ་སྒྲོག་གི་ཡིན། བོད་དབང་མེད་རེད་ཟེར་ནས་གཞས་བཏང་ནས་མི་ཚེ་གཏོང་གི་ཡིན་ཟེར་ན། དེ་ནི་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ལ་མཚོན་ན་སྐད་ཆ་སྤྱིར་བཏང་སྤྱིར་བཏང་ཞིག་ཡིན་པ་དང་དེ་ལ་སྤྱི་ཚོགས་ནང་བཟང་ངན་གང་ཡིན་གླེང་དགོས་པ་ཞིག་རྩ་ནས་མིན་པ་དང་། དེ་བསད་མ་བསད་ཅིག་ལ་འབྲེལ་བསྡད་ཡོད་པ་དེ་ལས་ཀྱང་སེམས་ལ་འཁོར་ཐུབ་ཐབས་མེད་པ་ཅིག་རེད།
བོད་ནང་ལ་མཚོན་ན་གཏུམ་དྲག་ལྡན་ཞིང་གདུག་རྩུབ་ཆེ་བའི་སྲིད་བྱུས་ཤིག་གི་དངོས་ཡོད་གནས་ཚུལ་ཡིན་པ་རེད། དོན་དག་ཆུང་ཙག་རེ་ལ་གཅར་རྡུང་གིས་མི་བསད་པ་དེ་འདྲ་ང་ཚོ་མི་རེ་ངོ་རེ་ནས་བཤད་རྒྱུ་ཡོད་པ་དེ་འདྲ་རེད། ས་བྱི་ཞི་རྒོལ་ཆེན་པོ་གཅིག་པོའི་ནང་མི་ག་ཚོད་ཅིག་གི་སྲོག་ཤོར་བ་རེད། དྲ་གནས་ཁག་ནང་འཚོལ་ཆོག་ཆོག་ཡོད་པ་རེད།
དེ་ནས་མི་ལ་ལས་བུ་ང་བཟང་གི་ཟེར། མི་ལ་ལས་བུ་ང་ངན་གི་ཟེར་བའི་ཚིག་འདི་ཡང་བོད་རང་གི་སྤྱི་ཚོགས་གསལ་བྱེད་ཀྱི་ཚིག་དངོས་དོན་དང་མཐུན་པ་ཞིག་རེད་སྙམ། སྤྱིར་བཏང་གོང་དུ་བཤད་པ་ལྟར་གཞས་ཤིག་བཏང་བ་ཙམ་གྱིས་དེ་ལ་བཟང་ངན་གྱི་དབྱེ་བ་མང་པོ་ཕྱེ་དགོས་པ་ཞིག་མིན་མོད་བོད་ནང་ལ་མཚོན་ན་དེ་ལྟར་ཡིན་པ་རེད།
མི་མང་ཕལ་བ་ཞིག་གི་སྣང་ངོར་རང་དབང་། རྒྱལ་བ་རིན་པོ་ཆེ། སྔོན་གཤེགས་དཔའ་བོའི་མཛད་རྗེས་གླུ་རུ་ལེན་རྒྱུ་དེ་ཡིད་ངོར་འཆར་མི་ཐུབ་པ་ཞིག་དང་། ཤར་ཡང་བློ་སྤོབས་ཀྱིས་མི་འདང་བ་ཞིག་ཡིན་པས་དེ་འདྲའི་གཞས་གཏོང་མཁན་རེ་ཟུང་བྱུང་བ་ཡིན་ན་དེ་ཚོ་མི་རིགས་ཤིག་གི་དཔའ་བོ་ཆགས་པ་ཡིན་པས་བསྟོད་བསྔག་གཏོང་མཁན། ཡིད་སྨོན་བྱེད་མཁན། རྗེས་སུ་འཇུག་མཁན་མང་པོ་ཞིག་ཡོང་གི་ཡོད་པ་རེད།
དེ་དང་ཆབས་ཅིག རང་འདོད་ཀྱི་གཞས་ཤིག་བཏང་བའི་རྗེས་འབྲས་དེ་བཤད་དཀའ་བའི་ཉེན་ཁ་ཞིག་ལ་ཐུག་ཡོད་པ་རེད། རང་ཉིད་དང་ཁྱིམ་ཚང་། གྲོགས་པོ། སྡེ་བ་ཚུན་ཆད་ཆག་འཇིག་ཅིག་གི་སྒོ་རྩར་དེད་ཡོང་གི་ཡོད་པས་དེ་ལྟར་བྱེད་པར་དགག་ཆ། བསླབ་བྱ། གཤེ་གཤེ་གཏོང་མཁན་ཡང་ངེས་པར་དུ་ཡོད་ཆོག་པ་ཞིག་རེད། ལྷག་པར་དུ་རྒན་པ་མང་པོ་ཞིག་དམར་གསོད། བཙོན་འཇུག གཅར་རྡུང་། འཐབ་རྩོད་སོགས་ཡ་ང་བའི་དུས་ཚོད་གཉན་འཕྲང་ཅན་ཞིག་བརྒྱུད་ཡོང་བ་རེད། ཁོ་ཚོའི་སེམས་ནང་དུས་ཚོད་སྡུག་པོ་དེ་མ་གཏོགས་གཞན་གང་ཡང་མེད་པ་རེད། སྔོན་མ་ལ་བལྟས་ན་ད་ལྟ་དུས་ཚོད་ཡག་པོ་རེད་བསམས་པ་དང་ཆབས་ཅིག གཞོན་སྐྱེས་ཚོ་འདུག་མ་ཐུབ་ན་ཡང་སྐྱར་ལྔ་བཅུ་ང་གྲངས་ནང་གི་དམར་གསོད་དང་རིག་གནས་གསར་བརྗེ་ཞིག་ཡོང་བར་སེམས་ཁྲལ་ལངས་ཀྱི་ཡོད་པ་དེ་བོད་ནང་འཚར་བ་ཞིག་ཡིན་ཕྱིན་སུ་ལའང་གསལ་ཆ་ཡོད་པ་ལྟར་རེད། དེ་མིན་ད་རུང་གུང་གཞུང་ལ་ཁ་ཞེ་གཉིས་མིན་འཛིན་མཁན་གྱི་སྔོན་ཐོན་པ་དེ་འདྲའང་མངོན་གསལ་དོད་པོ་ཡིན་མིན་ལ་མ་ལྟོས་པར་ཡོད་ཡོད་པ་རེད།
ད་མདོར་དེད་ན། མི་མང་པོ་ཞིག་གི་སེམས་ནང་མི་རིགས་ཀྱི་ཐོབ་ཐང་དང་རང་དབང་དང་འབྲེལ་བ་ཞིག་ཡིན་ཕྱིན་དོན་དག་ཆུང་ཆུང་རེ་ཡིན་ནའང་བསད་མ་བསད་ལ་འབྲེལ་བསྡད་ཡོད་པ་རེད། དངོས་སུའང་དེ་འདྲ་རེད། དེའི་དཔེ་མཚོན་འཇོག་རྒྱུ་ཉུང་ཉུང་མ་རེད།
མི་གསོད་མཁན་ཞིག་ཡིན་ན་འབྲེལ་ལམ་བརྒྱུད་པ་དང་ལྐོག་རྔན་སྤྲད་ནས་ཐར་ཐབས་ཡོད་པ་རེད། མི་རིགས་ཀྱི་ཐོབ་ཐང་རྩོད་མཁན་ཚོར་དེ་འདྲའི་བརྒྱུད་ལམ་གང་ཡང་མེད་པ་རེད། ཐ་ན་ཁྲིམས་རྩོད་པའང་གླ་ཆོག་གི་མེད་པ་ལྟར་རེད།
མདའ་ཚན་པ་ལགས།
གཞས་འདི་བཏང་དོན་དེ་ནི་བོད་དོན་དང་རྒྱ་གཞུང་ལ་ཆ་རྒྱུས་གང་ཡང་མེད་མཁན་ཚོས་ཤེས་ཆེད་མ་རེད།
རྒྱ་ནག་གི་གདུག་རྩུབ་འོག་ནས་གཞས་པ་ཁོང་གི་སེམས་ཀྱི་ན་ཚ་མ་བཟོད་པས་གླུ་འདི་བཏང་ནི་རེད།
ད་རུང་གཞས་འདིས་བོད་ནང་གི་ན་གཞོན་ཚོའི་སེམས་ཤུགས་དང་སྙིང་སྟོབས་ག་འདྲ་ཡོད་མེད་བསྟན་ཡོད་ཀིན་འདོད། རང་ཉིད་རྒྱ་ནག་གི་དབང་འོག་ཏུ་ཡོད་ན་གཞས་འདི་འདྲར་བཏང་ཕོག་ས་རེད་དམ།
དེ་ག་རང་རེད། གཞས་སྤྱིར་བཏང་བ་ཞིག་ལ་མཚོན་ནའང་རྒྱནག་ནང་ཤི་གསོན་ལ་ཐུག་པའི་དོན་དག་ཅིག་ཡིན་པ་རེད། ཁྱེད་རང་གི་ལན་དེ་ངའི་གོང་ཚིག་འདིས་ཐེབས་གི་ཡོད་པ་འདྲ།
་་མི་མང་ཕལ་བ་ཞིག་གི་སྣང་ངོར་རང་དབང་། རྒྱལ་བ་རིན་པོ་ཆེ། སྔོན་གཤེགས་དཔའ་བོའི་མཛད་རྗེས་གླུ་རུ་ལེན་རྒྱུ་དེ་ཡིད་ངོར་འཆར་མི་ཐུབ་པ་ཞིག་དང་། ཤར་ཡང་བློ་སྤོབས་ཀྱིས་མི་འདང་བ་ཞིག་ཡིན་པས་་་
མདའ་ཚན་པས་གླུ་བ་བཀྲིས་དོན་འགྲུབ་མཆོག་གི་གཞས་ཚིག་ཁག་དྲ་གྲོགས་ཚོའི་སྤྱན་ལམ་དུ་དྲངས་པར་ཐུགས་རྗེ་ཆེ། གླུ་བ་ཁོང་གི་མི་རིགས་ལ་བཅངས་པའི་བརྩེ་བ་དང་ལར་ཞེན་གཞས་ཚིག་འདི་དག་གིས་མངོན་པར་བསྟན་སོང་། གླུ་གཞས་འདི་དག་གིས་བོད་གཞིས་བྱེས་གཉིས་ཀྱི་སེམས་ཁོང་ངོ་མ་བརྗོད་འདུག་ལ། ཇི་སྲིད་བོད་རང་དབང་མ་ཐོབ་བར་དེ་སྲིད་གླུ་གཞས་འདི་ཚོ་ཐོས་འཛིན་ཡུལ་ནས་ཆད་པ་མེད་པར་ཤོག
རྒན་རབས་པ་མདའ་ཚན་པ་ལགས།
སྐུ་ཉིད་ནས་གཞས་ཚིག་འདི་དག་ལ་ཕྲན་དཔྱད་འབྲི་མ་ཐུབ་པ་བློ་ཕམ་ཤིན་ཏུ་ཆེ། སྤྱིའི་ཆ་ནས་བཤད་ན། དཔའ་ངར་ལྡན་པའི་གླུ་བ་ཁོང་གིས་རྒྱ་ནག་གི་སྲིད་ཇུས་ཀྱི་ལྕགས་དམར་ཁྲོད་ནས་གླུ་འདི་འདྲ་ཞིག་གཏོང་ཐུབ་ན། ཁྱོད་ཀྱིས་རང་གི་ཆུ་ཚོད་ཅུང་ཟད་འདི་ཉིད་ཀྱི་སྒང་ལ་བཏང་ན་འོས་འཚམས་རེད། ཡིན་ནའང༌། སྐུ་ཉིད་ལ་ཆུ་ཚོད་མེད་ཟེར་ན་དེ་ནི་དེ་ག་རང་རེད་ཟེར་འདོད་བྱུང༌། གོང་གི་གནད་དོན་འདི་ནི་བོད་ནང་དང་བོད་ཕྱིའི་བོད་མིས་རང་གི་མི་རིགས་ལ་བཅངས་པའི་བརྩེ་དུང་གི་མཚོན་རྟགས་ཀྱང་རེད། བོད་ནང་གི་བོད་མི་ཚོས་རང་གི་གཅེས་པའི་སྲོག་ལ་མ་འཛེམ་པར་བོད་མི་རིགས་ཀྱི་ཆེད་དུ་སྐད་བརྒྱབ། ལས་ཀ་བྱས། ང་ཚོ་བྱེས་པ་ཚོས་རང་གི་ཆུ་ཚོད་གཅིག་པུ་དམ་འཛིན་གྱིས་གལ་ཆེན་དོན་ཆུང་དུ་བཞག དོན་ཆུང་ཡ་མེད་དུ་གཡུག ཨཨཨ་ ད་མི་བཤད། ང་ཚོ་མཚང་ཆེ་གི།
བུ་ངར་བ་རེད།
གཞས་ཚིག་བདེན་པ་རེད། ཁྲིམས་གཅོད་པའི་ཐག་གཅོད་དྲང་པོ་མ་རེད།
མིག་ཆུ་འཐོར་སོང་། ཆོས་དང་ཆབ་སྲིད་མི་ཤེས་པའི་རྒན་བུ་བདག་ལྟ་བུ་ལ་མཚོན་ན། བདེ་བ་དང་ལྡན་པར་གྱུར་ཅིག་ཞེར་ནས་སྨོན་མམ་ཙམ་བྱེད་པ་ལས་ཐབས་ཟད། རྣམ་དཔྱོད་དང་སྙིང་སྟོབས་ཡོད་པའི་གཞོན་ནུ་དར་མ་དེ་ཚོ་བཙན་པོའི་རྡོ་རིང་ངོས་སུ་སླར་ཡང་ཐིམ་ལ་ཉེ།
དགྲ་སྟ་ལགས།
གཞས་འདིའི་སྐོར་ངས་མུ་མཐུད་དུ་བགྲོ་གླེང་གི་ཆ་ཤས་ལེན་གི་ཡིན། ཁ་སང་ཡང་ཅུང་ཟད་བྲིས་ཡོད། ཁྱེད་རང་གིས་ཀྱང་རང་ལག་གི་དགྲ་སྟ་དེ་ཅུང་ཟད་བརྡར་ནས་གོང་གསལ་གཞས་ཚིག་དེ་ཚོ་ལྷུ་ལྷུ་བྱས་ཕྲལ་དེ་ཀུན་གྱི་མདུན་ལ་བཀྲམ་པར་བརྩོན་པ་མི་བྱེད་པ་ཅི་ཡིན་ནམ། འདི་རུ་ང་གཅིག་པོ་མ་རེད་མི་མང་པོ་ཡོད་པ་རེད། དེ་ནས་ཁྱེད་ཀྱི་དྲི་ཚིག་འདི་ཚོ་ངས་སླར་ཁྱེད་རང་ལ་འབུལ་གི་ཡིན།
་་དཔའ་ངར་ལྡན་པའི་གླུ་བ་ཁོང་གིས་རྒྱ་ནག་གི་སྲིད་ཇུས་ཀྱི་ལྕགས་དམར་ཁྲོད་ནས་གླུ་འདི་འདྲ་ཞིག་གཏོང་ཐུབ་ན། ཁྱོད་ཀྱིས་རང་གི་ཆུ་ཚོད་ཅུང་ཟད་འདི་ཉིད་ཀྱི་སྒང་ལ་བཏང་ན་འོས་འཚམས་རེད། ཡིན་ནའང༌། སྐུ་ཉིད་ལ་ཆུ་ཚོད་མེད་ཟེར་ན་དེ་ནི་དེ་ག་རང་རེད་ཟེར་འདོད་བྱུང༌། གོང་གི་གནད་དོན་འདི་ནི་བོད་ནང་དང་བོད་ཕྱིའི་བོད་མིས་རང་གི་མི་རིགས་ལ་བཅངས་པའི་བརྩེ་དུང་གི་མཚོན་རྟགས་ཀྱང་རེད། བོད་ནང་གི་བོད་མི་ཚོས་རང་གི་གཅེས་པའི་སྲོག་ལ་མ་འཛེམ་པར་བོད་མི་རིགས་ཀྱི་ཆེད་དུ་སྐད་བརྒྱབ། ལས་ཀ་བྱས། ང་ཚོ་བྱེས་པ་ཚོས་རང་གི་ཆུ་ཚོད་གཅིག་པུ་དམ་འཛིན་གྱིས་གལ་ཆེན་དོན་ཆུང་དུ་བཞག དོན་ཆུང་ཡ་མེད་དུ་གཡུག ཨཨཨ་ ་་
http://www.youtube.com/watch?v=3H0A3DEWNKY&feature=related
རྨ་ཁ་མེད་པའི་གཅར་བརྡུང་འདི་ན་ཉན་རྒྱུ་ཡོད། སྤུན་ཟླ་ཚོ་འབྲེལ་ཐག་འདི་ནས་གླུ་བ་བཀྲ་ཤིས་དོན་འགྲུབ་ལ་གདུང་སེམས་མཉམ་བསྐྱེད་བྱོས། ཁོང་དེང་སང་རྒྱའི་བཙོན་འོག་དུ་ཡོད་པ་རེད།
དཔའ་ངར་མས་ངར་སྐད་བསྒྲགས་ཡོད་ཀི
དཔའ་ངར་མས་ངར་སྐད་བསྒྲགས་ཡོད་ཀི
རྣམ་དཔྱོད་དང་སྙིང་སྟོབས་ཡོད་པའི་གཞོན་ནུ་དར་མ་དེ་ཚོ་བཙན་པོའི་རྡོ་རིང་ངོས་སུ་སླར་ཡང་ཐིམ་ལ་ཉེ།
ཨ་མདོའི་གླུ་བ་ཤེར་བསྟན་བརྡུང་འདུག་ཟེར། ཉེ་ཆར་ཁོང་གིས་ཁམ་ཀ་ཐོག་དགོན་པའི་བསྟོད་གླུ་ཞིག་གི་ནང་བོན་པོ་ལ་སྡུག་ཅག་ཅིག་བཏང་བས་ལྷ་སའི་ནང་མ་ཞིག་གི་ནང་ནས་ཕོ་སར་ཁ་ཤས་ཀྱིས་བརྡུང་འདུག་ཟེར་སྐད་འདུག
གླུ་བ་བཀྲ་ཤིས་དོན་གྲུབ་ལགས་ཀྱི་གཟུགས་མཐོང་བརྙན་འཕྲིན་གྱི་གཞས་སྣ་དག་མཐོང་དུས་ལུས་པོ་ཡོངས་རྫོགས་ཚ་ལམ་ལམ་དུ་འགྱུར་བྱུང་། ཏག་ཏག་དེའི་རྗེས་སུ་གླུ་བ་ཁོང་དགྱ་ནག་འཇག་པའི་གདོང་དུ་ཚུད་སྐད་འདུག ང་ཚོ་བོད་པ་ཚང་དུས་ཚོད་ཇི་ཙམ་རིང་དེ་ལྟར་འདུག་དགོས་པ་རེད་དམ། ཉེ་བའི་སྐུ་ཚབ་ཚོགས་པས་དོན་ཕན་མ་བྱུང་ཟེར་བ་སོགས་ལ་བསམ་ཚེ་སྐྱི་གཡའ་དགོས་པ་ཞིག་འདུག
ང་རང་མཚོན་ན་ཀླུ་བ་བཀྲ་ཤིས་དོན་གྲུབ་ཀྱིས་བཏང་གནང་བའི་བའི་གཞས་བསད་བཏང་རུང་འགྱོད་པ་མེད་ཀི་ཞེས་པ་དེ་རྣ་བའི་བུ་གར་ཉན་རྒྱུ་མ་བྱུང་ཡང་གཞས་ཚིག་མཐོང་བ་ཙམ་གྱི་སྤོབས་པ་དང༌། ལ་རྒྱ་ཅན་ཞིག་ཡིན་པ་རྟོགས་ཐུབ། མ་ཟད་ང་རང་གཞས་ཚིག་དེ་བཀླགས་པ་ཙམ་གྱི་སྙིང་ལ་ཚ་སོབ་སོབ་ཀྱི་ཚོར་བ་ཞིག་ཀྱང་བྱུང༌། དེའི་ཕྱིར་ཁྱེད་ལ་དམར་པོ་རྒྱ་ཡི་བརྙས་བཅོས་བརྒྱ་སྟོང་བྱེད་རུང༌། ང་དང་ངའི་གྲོགས་པོ་རྣམས་ཀྱིས་ཁྱེད་ལ་ཡང་དང་སྐྱར་དུ་དགའ་བསུ་དང་ལྷན་དུ་ཁྱེད་ལ་ཅི་ཞིག་དགོས་པ་རྣམས་ང་ཚོའི་སྒྲུབ་ཆོག ཁྱེད་བདེ་མོ་བྱོས། བཀྲ་ཤིས་བདེ་ལེགས།
great song. love it..
༄༅། །གང་ལྗོངས་ཕན་བདེའི་འབྱུང་གནས་དམ་པའི་དགེ་མཚན་དཔྱིད་ཀྱི་དཔལ་ཡོན་གསར་དུ་འཆར་པའི་སྨོན་ཚིག་གཉིས་སྐྱེས་གཞོན་ནུའི་
མགྲིན་གླུ་ཞེས་བྱ་བ་བཞུགས་སོ། ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡེ། །
།བསླུ་མེད་དཀོན་མཆོག་རིན་ཆེན་རྣམ་པ་གསུམ། །རབ་འབྱམས་རྩ་གསུམ་ཞི་ཁྲོ་ཌཱ་ཀིའི་སྡེ། །དམ་ཅན་ཆོས་བསྲུང་བདེན་པར་གྲུབ་པ་རྣམས། །མ་ལུས་བདག་ལ་གསན་ཅིང་དགོངས་སུ་གསོལ། །དུས་གསུམ་བདེ་གཤེགས་རྒྱལ་དང་དེ་སྲས་ཚོགས། །ཐེག་མཆོག་ས་དང་ལམ་ལ་རབ་ཞུགས་པའི། །རིག་འཛིན་གྲུབ་པ་རྒྱ་མཚོའི་ཐུགས་བསྐྱེད་དང་། །སྨོན་ལམ་ཇི་བཞིན་དེང་འདིར་འགྲུབ་བྱིན་རློབས། །ཁྱད་པར་གངས་ཅན་ལྷ་གཅིག་སྤྱན་རས་གཟིགས། །རྗེ་བཙུན་སྒྲོལ་མ་སློབ་དཔོན་ཐོད་ཕྲེང་རྩལ། །སྙིགས་མའི་འགྲོ་བ་སྐྱོབ་པར་ཞལ་བཞེས་བཞིན། །གསོལ་བ་འདེབས་སོ་ཐུགས་དམ་མ་གཡེལ་ཅིག །ད་དུས་བོད་ཡུལ་བསྟན་པའི་མར་གཤམ་འདིར། །སྣོད་བཅུད་རྟེན་འབྲེལ་ལོག་པའི་རྐྱེན་གྱུར་པས། །རྒྱ་འདྲེ་འགོང་པོས་བོད་ཁམས་ཕུང་ལགས་ན། །ཐུགས་རྗེས་མྱུར་བ་ཉིད་དུ་སྐྱོབ་པར་མཛོད། །རྒྱལ་བསྟན་ཉིན་བྱེད་རི་དབང་ཕག་ཏུ་གཞོལ། །ནད་མཚོན་མུ་གེའི་བསྐལ་པའི་དུཿ་ཁས་གཟིར། །ངན་འགྲོའི་གནས་ལྟར་སྡུག་བསྔལ་ཉམ་ཐག་འདིར། །བརྩེ་ཆེན་ཐུགས་བསྐྱེད་ཡལ་བར་བཏང་སྲིད་དམ། །མ་གཡེལ་སྙིགས་མའི་འགྲོ་བ་མགོན་མེད་རྣམས། །མྱུར་མགྱོགས་ཐུགས་རྗེའི་ཕྱག་གིས་ཉེར་བཟུང་ནས། །བསྐལ་ངན་རྒུད་པའི་འཇིགས་ལས་རབ་བསྐྱབས་ཏེ། །བདེ་དགའ་ཕུན་སུམ་ཚོགས་པར་དབུགས་འབྱིན་གསོལ། །རྒྱལ་རྣམས་མཐུ་སྟོབས་སྐུ་ཤུགས་ཉེར་ཕྱུངས་ནས། །ཀླ་ཀློའི་དཔུང་ཚོགས་མིང་གི་མཐར་བྱས་ཏེ། །འཇིག་རྟེན་ཁམས་སུ་སྡུག་བསྔལ་སྒྲ་མི་གྲགས། །རྫོགས་ལྡན་དང་པོའི་དུས་ལྟར་མཛད་དུ་གསོལ། །ལྷག་པར་གངས་རིའི་ལྗོངས་ཀྱི་དབུས་འགྱུར་གནས། །གྲུ་འཛིན་གཉིས་པའི་ཆོས་སྲིད་གདོང་ལྔའི་ཁྲིར། །རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོ་ཉིད། །གེགས་མེད་ཞབས་ཟུང་གསེར་འཁོར་འགོད་མཛད་གསོལ། །གང་སྐུ་རྡོ་རྗེའི་ཆོས་བདུན་ཁམས་སུ་བརླིངས། །དབུ་རྨོག་ལྷུན་པོའི་སྤོ་ལྟར་རབ་མཐོ་ཞིང་། །མཛད་ཕྲིན་དབྱར་གྱི་ཆུ་གཏེར་ལ་འགྲན་པས། །བསྟན་འགྲོའི་དཔལ་དུ་བསྐལ་བརྒྱར་འཚོ་བཞེས་གསོལ། །རིས་མེད་རྒྱལ་བའི་བསྟན་དང་བསྟན་འཛིན་གྱིས། །འཛིན་མའི་ཁྱོན་ཀུན་ཕྱུར་བུར་འགེངས་པ་དང། །ཀུན་ཀྱང་ཐུགས་མཐུན་ཁྲིམས་གཙང་ཉམས་རྟོགས་འཕེལ། །འཕགས་པའི་ཡུལ་ལྟར་དར་ཞིང་རྒྱས་པར་ཤོག །ཆོས་ཀྱི་རྒྱལ་པོས་དགེ་བཅུའི་ཁྲིམས་སྐྱོང་ཞིང་། །བློ་གྲོས་ཐབས་ལྡན་བློ་ཀུན་དཔལ་མཛངས་དེས། །།འབངས་རྣམས་བསྟན་ལ་རབ་གུས་བདེ་སྐྱིད་ལྡན། །ཐམས་ཅད་བྱང་ཆུབ་སེམས་ཀྱིས་རྒྱུད་གྲོལ་ཤོག །ཡངས་པའི་ཁྱོན་འདིར་མི་མཐུན་རྒུད་པ་སོགས། །ཉེར་འཚེ་ཀུན་ཞི་ལོ་ལེགས་འབྲུ་འཕེལ་ཞིང་། །དམ་པའི་ཆོས་ཀྱིས་འཚོ་བའི་དཔལ་ཡོན་ལྡན། །སྤྱི་བོ་སྐྱེས་ཀྱི་དུས་ལྟར་འཕེལ་རྒྱས་ཤོག །དེ་ལྟར་དད་དང་མོས་དགེ་ཕུན་ཚོགས་དང་། །ལྷག་བསམ་རྣམ་པར་དག་པས་གསོལ་བཏབ་མཐུས། །ཇི་སྐད་སྨོན་པའི་དོན་འབྲས་མྱུར་འགྲུབ་ནས། བཀྲ་ཤིས་སྲིད་ཞིའི་རྒྱན་དུ་འབར་གྱུར་ཅིག ཅེས་པ་འདིའང་། སྔགས་རིག་འཆང་པ་༸པདྨ་དབང་ཆེན་རྩལ་གྱིས་སྦྱར་བས་རྒྱལ་བསྟན་འཁོར་ལོ་གཉིས་ཀྱི་རིང་ལུགས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ནམ་ཡང་ནུབ་པ་མེད་པའི་རྟེན་འབྲེལ་མཆོག་ཏུ་གྱུར་ཅིག །