མདའ་ཚན་བླ་མ་སྐྱབས།
དྲི་ཟའི་ལྷ་ཚོགས་ཀྱི་ཕོ་མི་རྒྱགས་ལ་ཁོང་ཁྲོ་སློངས་བྱེད་ཀྱི་ཟས་མཆོད། ལྟེ་ཁྲག་འཕོས་བ་ནས་བསང་མཆོད་དང་གསུར་མཆོད་ཀྱི་ཁྱད་པར་ལས་བཙུར་ཡོང་བའི་དབྱེ་འབྱེད། ཕྱོགས་ལྷུངས། དམའ་འབེབས་ཀྱི་ཀློང་དུ་གཡུག་པའི་བུ་མོ་ང་། བྲིན་ཆེ་ལ་བཀོད་ཆེ་བའི་ལོ་རྒྱུས་ཅན་གྱི་ཚོང་ཟོག ཚེ་སྲོག་དང་འཚོ་ཐབས་ཀུན། ཁྲག་འཛར་གྱིན་པའི་མཆུ་སྒྲོས་ཀྱི་ཚོགས་ཏེ་ཁྱོད་ཚོའི་གཟན་དུ་གྱུར་ཡོད། ང་། ཇ་མ་ཁོལ་ན་ཁྲག་ཁྲལ་འཕོག་པའི་ཁྱིམ་གཡོག་མ།
མའི་རིན་ཐང་འཕྲོག་པས་ཁྱོད་ཚོའི་བཤད་ཚད་ལ་ཡ་ལན་སྤྲོད་དགོས། ཁ་ཡོད་ཀྱང་བཤད་དབང་མེད། བརྗོད་བྱ། རྗོད་བྱེད། ཐ་སྙད་ཀྱིས་བཞེངས་བའི་འཇིག་རྟེན་ཁྱོད་ཚོས་བསྐྲུན། དེའི་ནང་དུ་སྤྱུགས་པའི་བཙོན་མ་ང་། ཁྱོད་ཚོའི་ཐ་སྙད་ཀྱིས་གཅུན་གྱིན་གཅུན་གྱིན་པའི། ལྕང་ལོས་གཡོག་པའི་ཐོད་ལྐོགས་དང་མནོ་བསམ།
ཁྱོད་ཚོའི་འཇིགས་སྣང་། སྟོང་བསམ། རྨི་ལམ་དང་འདོད་ཆགས་ཁྲོད་ཀྱི་གནམ་རྒན་མ། སྒྲོལ་མ། དབྱངས་ཅན་མ། ནུ་རྒྱས་སྐེད་མེད་མ།
ཐོག་མ་ནས་བྱ་བའི་ཡུལ་དང་བྱ་ཐབས་ལ་བསྒྱུར་ཟིན་པས། བྱེད་མཁན། རྩོམ་མཁན། སྐྲུན་མཁན་གྱི་ཐོང་ཐང་ཤོར་བའི་ལས་མེད་མ། ཐོས་བསམ་སྒོམ་དང་། འཆད་རྩོད་རྩོམ་གྱི་ཤ་སྐལ་ཆད་པའི་འབྲོག་རྒན་མ།
སྒོམ་གྱི་བདེ་བ་དང་། ཐར་ལམ་གྱི་བར་ཆད་ཆེན་མོ་སྟེ་བདུད་མོ། དེ་མིན་ན། ཐར་བ་ཐོབ་བྱེད་ཀྱི་ལག་ཆ་ཁོ་ན་སྟེ་རྒྱལ་ཡུམ། མཁའ་འགྲོ་མ། རིག་མ། ཡི་དམ་མ།
ཡིད་ཆེས་དང་དུང་སེམས་རྐང་རྫིས་བྱེད་ཀྱིན་པའི་ཕོ་རྒོད་ཁྱོད་ཚོ། ཆགས་སྲིད་ཀྱི་བྲན་དུ་གྱུར་ལ་ཆེ་རློམས་དང་། རང་འདོད་ཀྱིས་འགྲངས་པའི་སྟག་ཤར་ཁྱོད་ཚོ། མ་གྱུར་སེམས་ཅན་ཐམས་ཅད་ཁ་ཏོན་བྱེད་ཀྱང་མ་ལ་བརྩི་མཐོང་མེད་པའི་ཚུལ་འཆོས་ཁྱོད་ཚོ། བསམ་བློ་དང་གནས་ལུགས་གསར་རྙིང་བརྗོད་མཁན་ནམ། ལོ་རྒྱུས་དང་སྤྱི་ཚོགས་ལ་འགྲེལ་གསར་རྒྱགས་མཁན་གྱི་གཏེར་སྟོན་མ་ང་། ད་ལྟ་ད་དུང་། ཁྱོད་ཚོས་བརྗོད་མི་ཐུབ་ལ་དོན་མི་གོ་པའི་ངག་གི་འཆིང་རྒྱ་གྲོལ་པའི་གླུ་མ་ཞིག ཚོར་བ། ཉམས་མྱོང་། བསམ་བློ་དང་ཕུགས་འདུན་ཐ་དད་འདི་དག་བརྗོད་བྱེད་དམ་ལག་བསྟར་བྱེད་ཆེད་ཐ་སྙད། སྡེབ་སྦྱོར། རྟགས་འཇུག་སོགས་ཐབས་གསར་འཚོལ་གྱིན་པའི་མཛངས་མ། ཉམས་ལེན་མ། ཀླད་རྒྱ་གཏོར་བའི་འགན་འཁྲི་ཅན་ཏེ་གངས་ཅན་མ།
གླུ་མ་རྨས་མས་དམ་ཆོས་ལ་གཅིག་འགྲུས་ཅིག་འདོད་ན།
ཚོང་བྲིན་ཆེ་བའི་མཆུ་སྒྲོས་ལ་འབྲེལ་རིན་ཅིག་ཡོད་ན།
རྗོད་བྱེད་ཐ་སྙད་བློ་འགུག་ལ་འདམས་ངག་ཅིག་ཡོད་ན།
ཐོས་བསམ་སྒོམ་འཆད་ཉམས་ལེན་ལ་རྣལ་མ་ཅིག་ཡོད་ན། །
མཁའ་འགྲོ་རིག་མ་ནུས་རྒྱས་ལ་སྐད་མེད་ཅིག་ཡིན་ན། །
འོག་གི་གླུ་འདི་ལ་ཅིག་ཉོན་དང་།
http://www.tudou.com/programs/view/iHjwQyb6xFI/
ནོར་བཅོས། བཀོད་དེ་བཀོལ་ལ་བཅོས།
ཐོང་ཐང་དེ་ཐོབ་ཐང་ལ་བཅོས། མ་གྱུར་མར་གྱུར་ལ་བཅོས། བརྗོད་བྱེད་རྗོད་བྱེད་ལ་བཅོས།
ངེད་ཚང་གི་ཞབས་འདྲེན་འདིས་སྙན་ངག་གོ་རྒྱུ་ཅན་ཞིག་བྲིས་འདུག་ཀྱང་། ཞབས་འདྲེན་མོ་དགའ་མ་འདིས་བུ་མོ་ཚོའི་ཚབ་བྱས་ནས་སྟག་ཤར་ཚོར་འཁང་ར་བྱེད་གི་མི་འདུག་གམ།
ད་རྗེས་མ་ཕ་ཡུལ་ལ་འགྲོ་སྲོལ་ཡོད་མ་རེད།
དམྱལ་བ་འདིས་གངས་ཅན་མ་ཚོའི་རྩིབ་མ་གཅོག་པ་ཡིན་ནམ། མེ་ལོང་མའི་ཚིག་གཅིག་གཡར་ནས་བཤད་ན། ཁོ་བོ་འཕྱང་མོ་ཉུག ད་དུང་ཞིབ་གློག་ཅིག་བྱེད་དགོས་གདའ།
མདའ་ཚན་བླ་མ་སྐྱབས་ལགས་ཁ་བརྡ་ཚང་ལ་བྱོན་པ་ལེགས།
ཁམ་ཟམ་དང་བ་གླང་རབ་བརྒལ་ན་བཞུགས་པའི་ལྷ་རམས་པ་སྐྱ་བོ་དག་ལ་ཞུ་སྐུལ་བྱེད་རྒྱུ་ཞིག་ལ། ཁྱེད་རྣམ་པས་དབྱིན་དེབ་མཐུག་པོ་རེ་འདོན་རྒྱུ་ཡིན་པ་ཐེ་ཚོམ་བྲལ་ནའང་། མཁས་དབང་ནམ་ནོར་རིན་པོ་ཆེ་དང་། གངས་དཀར་ཚུལ་ཁྲིམས་ཚང་སོགས་ལ་ཁ་མིག་ཡར་བལྟ་བྱས་ཏེ། ངེད་བོད་ཡིག་མ་གཏོགས་དབྱིན་ཡིག་ཀློག་མི་ཤེས་མཁན་རྣམས་ཀྱང་སྙིང་རྗེའི་ལྕགས་ཀྱུས་འདོར་མི་འཚལ་ཞེས་སྐུལ་ལོ།